འཛམ་གླིང་སྙན་རྩོམ་དང་སྒྲུང་རྩོམ་གྲགས་ཅན་བདམས་བསྒྱུར། དཔེ་འཕྲིན་བརྡ་ཁྱབ།

འཛམ་གླིང་སྒྲུང་རྩོམ་གྲགས་ཅན་བདམས་བསྒྱུར།

མི་ལོ་གཉིས་ཀྱི་ཡར་སྔོན་ནས་བདག་གིས་འགྱུར་དེབ་འདི་གཉིས་ཀྱི་ཐོག་མའི་དམིགས་འདུན་གཞིར་བྱས།སྔ་རྗེས་སུ་ཐེངས་གཉིས་ལ་བོད་ཁུལ་གྱི་དཔེ་སྐྲུན་ཁང་ག་གེ་མོར་བསྐུར་མོད།བར་ཆད་ཀྱི་རླུང་དམར་ཕྱོགས་དང་ཕྱོགས་ནས་འཚུབ་སྟེ།དཔར་སྐྲུན་འགྲེམ་སྤེལ་གྱི་གོ་སྐབས་དབེན་བར་གྱུར་ཅིང་།ད་ལན་འགྱུར་དེབ་གཉིས་ཀ་འཕྲུལ་དེབ་ཏུ་བཟོས་ཏེ་དྲ་ལམ་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱིན་ལམ་དུ་ཕུལ་བ་ཡིན།

འགྱུར་དེབ་འདི་གཉིས་ཀྱི་ནང་དུ་དུས་རབས་༡༨ནས་༢༡བར་གྱི་འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་གི་རྩོམ་པ་པོ་དང་།ཡང་སྒོས་ནོ་བྷིལ་རྩོམ་རིག་གཟེངས་རྟགས་ཞལ་བཞེས་གནང་མཁན་སྐྱེས་པ་དང་བུད་མེད།རྒན་རབས་དང་གཞོན་རབས་སོགས་རྩོམ་མཁན་༦༠ལྷག་དང་།རྩོམ་ཡིག་༢༥༨ ལྷག་བསྒྱུར་བཏུས་བྱས་ཡོད།

རྩོམ་མཁན་མང་ཤོས་མི་རིགས་སོ་སོའི་རིག་གནས་སྒྱུ་རྩལ་གྱི་གཤིན་ས་དང་དུས་རབས་རིམ་བྱུང་གི་རྩོམ་རིག་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུ་ཆགས་ཡོད།

བརྗོད་བྱ་བརྗོད་བྱེད་ཀྱི་ཐད་ནས་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་ཁམས་དང་གཤིས་སུ་བདོག་པའི་དངོས་ཡོད་འཚོ་བ་དང་སྤྱི་ཚོགས་ཁྲོད་ཀྱི་མཛའ་བརྩེ་འདུ་འབྲལ་དང་།དུས་ཟིང་ཆག་འཇིགདབུལ་ཕོངས་དཀའ་སྡུགཕུགས་བསམ་འཚོལ་སྙེག་སོགས་མི་ཆོས་ཀྱི་ལྟ་དགོངས་གཙོ་ཆེ་ཞིང་།རྩོམ་ལས་ཀྱི་ཐད་ནས་རང་མོས་དང་།ལྷུག་མ།བྱིས་རྩོམ།སྒྲུང་ཐུང་།བྱིས་སྒྲུང་།འབོལ་རྩོམ་བཅས་སུ་གཏོགས།

མཐར་འགྱུར་དེབ་འདི་གཉིས་ལ་འབད་པར་ཕན་པའི་འབྲས་བུ་ཅུང་ཟད་མཆིས་ན་ནི།རང་ཅག་ཁ་བ་རི་བའི་རྩོམ་རིག་སྒྱུ་རྩལ་དང་ལོ་རྒྱུས་རིག་གནས་ཀྱི་སྒྲོན་མེ་བསྐལ་བའི་མཐར་ཡང་གསལ་བའི་རྒྱུ་རུ་འགྱུར་བར་སྨོན། 


