མི་རིགས་སྐད་ཡིག་གི་ལས་དབང་།


འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་བརྩམས།

 

       གྲངས་ཉུང་མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་བཏང་ཆོག་ཚུལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སུ་གསལ་པོར་གཏན་ལ་ཕབ་ཡོད་ན་ཡང་། ད་ལྟའི་མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱུན་གཏན་གྱི་འཚོ་བ་དངོས་ཀྱི་ཁྲོད་དུ་མི་རིགས་ཀྱི་སྐད་ཡིག་དེ་ཕལ་ཆེར་རྒྱའི་སྐད་དང་ཡི་གེས་ཚབ་བྱས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་རིམ་པ་ཁག་གི་ཡིག་ཆ་དང་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆ་སྔོན་སྲོལ་ལྟར་མི་རིགས་སྐད་ཡིག་ཏུ་སྒྱུར་བཞིན་ཡོད་ནའང་། སྲིད་གཞུང་གི་ལས་ཁུངས་རིམ་པ་ཁག་དང་འབྲེལ་ཡོད་ཕྱོགས་ཀྱིས་མི་རིགས་ཀྱི་སྐད་ཡིག་གང་ནུས་ཅི་ལྕོགས་ཀྱིས་ཉམས་ཞན་དུ་གཏོང་བ་དང་མཐོང་ཆུང་བྱེད་པའི་བྱེད་སྟངས་འོག ད་ལྟ་དོན་དངོས་སུ་སྐད་ཡིག་གཞན་གྱིས་རིམ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཚབ་བྱས་ཡོད་པ་རེད།

       བོད་ཡིག་དཔེར་དྲངས་ནས་བཤད་ན། དེ་ཉིད་དབྱངས་གསལ་སོ་བཞི་ལས་གྲུབ་པའི་སྒྲ་སྦྱོར་གྱི་ཡི་གེ་ཡིན་པས་སྐད་ཁོངས་འདྲ་མིན་གཞན་དག་དང་འབྲེལ་འདྲིས་བྱེད་བདེ་བ་རེད། ཀུན་གྱིས་མཁྱེན་གསལ་ལྟར་བོད་ཡིག་ལ་མི་ལོ་བརྒྱ་སྟོང་མང་པོའི་ལོ་རྒྱུས་ཡོད་ཅིང་བོད་ཡིག་གི་ཡིག་ཆ་སྣ་ཚོགས་རི་བོའི་གཏོས་དང་མཉམ་པ་ཡོད། ཧང་ག་རི་སོགས་རྒྱལ་ཁབ་ཀྱིས་བོད་ཀྱི་བརྡ་རྙིང་ཡི་གེར་ཞིབ་འཇུག་བྱས་ནས་ཀྱང་མི་ལོ་བརྒྱ་ཕྲག་དུ་མ་ཕྱིན་ཡོད། རྒྱལ་སྤྱིའི་ཐོག་བོད་རིག་པར་སྔ་མོ་ནས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་དང་ཀུན་གྱིས་རྒྱ་ཁྱབ་ཏུ་དོ་སྣང་བྱེད་བཞིན་ཡོད་ལ། དེང་རབས་སུ་ནུབ་གླིང་དུ“བོད་ཀྱི་གནད་དོན”བྱུང་བར་བརྟེན་ནས་བོད་རིག་པ་དེ་བས་ཀྱང་རྒྱུགས་ཆེ་བའི་རིག་གཞུང་ཞིག་ཏུ་གྱུར། ཀྲུང་གོ་གསར་པ་མ་བཙུགས་པའི་སྔོན་དུ་བོད་ལྗོངས་དང་བོད་ཤར་རྒྱུད་ཀྱི་ས་ཁུལ་གཞན་དག་ཏུ་བོད་ཀྱི་སྐད་ཡིག་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད་ལ། བཀའ་ཤག་གིས་དབང་སྒྱུར་བའི་དུས་སྐབས་ཀྱི་བོད་ལྗོངས་ནི་དེ་བས་ཀྱང་སྨོས་ཅི་དགོས་ཏེ། སྲིད་གཞུང་གི་ཡིག་ཆ་མཐའ་དག་དང་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཚང་མར་ཡོངས་ཁྱབ་ཏུ་སྤྱོད་པ་ནི་བོད་ཀྱི་སྐད་ཡིག་འབའ་ཞིག་ཡིན་པ་དང་། ཐ་ན་རྒྱལ་དམངས་ཏང་གིས་ཕྱིས་སུ་དབང་བསྒྱུར་བའི་བོད་ཤར་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་ཏུའང་རྒྱའི་སྐད་ཡིག་སྤྱོད་རྒྱ་ཧ་ཅང་ཆུང་སྟེ། དཔོན་གཞུང་གིས་གཉེར་བའི་སློབ་གྲྭ་ཉུང་ཙམ་ཁོ་ནར་ད་གཟོད་རྒྱ་ཡིག་དང་ཞར་དུ་བོད་ཡིག་སྦྱོང་རྒྱུ་གཏན་ཁེལ་བྱས་ཡོད།

