༄༅། །མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེས་མཛད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་ཉུང་ངུ་བཞུགས་སོ། །

 ༄༅། །མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེས་མཛད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་ཉུང་ངུ་བཞུགས་སོ། །


སྐྱེ་མེད་འཕགས་མའི་མཁའ་ལ་བལྟམས་པ་དང་།།
ལྷན་ཅིག་སྒྱུ་མའི་རྣམ་ཐར་རྒྱ་མཚོའི་མཛོད།།
རྡུལ་སྙེད་གྲངས་དང་མཉམ་པའི་སྐུ་མངའ་བ།།
སྲས་བཅས་རྒྱལ་བའི་ཚོགས་ལ་གདུང་བས་འབོད།།

གང་གི་མཚན་ཙམ་ཐོས་པ་དེ་དག་ལ།།
འཆི་མེད་སྲོག་གི་དགའ་སྟོན་སྟེར་མཛད་ཅིང་།།
རྒུད་མཚན་དབྱིངས་སུ་བསལ་བའི་ཆོས་ཉིད་མཐུ།།
རིག་འཛིན་ཚེ་ལྷ་རྒྱ་མཚོས་ད་དགོངས་ཤིག།

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས།།
བླ་མེད་བདེ་བའི་ས་ལ་མ་རེག་པར།།
འགྲྲོ་དོན་གཅིག་པུར་གཞོལ་བའི་སྙིང་སྟོབས་ཅན།།
མགོན་པོ་བསྟན་འཛིན་རྒྱ་མཚོས་ཚེ་རབས་སྐྱོངས།།

རྡུལ་མེད་ཉེར་ཞིའི་དབྱིངས་ལས་མ་གཡོས་པར།།
སྲིད་གསུམ་སྒྱུ་མར་གཟིགས་པའི་ཡེ་ཤེས་དང་།།
འགྲྲོ་དྲུག་ཕ་མར་ཤར་བའི་ཐུགས་རྗེའི་མཐུས།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

རྒྱལ་དང་སྲས་བཅས་རྒྱ་མཚོའི་ཐུགས་བསྐྱེད་དང་།།
བསླུ་མེད་བདེན་པའི་བྱིན་རླབས་པདྨ་དཀར།།
གངས་རིའི་ཅོད་པན་དཔལ་དུ་ལེགས་འཁྲུངས་པའི།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

ཆགས་སྡང་གདུག་སྤྱོད་མུན་ནག་གཏིབས་དུས་འདིར།།
ཡང་དག་ཞི་བསིལ་མཛད་པའི་ཟླ་ཟེར་གིས།།
སྐྱེ་རྒུའི་རེ་བའི་ཀུ་མུད་འཛུམ་མཛད་པའི།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

འཁྱོག་པོའི་བསམ་སྤྱོད་ཇི་ལྟར་ཡ་ང་བ།།
དེ་ལྟར་བྱམས་བརྩེའི་ལམ་ལ་ཐུགས་གཞོལ་ནས།།
དྲང་བདེན་དོན་ལ་ཐམས་ཅད་གཏོང་སྤོབས་པ།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

རྣམ་དག་གྲུབ་མཐའི་རྟེན་འབྲེལ་སོ་སོ་ནས།།
གཞི་འབྲས་ལམ་གི་ཁྱད་ཆོས་ཐུགས་སུ་ཚུད།།
རིམ་བྱོན་རྒྱལ་བའི་རྒྱལ་མཚན་ཏོག་ལྟར་མཐོ།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

དྲི་མེད་བྱམས་པའི་སྤྱན་རས་ཡངས་པའི་སར།།
མཐོ་དམན་ཕྱུག་དབུལ་མེད་པའི་བཏང་སྙོམས་དང་།།
བསླུ་མེད་སྙིང་གཏམ་དགའ་སྟོན་སྤེལ་མཛད་པའི།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

བརྟན་མཁས་ཞབས་པད་གོ་ལའི་གདུགས་ལྟར་དུ།།
ཇི་ལྟར་གཡོ་བ་དེ་ལྟར་འཇིག་རྟེན་འདིར།།
རང་མཐོའི་ལྟ་བཤད་སང་ནས་རྒྱུ་འབྲས་སྨྲ།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

རྒྱ་བོད་མཁས་བཙུན་ཕྱག་སྲོལ་གཞིར་བཟུང་ཞིང་།།
ངོ་མཚར་ཤེས་བྱ་གསར་བའི་བཅུད་ལེན་ཏེ།།
དུས་རབས་སྐྱེ་དགུའི་འདོད་པ་སྐོང་མཛད་པའི།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

འདི་ལྟར་དྲང་བདེན་ཞི་བདེའི་ཁྱད་ཆོས་ཀྱི།།
བསྟོད་སྔགས་ཨུཏྤལ་དབུལ་ཡུལ་ཁྱེད་ལས་སུ།།
བདག་ཅག་དད་དམ་འགྱུར་མེད་བདེན་ཚིག་གིས།།
གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་སྨོན།།

ཞེས་གངས་ཅན་མགོན་པོ་དགུང་གྲངས་དོན་གསུམ་བཞེས་པ་བོད་མེ་ཕག་ལོ་སྟེ། ཕྱི་ལོ་ ༢༠༠༧ ལོའི་ཧོར་ཟླ་བརྒྱད་པའི་ཡར་ངོས་ཚེས་བཅུའི་ཞོགས་ཐུན་སྐབས་གནའ་མཁར་ཟི་ལིང་གི་གཡུ་འབྲུག་རྣམ་དགུའི་སྐྱེད་ཚལ་གི་རང་གནས་རླུང་རྟའི་བང་མཛོད་དུ་གུས་ཧཱུྃ་ཀར་རྡོ་རྗེས་དྭངས་བའི་སེམས་བཅས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།
བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post