སྒྱུར་པ་པོ་ན་བུན་ནས། ཕྱི་ལོ་༢༠༢༡ ཟླ་༩ ཚེས་༡༨ ཉིན་སྤེལ་བར་དགེའོ།།
 




འཛམ་གླིང་སྙན་རྩོམ་གྲགས་ཅན་བདམས་བསྒྱུར།



བོད་འགྱུར་གྱི་སྔོན་གླེང་སྙིང་བསྡུས།

སྒྱུ་རྩལ་ནི་རྩོམ་རིག་གི་ཆེས་བླ་ན་མཐོ་བའི་ཁམས་ཡིན་ཞེས་ཀྱང་བཞེད་པ་ལྟར།བདག་གིས་འཛམ་གླིང་ཤར་ནུབ་ཀྱི་སྒྲུང་རྩོམ་འདི་དག་བོད་སྒྱུར་བྱེད་སྐབས།ཐད་སྒྱུར་དང་དོན་སྒྱུར་ཟུང་དུ་སྦྲེལ་ནས།མ་ཡིག་གི་སྐད་ཆའི་སྒྱུ་རྩལ་ལམ་ཉམས་འགྱུར་དང་དབྱངས་རྟ་གཙོ་སྙིང་དུ་བཟུང་ཡོད།  ན་བུན།

ན་བུན་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་བའི་ནང་མདོ་སྨད་མང་རའི་སྟོད་ཕྱོགས་ཀྱི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། ཁོའི་བྱིས་དུས་ཀྱི་ལོ་ཟླ་ནོར་ལུག་གི་རྗེས་སུ་བསྐྱལ་ཞིང་། ལོ་ན་བརྒྱད་ཀྱི་སྟེང་ནས་གཞི་རིམ་སློབ་གྲྭར་ཞུགས། ལོ་རབས་དགུ་བཅུ་བའི་སྨད་ལ་རྒྱ་གར་འཕགས་ཡུལ་དུ་འབྱོར། འདས་པའི་མི་ལོ་༢༠ རིང་ལ་ཕྱི་གླིང་གི་སྐད་ཡིག་ལ་སློབ་གཉེར་བྱས། སྔ་རྗེས་སུ་དགེ་རྒན་དང་ལོ་ཙཱ། གསར་འགོད་དང་ཞིབ་འཇུག་གི་ལས་སྒོར་ཞུགས། ཞོར་དུ་ཆེས་ཐོག་མའི་འགྱུར་དེབ་<<འཛམ་གླིང་སྙན་རྩོམ་གྲགས་ཅན་བདམས་བསྒྱུར་ >>དང་<<འཛམ་གླིང་སྒྲུང་རྩོམ་གྲགས་ཅན་བདམས་བསྒྱུར་>>གཉིས་འཕྲུལ་དེབ་ཏུ་འགྲེམ་སྤེལ་བྱས། གཞན།་རྒྱ་གར་གྱི་པཎྡ་ཏ་ཆེན་མོ་སྲིད་བློན་ཟུར་བ་ནེ་རུ་ཡིས་མཛད་པའི་<<འཛམ་གླིང་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་>>ཅེས་པའི་བརྩམས་ཆོས་ཀྱི་གླེགས་བམ་དང་པོའང་མི་འགྱང་བར་ཀློག་པ་པོའི་སྤྱན་ལམ་དུ་འབུལ་འཆར་ཡོད།


མཆན། དྲ་ཐོག་འདི་གཉིས་བརྒྱུད་ཉོ་ཐུབ། 


 
📖འཛམ་གླིང་སྒྲུང་རྩོམ་གྲགས་ཅན་བདམས་བསྒྱུར།(Short stories)

https://play.google.com/store/books/details?id=6rNFEAAAQBAJ


📖 འཛམ་གླིིང་སྙན་རྩོོམ་གྲགས་ཅན་བདམས་བསྒྱུར།(Poetries)

https://play.google.com/store/books/details?id=T9tFEAAAQBAJ





མྱོང་རོལ་གྱི་གསང་བ་ཕྱི་ལ་ཤོར།

མེ་འོད།

པདྨ་རྒྱལ་ལམ་ན་བུན་ལགས་ཁམས་བཟང་།ངས་ཁྱེད་ཀྱི་འཛམ་གླིང་གི་སྙན་ངག་གྲགས་ཅན་བདམས་བསྒྱུར་གྱི་མ་ཡིག་ཞིབ་ཀྱིས་བཀླགས་པ་ཡིན།སྐད་གསེང་མཐོན་པོ་དང་ལྷིང་འཇགས་ཀྱི་ཟླ་ངོགས།ད་དུང་མ་ཡིག་དང་བསྡུར་ནས་བཀླགས་པའི་མཐར།སྙན་ངག་དེ་དག་གིས་ང་བཟི་ཞིང་སྨྱོ་རུ་བཅུག་སོང་བས།ཁྱེད་ལ་བཟི་གཏམ་དང་སྨྱོ་གཏམ་གྱི་འཕྲིན་ཡིག་འདི་འབྲི་དགོས་བྱུང་ཐལ།