       ལར་མི་རིགས་འདྲ་མཉམ་ཡོང་རྒྱུ་ནི་རྒྱལ་ཁབ་འཛུགས་པའི་རྨང་གཞི་ཡིན་པས་སྐད་ཡིག་བར་དུའང་འདྲ་མཉམ་ཡིན་དགོས།  བཅའ་ཁྲིམས་ཐོག་གསལ་པོར་གཏན་ལ་ཕབ་པ་ལྟར་ང་ཚོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་བོད་ཁུལ་ཡོངས་དང་།  དེ་བས་ཀྱང་བོད་རང་སྐྱོང་ལྗོངས་སུ་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ཡིག་ཆ་དང་། དེ་བཞིན་སྲིད་གཞུང་གི་ཡིག་ཆ་གལ་ཆེན་འགའ་ཤས་བོད་ཡིག་ཏུ་སྒྱུར་བཞིན་ཡོད་ན་ཡང་། འཚོ་བ་དངོས་ཀྱི་ཁྲོད་དུ་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཆེས་གཞི་རིམ་དུ་ཡོད་པའི་ཞང་སྲིད་གཞུང་བར་ཚང་མའི་ཉིན་རྒྱུན་གྱི་དངོས་གཞིའི་ཡིག་ཆ་མི་འདྲ་བ་སྣ་ཚོགས་ཕལ་ཆེ་བ་རྒྱ་ཡིག་གིས་བོད་ཡིག་གི་ཚབ་བྱས་ཡོད། ཐ་ན་ཚོགས་འདུ་ཆེ་ཆུང་མི་འདྲ་བ་ཕལ་ཆེ་བའི་ཐོག་ཏུའང་མི་སྣ་རེ་གཉིས་ཕུད་ཚང་མས་རྒྱ་སྐད་བཤད་དགོས་པ་རེད།  གནས་ཚུལ་འདི་ལྟ་བུ་ནི་བོད་རྙིང་པ་དང་རྩ་བ་ནས་མི་འདྲ་བར་གྱུར་ཡོད།

       བཤད་སྲོལ་ལྟར་ན། མི་འབོར་མང་ཤོས་ཟིན་པའི་བོད་མིས་ཕྱི་ནས་ཡོང་བའི་མི་འབོར་ཉུང་ཤས་རྒྱ་རིགས་ཀྱི་སྐད་ཡིག་མ་བསླབས་ཚེ་ལས་ཀ་རྙེད་རྒྱུ་ཧ་ཅང་དཀའ།འོན་ཀྱང་རྒྱ་རིགས་ཉུང་ཤས་དེས་ས་དེའི་མི་འབོར་མང་ཤོས་ཟིན་པའི་བོད་མིས་ཡོངས་ཁྱབ་ཏུ་སྤྱོད་པའི་བོད་ཀྱི་སྐད་ཡིག་གཏན་ནས་མི་སློབ་ལ།  སློབ་དགོས་ཀྱང་མེད་པར་ལས་ཀ་སྔར་ལྟར་རྙེད་ཐུབ་ཟེར། མར་ལེ་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་ལྟར་ན།སྐད་ཡིག་འདྲ་མཉམ་ཡོང་རྒྱུ་ནི་མི་རིགས་འདྲ་མཉམ་ཡོང་བའི་ནང་དོན་གལ་ཆེན་ཞིག་རེད། བོད་ཀྱི་སྐད་ཡིག་གི་ངོས་ནས་དྲང་སྙོམ་མིན་ལ་དྲང་གཞག་ཀྱང་མིན་ཞིང་བདག་གནས་མགྲོན་འཕྲོག་གི་སྣང་ཚུལ་དམར་དམར་རྗེན་རྗེན་འདི་འདྲ་དང་། ལྷག་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་ངོ་བོ་ཚབས་ཆེན་འདི་ལ་དབང་འཛིན་པས་ཅི་ཡང་ཚོར་གྱི་མེད་པ་ལྟར་འཇོག་པར་མ་ཟད། ཐ་ན་རྒྱ་བོད་བར་དང་རྒྱ་དང་མི་རིགས་གཞན་དག་བར་གྱི་ཚབས་ཆེར་འདྲ་མཉམ་མིན་པའི་གནས་ཚུལ་མངོན་གསལ་ཅན་འདི་རིགས་སྣང་མེད་དུ་འཇོག་པ་དང་། སྔ་གོམས་རྒྱུན་འཇགས་ལྟ་བུར་གྱུར་ཏེ་ངག་ནས་བདེན་ཅོག་ཅོག་གིས་རྒྱུ་མཚན་བགྲང་བ་དང་། ད་དུང་ཡིན་མདོག་ཁ་པོའི་ངང་ནས་དེ་ནི་བརྗོད་མེད་གླེང་མེད་དང་སྨྲ་དགོས་མེད་པ་ཞིག་ཏུ་བསམ་བཞིན་མཆིས།