ཐོག་མའི་ལོ་ཙཱ་བ་ཐོན་མི་ནས་དགེ་འདུན་ཆོས་འཕེལ་བར་དང་།དེའི་རྗེས་ཀྱི་ལོ་ཙཱ་བ་བཅས་ཀྱིས་ང་ཚོའི་རུས་རྐང་ལ་འོད་འཕྲོ་རུ་བཅུག་པའི་བསྒྱུར་རྩོམ་དེ་དག་ལ་བསྐྱར་དུ་བསམ་བློ་འཁོར་བཅུག་པ་དང་རིམ་གྱིས་ལུགས་ཀྱི་བསྟན་བཅོས་ཀྱི་སྙན་ངག་དེ་དག་དང་།སྐྱེས་རབས་ཀྱི་སྙན་ངག་འགྱུར་མ་དག་ཀྱང་དྲན་པར་བྱས།ལྷག་པར་དུ་སློབ་དཔོན་ནག་མོ་ཁོལ་གྱི་སེམས་ཀྱི་གཤིས་དང་བརྩེ་བའི་གཏིང་ནས་བཞུར་འོང་བའི་སྙན་ངག་སྤྲིན་གྱི་ཕོ་ཉ་དང་བྱ་ལེན་མ་མངོན་པར་ངེས་པའི་འགྱུར་རྩོམ་གཉིས་ཀྱི་ཚོར་བའི་རླབས་དང་བརྩེ་བའི་ཁམས་ཆེན་པོ་བསྐྱར་དུ་དྲན་པའི་ཀློང་དུ་དྲངས།


ན་བུན།འཕྲིན་ཡིག་འདི་ལས་གསལ་བོར་བཤད་རྒྱུ་ཞིག་ལ།ཁྱེད་ཀྱི་བསྒྱུར་རྩོམ་འདི་དག་གི་འགྱུར་བཟང་ངན་དང་བསྒྱུར་གཞི་སྙན་ངག་ཡག་བཙོག་ལ་ཚད་ཐིག་ལེན་མཁན་ནི་ལོ་ཙཱ་བ་དང་དཔྱད་བརྗོད་པ་དག་ཡིན། དེ་ལས་གསལ་བོར་བཤད་རྒྱུ་ཞིག་ལ།ང་དང་ཁྱོད་ལ་འབྲེལ་བ་ཅུང་ཟད་ཙམ་ཡང་མེད་པར་བོད་འགྱུར་སྙན་ངག་འདི་དག་རང་ལ་ཐད་ཀར་འབྲེལ་བ་བསྒྲིགས་ནས།ངས་ནི་སྙན་ངག་འདི་དག་བཀླགས་རྗེས་ཀྱི་བརྗོད་དཀའ་བའི་རང་གི་མྱོང་ཚོར་ཕྲ་མོ་དེ་ཕྱི་ལ་མངོན་པར་བྱེད་རྒྱུ་ལས་འགན་གཞན་ཅི་ཡང་འཁུར་མེད།

ཁྱེད་ཀྱི་འགྱུར་རྩོམ་འདིའི་ནང་འཛམ་གླིང་ཤར་ནུབ་གཉིས་ཀྱི་སྙན་ངག་པ་དང་དུས་རབས་བཅོ་བརྒྱད་པ་ནས་ཉེར་གཅིག་པའི་བར་གྱི་སྙན་ངག་པ་ཡོད་པ་མ་ཟད།སྐྱེས་པ་དང་བུད་མེད།རྒན་པ་དང་གཞོན་སྐྱེས།འཛམ་གླིང་ནོ་བྷིལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གྱི་སྙན་ངག་པའང་འགྱུར་རྩོམ་འདི་དག་གི་ནང་དུ་འདུས་པར་བྱས་འདུག ངོ་མ་ཀློག་པར་དགའ་བའི་སྙན་ངག་རྐྱང་རྐྱང་རེད།

སྙན་ངག་དེ་དག་བཀླགས་ཐེངས་རེར་ངའི་སེམས་ཀྱི་ས་རྡུལ་བསྐྱར་དུ་སྤྲུགས་ཅིང་ཚོར་བའི་རླབས་ཤུགས་ཡང་ཡང་སྐྱོམ།ལན་རེར་ལྷ་ཡུལ་དུ་འཁྲིད་ཅིང་མཚམས་རེར་དམྱལ་ཁམས་སུ་གཡུགས།སྐབས་འགར་དག་ཞིང་དུ་འཁྲིད་ཅིང་ལན་རེར་མྱ་ངམ་ཐང་དུ་བརྫངས།རེ་ཞིག་དགའ་ཞིང་སྤྲོ་བ་དང་ལན་རེར་ཁྲོ་ཞིང་སྐྱོ་བའི་གནས་སུ་འཕངས།ད་དུང་སྐབས་དང་སྐབས་སུ་དམག་འཁྲུག་དང་མུ་གེ་ལ་ཐུག་ཏུ་བཅུག་ཅིང་།མཚམས་དང་མཚམས་སུ་ཞི་བདེ་དང་མངའ་ཐང་ལ་མཇལ་བའི་སྐལ་བའང་ཐོབ་པར་བྱས།ཡང་གཅིག་བཤད་ན།བརྩེ་བ་དང་དུངས་པའི་ཁམས་དང་དབྱངས་སུ་ཐིམ་པར་བྱས།རང་བྱུང་ཁམས་ཀྱི་མཛེས་པ་དང་མིའི་གདོད་མའི་རང་གཤིས་ཀྱི་མཛེས་པ་ལ་ཡང་ཐིམ་པར་བྱས་སོ།།

སྙན་ངག་དེ་དག་བཀླགས་ཐེངས་རེར་ངའི་སེམས་གཤིས་ཀྱི་གཏིང་རིམ་འོག་མའི་འཁྱགས་རི་སྒུལ་ཅིང་བཞུས་ནས།མཛེས་དཔྱོད་ཀྱི་ལྟ་བ་ཟེར་བ་དང་རིག་གནས་ཀྱི་བག་ཆགས་ཞེས་པའི་ས་མཚམས་ཆུ་མཚམས་བསྲེས་ཤིང་།གཞུང་ལུགས་ཀྱི་སྒྲིག་གཞི་ཟེར་བ་དང་གོམས་སྲོལ་གྱི་དབང་ཤུགས་ཞེས་པའི་བཙན་རྫོང་དག་ཐལ་བར་གཏོར་ནས།  ང་དང་ཆེས་གཏིང་མའི་མི་གཤིས་ལ་བར་ཐག་ཅི་ཡང་མེད་པར་མཉམ་བཞག་པ་ལྟ་བུའི་ངོ་བོར་བཀོད་སོང་།

སྟོན་མཆོག་ཐུབ་པའི་དབང་པོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་ནས་ནུས་པ་གཅིག་གི་ངོས་ནས་བར་ཐག་ཅི་ཡང་མེད་པར་མཛད་པ་དང་།རྒྱལ་དབང་བཅུ་བཞི་པ་མཆོག་གིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཚང་མ་གཅིག་པ་ཡིན་པར་གསུངས་ནས་འདོད་པ་གཅིག་གི་ངོས་ནས་བར་ཐག་ཅི་ཡང་མེད་པར་མཛད་ཡོད། སྙན་ངག་པའི་ཚོར་བའི་ཁམས་དང་སེམས་གཤིས་ཀྱི་གཏིང་རིམ་འོག་མའི་ཁམས་ན་ཐམས་ཅད་ལ་བར་ཐག་ཅི་ཡང་མེད་པའི་རང་བཞིན་ཞིག་ཡོད་པའི་བདག་གི་ལྟ་ཚུལ་གྱི་གསང་བ་དེ་རིང་ཕྱི་ལ་ཤོར་ཐལ།