       སྔོན་ཆད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་བཞུགས་པའི་དུས་ན།  སྐྱེ་བོ་མང་པོ་ཞེ་ནས་ཁྲོ་ཡང་ངག་ཏུ་འདོན་མི་ཕོད་པའི་གོང་སྨྲས་གནས་བབ་དེ་འདྲར་ཁོང་ཧ་ཅང་ཐུགས་མི་དགྱེས་པ་དང་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད། བོད་ཀྱི་སྐད་ཡིག་ལས་སྐལ་མི་ལེགས་པའི་གནས་ནས་སྐྱོབ་པ་དང་། རི་བོའི་གཏོས་དང་མཉམ་པའི་བོད་ཡིག་གི་ཡིག་ཆ་དཀོན་པོ་སྣ་ཚོགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་དག་ཉེན་ཁ་ལས་སྐྱོབ་པའི་སླད་དུ་ཁོང་དང་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་གཉིས་ནས། སྐབས་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུ་དང་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་བའི་ང་དང་། སྐབས་དེར་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུ་དང་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་ཁུར་བའི་བློ་མཐུན་ཕུན་བཀྲ་གཉིས་ལ་བཀའ་མངགས་གནང་བ་ལྟར་ངེད་གཉིས་ཀྱིས«བོད་ལྗོངས་སུ་བོད་ཀྱི་སྐད་ཡིག་གཙོ་བོར་སློབ་པ་དང་ཞོར་དུ་རྒྱའི་སྐད་ཡིག་སློབ་པའི་སྐད་གཉིས་ལམ་ལུགས་ཀྱི་གཏན་ཁེལ»ཞེས་པ་བྲིས་ཤིང་གཏན་ལ་ཕབ། གཏན་འབེབས་དེ་ལ་ཀྲུང་དབྱང་དང་ས་གནས་གོང་འོག་གཉིས་ཀའི་དབང་འཛིན་པ་ཁ་ཅིག་གིས་བཀག་འགོག་དང་ངོ་རྒོལ་ཅི་ཐུབ་བྱས་ནའང་། མཐར་ཐུག་ཡར་བཤད་མར་བཤད་མང་པོ་དང་བཟོ་བཅོས་ཡང་ཡང་བརྒྱབ་མཐར། དེའི་གཞི་རྩའི་ནང་དོན“བོད་རྒྱ་སྐད་ཡིག་གཉིས་ཀར་གཙིགས་ཆེན་དང་། བོད་ཡིག་གཙོ་བོར་འཛིན་པའི་བྱེད་ཕྱོགས་ལྟར་བོད་ལྗོངས་སུ་བོད་ཀྱི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་པའི་སློབ་གསོའི་མ་ལག་འཛུགས་པ”ཞེས་པར་གྲོས་ཁ་འཆམ་ཙམ་བྱུང་།དེའི་རྗེས་སུ«ལག་བསྟར་ཇུས་གཞི»ལ་གྲོས་འཆམ་བྱུང་བ་དང་འབྲེལ་འབྲེལ་ཡོད་གཞུང་ལས་ལས་ཁུངས་བཙུགས། འོན་ཀྱང་ཡུན་རིང་མ་ཕྱིན་པར་པཎ་ཆེན་རིན་པོ་ཆེ་མཆོག་སྟབས་ཉེས་ཏེ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པས་གཏན་འབེབས་དེ་ཡང་རིམ་བཞིན་མིང་ཙམ་ལས་དོན་གྱིས་སྟོངས་པར་གྱུར། ༢༠༠༢ལོར་བོད་ལྗོངས་མི་དམངས་འཐུས་ཚོགས་ནས་ཡང«བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གྱི་གཏན་འབེབས་འགའ»ཞེས་པར་གྲོས་འཆམ་བྱུང་ན་ཡང་།  སྟབས་ཉེས་ཏེ“རྒྱ་བོད་སྐད་ཡིག་གཉིས་ཀར་གཙིགས་ཆེན་དང་བོད་ཡིག་གཙོར་འཛིན་པའི་བྱེད་ཕྱོགས”ཞེས་པའི་ངོ་བོའི་རང་བཞིན་གྱི་གཏན་འབེབས་གལ་ཆེན་འདི་རྩ་བ་ནས་མེད་པར་བཟོས་འདུག་པ་དེ་ནི་ངུ་དགོད་ཅི་བྱ་ཆ་མི་འཚལ་བར་བྱེད་པ་ཞིག་ཏུ་སྣང་། 