ངོ་མ་ཚོར་བའི་རླུང་ཤུགས་ཀྱིས་སེམས་ཀྱི་ཕྱི་ངོགས་སུ་གཡེངས་པའི་ས་རྡུལ་དང་གད་སྙིགས་གཞན་དག་གཙང་ཕྱག་བྱས་རྗེས།སེམས་གཤིས་ཀྱི་གཏིང་རིམ་འོག་མའི་ཁམས་ན་ང་ཚོ་ལ་བར་ཐག་ཅི་ཞིག་ཡོད་ཨང་།དྲང་མོར་བཤད་ན།སེམས་ཀྱི་ཐོག་མའི་གཤིས་ལ་གོམས་གཤིས་དང་རིག་གནས།ལྟ་བ།གྲུབ་མཐའ།ཆོས་ལུགས་དང་རིགས་ཀྱི་ཞེན་ཆགས་སོགས་ཀྱི་ལྷན་པ་དགུ་བརྩེགས་བྱས་རྗེས་ཀྱི་ཚིག་སྦྱོར་བདེ་མོ་དེ་སྙན་ངག་ཡིན་ནམ། ཆོས་ལུགས་སྙན་ངག་དང་ཆབ་སྲིད་སྙན་ངག་ཅེས་པ་ཞིག་ཡོད་པར་སྒྲོག་པའི་ཅ་ཅོ་དེ་ལས་དགོད་བྲོ་བ་དང་རྫུན་ཆེན་པོ་ཅི་ཞིག་ཡོད་དམ།མི་རིགས་ཀྱི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་བཅོས་བསྒྱུར།ཀློག་མཁན་དང་དེ་འབྲེལ་གྱི་སེམས་ཐ་མལ་ལས་དགེ་བའི་ངོ་བོར་བསྒྱུར་བར་ཁས་ཆེ་བའི་སྙན་ངག་པ་ཡིན་ཟེར་བ་ཚོས།སྙན་ངག་དང་འབྲེལ་མེད་ཀྱི་འགན་སྣ་ཚོགས་ཨུ་ཚུགས་ཀྱིས་ཁུར་ནས།མཐར་འདར་ཡོམ་ཡོམ་རིགས་གང་དུའང་མི་གཏོགས་པའི་ཚོགས་འདི་ལས་སྙིང་རྗེ་བ་ཞིག་གང་དུ་ཡོད།སྙན་ངག་པས་སེམས་ཀྱི་ལྷན་པ་དག་རིམ་གྱིས་རལ་ཅིང་བཀོག་ནས་སེམས་གཤིས་གཏིང་མ་དེ་ཕྱི་ལ་མངོན་པར་བྱེད་པ་ལས་འགན་ཅི་ཞིག་ཡོད་ཨང་།

ན་བུན།ཁྱེད་ནི་ལོ་ཙཱ་བ་ཅི་འདྲ་ཞིག་ཡིན་མིན་ངས་གཏན་ནས་མི་ཤེས།ཁྱེད་ཀྱི་སྙན་ངག་གི་འགྱུར་བཟང་ངན་ཡང་ངས་རྩ་བ་ཉིད་ནས་མི་ཤེས།ཁྱེད་ཀྱིས་བསྒྱུར་བའི་སྙན་ངག་དེ་དག་ཉིད་ཀྱིས་ང་བཟི་ཞིང་མྱོས་པར་བཏང་རྗེས་སེམས་ཀྱི་མྱོང་བ་དང་གསང་བ་ཕྱི་ལ་ཤོར་བ་རེད།

ད་ནི་བཀླགས་རྗེས་ཀྱི་ཚོར་བའི་ཤུགས་དང་མྱོང་བའི་སྟོབས་ཐོར་ཞིང་ཞིག་པར་འགྱུར་ལ་ཉེ་ན།དེ་རིང་གི་འཕྲིན་ཡིག་འབྲི་མཚམས་འདི་ནས་འཇོག་རྒྱུ་ཡིན།རྗེས་སུ་ཁྱེད་ཀྱིས་དཀའ་ཚེགས་ཀྱི་རྔུལ་ཆུ་འཐུང་ཞོར་འདི་ལྟ་བུའི་སྙན་ངག་གང་མང་བོད་བསྒྱུར་བྱེད་པར་རེ་ཞིང་སྒུག་ནས་ཡོད།

ང་ཚོར་ཕྱི་རྒྱལ་ལ་ཧམ་སེམས་ཀྱིས་འཕུར་བར་བྱེད་པའི་གཤོག་པ་གཡར་མ་དེ་མེད་ཀྱང་ཆོགཁང་རྩེག་མཐོ་དམན་དང་རླངས་འཁོར་ཡག་བཙོག་ཉོ་བྱེད་ཀྱི་ཤོག་དངུལ་ནག་པོ་དེ་མེད་ཀྱང་འགྲིགསྐུ་དྲག་གསར་མ་དང་སྐུ་ངོ་རྒྱགས་པ་ཚོ་མཉེས་པར་བྱེད་པའི་ཁྱི་རྔ་རྫུན་མ་དེ་མེད་ཀྱང་འཐུས།ཐ་ན་ཇ་འཐུང་བྱེད་དང་ཐ་མག་འཐེན་བྱེད་ཙམ་ཡང་མེད་ན་མི་སྐྱོན།ང་ཚོ་ལ།སྙན་ངག་འབྲི་བྱེད་དང་ཀློག་བྱེད།སྒྱུར་བྱེད་བཅས་ཀྱི་ཤེས་རབ་ཀྱི་རྩལ་ཡོད་པ་ཁོ་ནས་ཆོག་གོ །