       ༢༠༠༧ལོར་སྐུ་ཞབས་བཀྲ་ཤིས་ཚེ་རིང་ནས་བོད་ལྗོངས་མི་དམངས་འཐུས་ཚོགས་ལ་འཕྲིན་ཡིག་ཐུན་མོང་མ་ཡིན་པ་ཞིག་སྤྲིངས་ནས། གཏན་འབེབས་དེ་མེད་པར་བཟོས་པ་ནི་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གནད་དོན་ཐད་ལོ་རྒྱུས་རང་བཞིན་གྱིས་ཕྱི་ནུར་བརྒྱབ་པ་ཞིག་རེད་ཅེས་གསུངས། ཁོང་གིས་མི་དམངས་མང་ཚོགས་ཀྱི་ཡོངས་ཁྱབ་ཀྱི་འདོད་བློ་ཡར་ཞུ་བྱས་པ་དང་། ༡༩༨༧ལོར་གྲོས་འཆམ་བྱུང་བའི་གཏན་འབེབས་དེ་སླར་གསོ་བྱ་རྒྱུའི་རེ་བ་བཏོན། འོན་ཀྱང་ཁོང་གི་ལུགས་མཐུན་ཁྲིམས་མཐུན་དང་བོད་མི་མང་པོའི་འདོད་བློ་མཚོན་པའི་རེ་འདུན་དེ་དང་དུ་བླངས་མ་སོང་། སྐུ་ཞབས་བཀྲ་ཤིས་ཚེ་རིང་ནི་ཕྱིར་རྒྱལ་ནང་དུ་ལོག་ནས་ལོ་མང་ཕྱིན་པའི་བོད་རིགས་སྤུན་ཟླ་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་འཐུས་ཚབ་མི་སྣ་ཤུགས་རྐྱེན་ཆེན་པོ་ཅན་ཞིག་ཀྱང་ཡིན། ཁོང་གིས་བོད་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འགན་སྐབས་མང་པོར་བཞེས་ཤིང་། བོད་དབྱིན་རྒྱ་གསུམ་གྱི་ཡི་གེ་བྱང་ཆུབ་པ་དང་། «དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད»ཅེས་པ་སོགས་བརྩམས་ཆོས་དེབ་དྲུག་པར་དུ་བསྐྲུན། ཁོང་གིས་བོད་ལྗོངས་ཀྱི་སློབ་གསོའི་ལས་དོན་ལ་མཛད་རྗེས་ཧ་ཅང་ཆེན་པོ་བཞག་པ་དང་། ལས་རིགས་སློབ་གྲྭ་ཞིག་ཚུད་པའི་གཞི་ཁྱོན་ཆེ་ཆུང་མི་འདྲ་བའི་སློབ་གྲྭ༧༠ལྷག་བཙུགས། འཕྲིན་ཡིག་ནང་དུ་ཁོང་གིས་གསུངས་དོན། རང་ཉིད་དང་མི་གཞན་གྱི་མི་ཚེའི་མྱོང་བ་ལས་རང་ཉིད་ཀྱི་ཕ་སྐད་དེ་བོད་སྐད་སྔོན་ལ་སྦྱངས་རྗེས་རྒྱ་སྐད་དང་དབྱིན་སྐད་སོགས་སྐད་རིགས་གཞན་སྦྱོང་བར་ཕན་པ་བརྒྱ་ལས་གནོད་པ་གཅིག་མེད་པ་དང་། དེ་ལས་ལྡོག་ཚེ་མཇུག་འབྲས་ཧ་ཅང་མི་འདྲ་བ་རེད། ཁོང་གིས་བསྟན་དོན། བོད་ཡིག་ནི་ང་ཚོ་བོད་མི་རིགས་ཀྱི་རིག་གནས་ཀྱི་ཆེས་མེད་དུ་མི་རུང་བའི་ཕྱི་རྟེན་ཡིན་པ་དང་ང་ཚོའི་མི་རིགས་ཀྱི་བླ་སྲོག་ཡིན། ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་རྒྱ་ཡིག་དང་བོད་ཡིག་གཉིས། བེད་སྤྱོད་གཞི་ཁྱོན་དང་ཁྱབ་ཁོངས་ཐད་ཁྱད་པར་ཡོད་ནའང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དེ་གཉིས་ཀྱི་སྐད་ཡིག་གི་བྱེད་ལས་དང་བྱས་རྗེས་ཀྱི་གལ་ཆེ་ཆུང་ནི་འདྲ་མཚུངས་ཡིན། ཁོང་གིས་བསྟན་དོན། གལ་ཏེ་བོད་ཡིག་འདོར་རྒྱུ་དེ་དེང་རབས་ཅན་མངོན་འགྱུར་བྱེད་པའི་རིན་དོད་དུ་རྩི་བ་དང་། བོད་ཡིག་དེང་རབས་ཅན་མངོན་འགྱུར་བྱེད་པའི་གླུད་རྫས་སུ་གྱུར་པ་ཡིན་ན། བཏང་བའི་རིན་དོད་དེ་ནི་ཧ་ཅང་ཧ་ཅང་ཆེ་དྲགས་པ་རེད།

      ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བརྒྱུད་ནས༡༩༨༧ལོའི་འབྲེལ་ཡོད་གཏན་འབེབས་སླར་གསོ་དང་། བོད་ཀྱི་སྐད་ཡིག་སྤྱོད་པའི་སློབ་གསོ་དང་སློབ་ཁྲིད་ཀྱི་མ་ལག་བཙུགས་ཏེ་བཅའ་ཁྲིམས་ལམ་ལུགས་ཀྱི་ཁག་ཐེག་དང་འགན་ལེན་འཐོབ་པར་བྱེད་པ་དང་། བོད་རིགས་ཀྱི་སློབ་མ་རྣམས་དམའ་འབྲིང་དང་དེ་བས་ཀྱང་མཐོ་འབྲིང་དང་སློབ་ཆེན་དུ་རྒྱ་བོད་སྐད་ཡིག་གཉིས་ལ་བརྟེན་ནས་རང་བྱུང་ཚན་རིག་གི་སློབ་ཚན་ལེགས་པར་སློབ་ཐུབ་པ་བྱ་དགོས་ཞེས་རེ་བ་ཞུས་པ་དང་། ཁོང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་ཆབ་སྲིད་ཀྱི་རྒྱུ་རྐྱེན་ཕུད། བློ་རྨོངས་ཤིང་སྒེར་སེམས་འབའ་ཞིག་གི་དབང་དུ་སོང་བའི་བོད་རིགས་གསར་པའི་ཁྱུ་ཚོགས་ཤིག་བྱུང་ཡོད་ཅིང་། ཁོ་ཚོས་མིག་སྔའི་ཁེ་ཕན་ལ་མ་གཏོགས་མི་ལྟ་བ་དང་བོད་ཡིག་སློབ་པར་སྐད་ཆ་ཡ་མཚན་ཅན་མང་པོ་བཤད་མྱོང་། ཁོ་ཚོས་ཐ་ན་རྒྱ་སྐད་འཆད་ཤེས་ན་ད་གཟོད་ཆུ་ཚད་ལེགས་པོར་རྩི། དེ་བས་ཚོགས་འདུ་ཆེ་ཆུང་ཐོག་འགོ་ཁྲིད་ཀྱིས་རྒྱ་སྐད་མ་གཏོགས་མི་འཆད་པ་དང་། ཐ་ན་ཚོགས་འདུར་ཞུགས་མཁན་ཚང་མ་བོད་རིགས་ཡིན་ཡང་ཚུལ་དེ་ལས་འདའ་བ་མེད། ཁོང་གི་བསམ་འཆར་འདི་དག་ཧ་ཅང་གལ་ཆེན་རེད། ཕྱིས་སུ་གཞན་གྱིས་འཕྲིན་ཡིག་དེ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་རིག་གནས་དྲིལ་བསྒྲགས་སི་ལ་བསྐྱལ་ཅིང་། རིག་གནས་དྲིལ་བསྒྲགས་སི་ཡིས་པེ་ཅིན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་བོད་རིག་པའི་ཐད་ཀྱི་ཆེད་མཁས་པ་དང་མཁས་པ་བསྡུས་ནས་གྲོས་མོལ་བྱས།  ཚོགས་འདུར་ཞུགས་མཁན་ཚང་མས་འཕྲིན་ཡིག་དེའི་ནང་དོན་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། སྐུ་ཞབས་བཀྲ་ཤིས་ཚེ་རིང་གི་བསམ་འཆར་ལ་ཡོངས་སུ་མོས་མཐུན་དང་། འབྲེལ་ཡོད་བཅའ་ཁྲིམས་བཟོ་འཆར་འཆར་ཟིན་ནང་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་ནས་ཐག་གཅོད་འོས་འཚམ་ཡོང་བར་བྱ་དགོས་པའི་རེ་བ་བཏོན།

      བྱམས་བརྩེས་ཐུགས་རྒྱུད་ཕྱུག་ཅིང་དང་འགན་འཁྲིའི་འདུ་ཤེས་ཤུགས་དྲག་པོ་ཐུགས་ལ་མངའ་བའི་མཁས་པ་འདིས་ལོ་རྒྱུས་ལ་འགན་འཁུར་བའི་ཆེད་དུ་བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ལ་རང་ཉིད་ཀྱི་རེ་ཞུའི་ཡི་གེ་དངོས་སུ་བསྐྱལ་བར་མ་ཟད། པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་ལ་ཡང་ཞུས་པ་རེད། འོན་ཀྱང་ཁོང་རང་ཉིད་ལ་ཐོག་མཐའ་བར་གསུམ་དུ་ལན་གང་ཡང་མ་ཐེབས་གཤིས་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་། ༢༠༠༧ལོའི་དབྱར་ཁར་ཁོང་ལྷ་སར་བཞུགས་དུས། བོད་ལྗོངས་སུ་སོང་བའི་མཁས་པ་ཞིག་གིས་ཁོང་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་རིག་གནས་དྲིལ་བསྒྲགས་སི་ཡིས་ཆེད་མཁས་པ་དང་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུར་ཞུགས་མཁན་ཚང་མས་ཁོང་གི་ལྟ་ཚུལ་ལ་མོས་མཐུན་དང་རྒྱབ་སྐྱོར་བྱས་ཚུལ་ཞུས་པ་ན། ཁོང་ཉིད་སེམས་འགུལ་ཐེབས་ནས་སྤྱན་ཆབ་ལྷུང་བཞིན་དུ“ད་བྱས་ན་རེ་བ་ཏོག་ཙམ་ཡོད་པ་འདྲ”གསུངས།