སྤྱི་ལོ་༢༠༡༤ ལོའི་ཟླ་༦ ཚེས་༥ལ་རྡ་རམ་ས་ལའི་ཨ་མདོ་གྲོང་གསེབ་ཏུ་མེ་འོད་དུ་འབོད་པས་བྲིས་ཏེ་སྤྲིངས།


ལོ་ཙཱ་བར་འཇིག་རྟེན་གྱི་མིག་ཅེས་འབོད་པ་ལྟར།


སྐུ་ཉིད་ནས་འཛམ་གླིང་ཡུལ་གྲུ་མ་འདྲ་བ་ཁག་དང་དུས་རབས་མ་འདྲ་བ་ཁག་གི་སྐད་གྲགས་ཅན་གྱི་རྩོམ་པ་པོ་རྩེ་ཕུལ་དག་གི་སྒྲུང་རྩོམ་བོད་ཡིག་ནང་བསྒྱུར་བ་ནི་བོད་ཀྱི་རྩོམ་རིག་བང་མཛོད་ནང་བསམ་བློའི་ཇུས་འགོད་གསར་བ་ཞིག་གི་ནོར་བུའི་འོད་སྣང་འདྲེན་ཐུབ་ཡོད་པར་མ་ཟད།ཀློག་པ་པོ་ཡོངས་ཀྱི་བསམ་བློའི་གཏིང་རུམ་ལ་གཡོ་ཡོམ་ཐེངས་ཤིག་སློང་ཐུབ་པར་གདོན་མི་ཟ་བ་ཞིག་རེད།བཀའ་དྲིན་ཤིན་ཏུ་ཆེ།

ཞེས་ལྷ་སྡེ་གནམ་ལོ་ཡག་གིས་ཕྱི་ལོ་༢༠༢༡ ལོའི་ཟླ་༤ ཚེས་༢༢ ཉིན་གྱི་མཚན་མོར་བྲིས།


ན་བུན་ལགས་ཀྱི་འགྱུར་རྩོམ་དག་གིས་བོད་སྐད་བཤད་ཐུབ། 

ང་ནི་ནམ་རྒྱུན་རྩོམ་པ་པོ་ན་བུན་ལགས་ཀྱི་ཀློག་པ་པོ་ཞིག་ཡིན། ལྷག་ཏུ་འགྱུར་དེབ་འདི་གཉིས་ལ་མྱུར་ཀློག་དང་བསྐྱར་ཀློག ཞིབ་ཀློག་མང་པོ་ཞིག་བྱ་དགོས་བྱུང་སོང་།ད་ལྟའི་ཆར་བོད་ཕྱི་ནང་གཉིས་ལ་མཚོན་ན་འགྱུར་གྱི་བསྟན་པ་ཡང་དར་གྱི་དུས་རབས་ཤིག་ཏུ་ཐོན་ཡོད་པས།སྨྱུ་གུ་ཐོག་ཚད་མང་པོས་འགྱུར་གྱི་རྒྱུན་ཤེས་ཙམ་ཡང་མེད་པར།ངོ་གདོང་གི་གོ་དོན་ཙམ་ལ་བསྟུན་ནས་འགྱུར་ལོག་དང་གོ་དོན་ཙམ་ཡང་མེད་པ་མང་པོ་ཞིག་དཔར་དང་སྤེལ་བཞིན་པ་ཡིན་ཡང་།ངས་ནམ་རྒྱུན་གྲོགས་ན་བུན་ལགས་ཀྱི་འགྱུར་རྩོམ་དག་གིས་བོད་སྐད་བཤད་ཐུབ་ཅེས་བརྗོད་བཞིན་ཡོད།དེ་བས་སྐུ་ཉིད་ནས་མུ་མཐུད་བོད་མི་ཚོའི་བསམ་བློའི་ནང་བོད་སྐད་བཤད་ཐུབ་པའི་འཛམ་གླིང་གི་དཔལ་ཡོན་གྱི་སྙིང་ཁུ་གང་མང་ཞིག་འགྱུར་ཐུབ་པའི་རེ་སྨོན་དང་བཅས།

ཞེས་གླིང་གཅེར་བུས། ཕྱི་ལོ་༢༠༢༡ ཟླ་༡༠ ཚེས་༡༠ ཉིན།


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post