      རྒྱའི་སྐད་ཡིག་དང་ལྷག་པར་དུ་རྒྱ་ཡིག་གིས་ཕལ་ཆེར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཚབ་བྱས་པའི་གནས་ཚུལ་ཚབས་ཆེན་འདིར།གཞན་པའི་དཔྱོད་ལྡན་མང་པོ་ཡང་ཧ་ཅང་ཡི་མི་རང་བར་མ་ཟད་སྐྱོན་བརྗོད་དམ་ཡང་ན་ཡོ་བསྲང་བྱ་རྒྱུའི་བསམ་འཆར་བཏོན་པ་དང་སྐྱེ་བོ་ལ་ལར་དེར་བརྟེན་ནས་རྡུང་རྡེག་ཀྱང་ཁེལ། དཔེར་ན་ཆབ་མདོ་ས་ཁུལ་གྱི་སྐད་གྲགས་ཆེ་བའི་འཐུས་ཚབ་མི་སྣ་ཞིག་གི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་གི་འབྲེལ་ཡོད་གཏམ་བཤད་ལ་རྩ་ར་བཅད་པ་དང་མཐར་ཁོང་གི་གོ་གནས་ཀྱང་མེད་པར་བཟོས། བོད་ཡིག་སློབ་སྦྱོང་བྱེད་པའི་ཐད་དུ་འགོག་ཤུགས་དང་བཀག་རྒྱ་སྔར་བཞིན་ཧ་ཅང་མང་། རྒྱ་རིགས་ལས་བྱེད་པའི་ནང་དུ་མི་ཁག་ཅིག་ལ་སྔ་ཕྱི་བར་གསུམ་དུ་ཧ་ཅང་དགོད་བྲོ་བའི་བཤད་སྟངས་ཤིག་ཡོད་པ་སྟེ། “བོད་ཡིག་སློབ་སྦྱོང་བྱེད་པ་དར་སྤེལ་བཏང་ཚེ་བོད་རང་བཙན་གྱི་ལམ་དུ་ཞུགས་འགྲོ”ཞེས་པ་ལ་སོགས་པའི་འཆལ་གཏམ་རེད། བོད་རིགས་ལས་བྱེད་པའི་ནང་དུའང་མི་ཁ་ཤས་ཀྱིས་འགོ་ཁྲིད་ལ་སྟུན་ཐབས་དང་ཁ་ཡག་ངོ་དགའི“གཡོན་ཐལ་ཆེ་བའི”བཤད་སྟངས་ཤིག་ཡོད་པ་ནི། “ང་ཚོར་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤ་སེ(རྒྱ་ཡིག་སྟོན)དགོས་པ་ལས།ས་གནས་ཀྱི་འབྲུ་རིགས་སྤ་སེ(བོད་ཡིག་སྟོན)མི་དགོས”ཞེས་དང་། “ང་ཚོས་དེང་རབས་ཅན་གྱི་ལྕགས་སྨྱུག་སྤྱོད་དགོས་པ་ལས་སྨྱུག་མའི་སྨྱུ་གུ(བོད་ཡིག་འབྲི་བ་སྟོན)མི་སྤྱོད… …”  འདི་ལྟ་བུའི་ཤེས་རྨོངས་འཆལ་གཏམ་སྨྲ་མཁན་དང་ཁྲེལ་མེད་ངོ་སྲུང་གི་མིར་རྒྱ་རིགས་འགོ་ཁྲིད་ཀྱི་མཐོང་ཆེན་དང་དགའ་སྣང་འཐོབ་སླ་བས་དཔོན་ཐོབ་ཡང་མཐོ་རུ་འཕར་ཐུབ། མི་རིགས་ཀྱི་སྐད་ཡིག་ཉམ་དམས་པར་བྱེད་པ་དང་མཉམ་དུ་རྒྱའི་སྐད་ཡིག་དར་སྤེལ་གཏོང་བ་དེ་དེང་རབས་ཅན་དུ་བསྒྱུར་བ་དང་མཚུངས་པར་ལྟ། དེ་ལྟར་རིགས་པས་དེད་ན། གལ་ཏེ་དབྱིན་སྐད་དབྱིན་ཡིག་གིས་རྒྱའི་སྐད་ཡིག་གི་ཚབ་བྱས་ཚེ་དེ་བས་ཀྱང་དེང་རབས་ཅན་དུ་གྱུར་པ་མ་ཡིན་ནམ། དེ་ལས་གཏན་ཚིགས་འདི་ནི་ཅི་འདྲའི་ཁུངས་མེད་རྟེན་བྲལ་ཞིག་ཡིན་པ་ཤེས་ཐུབ།

      ལོ་རྒྱུས་རིང་ཞིང་རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་ཆེ་བའི་བོད་ཀྱི་སྐད་ཡིག་གི་ལས་དབང་ཡང་དེ་འདྲའི་མིར་སེམས་ཁྲལ་སྐྱེད་དུ་འཇུག་པ་ཞིག་ཡིན་ན། གྲངས་ཉུང་མི་རིགས་གཞན་དག་གི་སྐད་དང་ཡི་གེ་ནི་དེ་བས་ཀྱང་བརྗོད་ག་ལ་དགོས།

      བོད་ཀྱི་སྐད་ཡིག་གི་གནས་བབ་ནི་བོད་ཁུལ་གྱི་ས་ཆ་ཁག་ཏུ་ཡང་དོ་སྙོམ་མིན་པ་སྨོས་ཅི་དགོས། འདིའི་ཕྱོགས་སུ་བོད་མི་མང་པོའི་ལྟ་ཚུལ་ལྟར་ན་མཚོ་སྔོན་གྱི་ཨ་མདོའི་ཡུལ་སྐད་སྨྲ་བའི་རང་སྐྱོང་ཁུལ་རྣམས་རྩོམ་རིག་སྒྱུ་རྩལ་དང་། གསར་འགྱུར་བརྒྱུད་ལམ། སློབ་ཐུན་སློབ་ཁྲིད་ལ་སོགས་པའི་ཕྱོགས་སུ་བོད་རང་སྐྱོང་ལྗོངས་དང་བསྡུར་ན་མངོན་གསལ་དུ་བཟང་ཞིང་འཕེལ་སྟོབས་ཆེར་རྒྱས་པས་རེ་བ་ཆེན་པོ་ལྡན་ཟེར། འདི་ནི་དངོས་གནས་དགའ་སྣང་སྐྱེད་པའི་དོན་དག་ཅིག་རེད། འདིར་ཞོར་ལ་གླེང་ཙམ་བྱ་རྒྱུ་ཞིག་ལ།སྔོན་ཆད་བློ་མཐུན་དོན་འགྲུབ་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་དང་བློ་མཐུན་པདྨས་ཁུལ་དཔོན་གྱི་འགན་འཁུར་དུས། མཚོ་ལྷོའི་ཕྱོགས་སོ་སོ་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གྱི་ཕྱོགས་ནས་བོད་རིགས་རང་སྐྱོང་ཁུལ་ཞིག་ལ་ཡོད་དགོས་པའི་ཁྱད་ཆོས་དང་ཁྱད་གཤིས་མངོན་ཡོད་ཅིང་། ཚུལ་དེ་ད་ལྟའི་བར་དུ་སྐྱེ་བོ་རྣམས་ཀྱི་དྲན་ཡུལ་ནས་བརྗེད་མེད་དུ་གནས།

      མི་རིགས་སྐད་ཡིག་གི་གནས་བབ་ཀྱང་འབྲེལ་ཡོད་གནད་དོན་གཞན་དག་དང་མཚུངས་པར་གྲངས་ཉུང་མི་རིགས་སོ་སོ་རང་ཉིད་ཀྱིས་ཐབས་བཀོད་གང་དྲག་ཅི་དྲག་འདོན་པ་དང་། ཁྲིམས་ལུགས་གཞིར་བཞག་གི་ཐོག་ནས་ཤུགས་བཏོན་ནས་བརྩོན་ལེན་བྱ་དགོས། འདིའི་ཕྱོགས་སུ་དམངས་ཁྲོད་ནས་ཐབས་ལམ་དང་ཐབས་ཤེས་མི་འདྲ་བ་སྣ་ཚོགས་བརྒྱུད་ནས་མྱུར་སྐྱོབ་བྱེད་པའི་བརྩོན་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ན་ཡང་། དེ་བས་གལ་ཆེ་ཞིང་ཐག་གཅོད་རང་བཞིན་གྱི་ནུས་པ་འཐོན་པ་ནི་ཀྲུང་དབྱང་དང་ས་གནས་ཀྱི་དབང་ཆ་དངོས་འཛིན་པའི་འབྲེལ་ཡོད་སྲིད་གཞུང་གིས་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཚུལ་དང་མི་མཐུན་པ་དང་། སྐྱོན་དང་ལྡན་པའི་སྒོ་ནས་རྒྱ་རིགས་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཚབས་ཆེན་དང་འཇིགས་སུ་རུང་བའི་རྣམ་པ་འདི་དག་ཚང་མ་ཡོ་བསྲང་ཏན་ཏིག་བྱ་དགོས་པ་དེ་རེད།

      སྐད་ཆའི་བྱེད་ལས་གཙོ་བོ་ནི་སྤྱི་ཚོགས་འབྲེལ་གཏུག་གི་ཡོ་བྱད་རེད། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཚང་མས་རྒྱའི་སྤྱི་སྐད་ཀྱང་ཡོངས་ཁྱབ་ཏུ་སྤྱོད་ཀྱི་ཡོད་ན་ཡང་། རྒྱའི་སྤྱི་སྐད་སྤྱོད་རྒྱུ་ཇི་ལྟར་བསྒྲགས་ཀྱང་ས་གནས་ཁག་གི་ཡུལ་སྐད་ཀྱི་ཚབ་བྱེད་ཐབས་མེད་ཅིང་། དུས་ད་ལྟ་ལ་ཐུག་གི་བར་དུ་ཡུལ་སྐད་ཀྱི་ཚབ་བྱེད་ཀྱང་ཐུབ་མེད། དེ་བས་མི་ལོ་བརྒྱ་སྟོང་གི་རིང་ནས་གྲུབ་པའི་གྲངས་ཉུང་མི་རིགས་ཁག་གི་ཕ་སྐད་དེ་གཞན་དབང་གིས་ཚབ་དེ་བས་བྱེད་མི་ཐུབ་ལ་བྱེད་འོས་པ་ཞིག་ཀྱང་མིན།  འདི་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། དེར་བརྟེན་གྲངས་ཉུང་མི་རིགས་ཀྱིས་རྒྱའི་སྐད་ཡིག་སྤྱོད་པ་དེ་སོ་སོའི་མི་རིགས་ཀྱི་སྐད་ཡིག་སྤྱོད་དུ་མི་འཇུག་པའམ་ཡང་ན་སོ་སོའི་མི་རིགས་ཀྱི་སྐད་ཡིག་གི་ཚབ་བྱེད་པའི་རྒྱུ་མཚན་དུ་གཏན་ནས་འགྱུར་མི་རུང་། དེ་ནི་དབྱིན་ཡིག་ལ་མཚོན་ན་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཏུ་སྤྱོད་པའི་སྐད་ཆར་གྱུར་ཡོད་ཀྱང་། དབྱིན་ཡིག་གིས་བདག་གནས་མགྲོན་འཕྲོག་ལྟ་བུའི་སྒོ་ནས་རྒྱལ་ཁབ་ཁག་གི་རང་སྐད་རང་ཡིག་གི་ཚབ་བྱེད་མི་རུང་བ་དང་མཚུངས་ཤིང་། དོན་དངོས་སུ་ཚབ་བྱེད་ཐབས་ཀྱང་མེད་པ་རེད། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁག་ལ་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་ཡོངས་སུ་ཡོད་པས། རྒྱ་ཡིག་གིས་དེའི་ཚབ་བྱེད་དུ་འཇུག་པའི་དབང་ཆ་སུར་ཡང་མེད་ཅིང་རྒྱ་ཡིག་གིས་ཚབ་བྱེད་ཀྱང་མི་འོས་པ་རེད། རང་འདྲར་སྒྱུར་བ་ནི་ལྷག་པར་དུ་དེ་བཞིན་རེད། འདི་ནི་རྩ་དོན་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་དང་ལོ་རྒྱུས་ལ་འགན་འཁུར་དགོས་པའི་གནད་དོན་ཞིག་ཡིན་པས། ཀྲུང་དབྱང་གི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག ལྷག་པར་དུ་ས་གནས་ཁག་གི་འགོ་ཁྲིད་ཀྱིས་ཇི་མི་སྙམ་པར་སྐྱུར་མི་རུང་བ་དང་རང་གི་འགན་འཁྲི་ཁག་འགེལ་ཐབས་གཏན་ནས་བྱེད་མི་རུང་།

      མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་ཀྱི་རིག་གནས་ནི་མི་རིགས་ཁག་གི་བླ་སྲོག་དང་། མི་རིགས་ཤིག་གནས་པའི་རྨང་རྟེན། མི་རིགས་ཤིག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཆུ་མགོ་ལྟ་བུ་དང་། མི་རིགས་ཤིག་འཚོ་གནས་དང་རྒྱུན་སྐྱོང་བའི་སྲོག་རྩ་དང་སྒུལ་ཤུགས་རེད། ད་ལྟའི་དུས་འདིར་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཕར་ཞོག སྔོན་ཐོན་ཡིན་པའི་དམངས་གཙོ་རིང་ལུགས་ཀྱི་བསམ་བློ་མཐའ་དག་ལ་མཚོན་ན་ཡང་། མི་རིགས་ཀྱི་འབྲེལ་བའི་ཐོག་མི་རིགས་འདྲ་མཉམ་བརྩི་སྲུང་བྱས་མིན་ནི་དེའི་བསམ་བློ་སྔོན་ཐོན་དང་ཕྱིན་ཅི་ལོག་པ་གང་ཞིག་ཡིན་མིན་དང་། ཡང་དག་དང་ནོར་འཁྲུལ་གང་ཞིག་ཡིན་མིན་གྱི་དབྱེ་བ་འབྱེད་པའི་རྟགས་མཚན་ཡིན་པ་དང་གནད་འགག་ཐུག་ས་རེད། དེ་ལས་སྐད་ཡིག་འདྲ་མཉམ་ཡོང་རྒྱུ་ནི་མི་རིགས་འདྲ་མཉམ་གྱི་ནང་དོན་ཧ་ཅང་གལ་ཆེན་གྱི་གྲས་ཤིག་རེད། འཛམ་གླིང་གི་མི་རིགས་གང་ཞིག་ཡིན་ཡང་མི་རིགས་དེ་མེད་པར་འགྲོ་བ་ལ་ཐོག་མར་སྐད་དང་ཡི་གེ་མེད་པར་འགྲོ་བ་དང་འབྲེལ་སྲོལ་རྒྱུན་རིག་གནས་ཉམས་པ་ནས་མགོ་རྩོམ་པ་ཡིན། འདི་ལས་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ལ་མཐོང་ཆུང་དང་སྣང་མེད་དུ་འཇོག་པའི་བྱེད་སྟངས་ཚང་མ་མི་རིགས་དེ་དང་ལོ་རྒྱུས་ལ་འགན་མི་འཁུར་བའི་བྱེད་སྟངས་ཡིན་པ་ཤེས་ཐུབ།།


ཕྱིར་རྟོག་ཞེས་པའི་དེབ་ཀྱི་ཤོག་ངོས་ ༣༨༡ 

 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post