མི་ལ་ཙི་ཙི།|ཆོལ་གསུམ་ལམ་ཡིག །སྟོད་ཆ།༼༡༡༽



 ཉིནལྔ་པ།

ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ6
གཙོས་ནས་ཀླུ་ཆུ། ལམ་ཐག་སྤྱི་ལེ80
བགྲོད་ལམ་གཙོ་བོ། G316 G213 S326
ཀླུ་ཆུ་རྫོང་། མཚོ་འཕགས། སྨི3600
ཟིན་བྲིས——
(གོང་འཕྲོས)

ཀླུ་ཆུམ་ཁྲོས་ཀླུ་མོ་དཀར་མོ། ཁྲོས་ན་མཛོ་མོ་སྔོན་མོ།

ས་མ་རུབ་ཙམ་ལ་རྨ་ཆུའི་སྟོད་རྒྱུད་གཡས་འགྲམ་ཆུ་ལག་ཆེ་ཤོས་ཀླུ་ཆུའི་འགྲམ་ལ་ཆགས་པའི་ཀླུ་ཆུ་རྫོང་ལ་འབྱོར། གྲང་རེག་གྲི་ལས་རྣོ། ད་རུང་དགུན་གཞུང་ཁོ་ནར་ཡོད། རྫོང་མིང་བྱུང་ཡུལ་ཀླུ་ཆུའི་མགོ་ཁུངས་བཤད་སྐབས་བྲག་དགོན་པས། “ཆུ་ཀླུང་ཆེན་པོ་ཀླུ་ཆུའི་མགོ་ཀླུའི་ཆབ་བྲག་ནས་ཐོན་ཅིང་།” ཞེས་གསུངས་ཡོད། དེའི་ནང་གི“ཀླུའི་ཆབ་བྲག” ཅེས་པ་འདི། སྔོན་ཆད“སོག་པོ་མདའ་བཅུ་གཅིག”དང་། དེང་སང་རྨ་ལྷོ་སོག་རྫོང་དུ་འབོད་པའི་སའི་མངའ་ཁོངས་རི་རྒྱུད་ཆེན་པོ—རྒྱས“西倾”འབོད་པ་དེ་ལ་ངེས་དགོས་པར་འདུག  རི་རྒྱུད་དེ། ནུབ་བྱང་མཚམས་ཀྱི་སོག་རྫོང་ནས་ཤར་ལྷོའི་མཚམས་ཀྱི་རྨ་ཆུ་རྫོང་གི་བར། ཨ་མྱེས་རྨ་ཆེན་གྱི་སྨད་རྒྱུད་དང་ཕྲག་པ་གཤིབ་སྟེ་ཡོད་ལ། ཡང་གཉིས་ཀའི་བར་ན་ཁ་གྱེན་ནམ་བྱང་དུ་འཁོར་པའི་རྨ་ཆུ་ལྷུང་ལྷུང་འབབ་ཀྱིན་ཡོད། ཁ་ཅིག་ས་མིང་དེའི་ཁྲོད་ཀྱི“ཆབ་བྲག”གམ“ཆབ་རག”ནི་སོག་སྐད་དེ། བོད་སྐད་དུ་བསྒྱུར་ན“འོ་ཟོའམ”“འོ་ཟོམ”ཡིན་པར་ཡང་བཤད། དེ་ལྟར་ན་ཆ་ཚང་བོད་སྐད་དུ་སྨྲས་ཚེ“ཀླུའི་འོ་ཟོའམ”“ཀླུའི་འོ་ཟོམ”འདྲ་ཞིག་ལ་ཡོང་། ས་མིང་དེ་ཅི་བས་ཡག  ལན་ཅིག་ཐོས་པས་ཡིད་ངོར་གཤགས་འགྲོ། དེ་མིན། ཡུལ་མིའི་ངག་སྒྲོས་ཁྲོད། རི་རྒྱུད་འདི་ས་ཐོབ་གཞི་བདག་བྲག་རྫོང་བཙན་པོ་འབོད་པ་དེའི་གནས་རིའང་ཡིན་ཟེར།
དེ་བཞིན། ཀླུ་ཆུ་རྫོང་གི་མིང་འདི། གོང་སྨྲས་ལྟར། ལུང་པ་དེའི་དཔེ་སྦྱོར་སྟངས་ཡག་པོ—“མ་ཁྲོས་ཀླུ་མོ་དཀར་མོ། ཁྲོས་ན་མཛོ་མོ་སྔོན་མོ།” ཟེར་བའི་ཆུ་ཀླུང་འདི་ལས་ཡོང་བ་བསྙོན་ཅི་འདིང་། འདི་ལ་བལྟས་ན། དབྱར་ཆུ་རྒྱས་དུས་གཙང་པོ་དེ་བྲུག་ཚབས་ཧ་ཅང་ཆེ་ཚོད་རེད། མ་ཟད་ཆུ་རྔའང་ཧ་ཅིང་རིང་སྟེ། ནུབ་ངོས་སོག་རྫོང་ནས་རྡོག་ཐོན་རྗེས། ཤར་ངོས་ཅོ་ནེ་དང་། དེ་ནས་ཐང་བོད་སྐབས་ཀྱི་རྒྱ་བོད་ས་མཚམས་རྨེ་རུའི(岷县)བར་འབབ་ལ། མཚམས་དེར་གློ་རྡེག་ཁ་གྱེན་ནམ་བྱང་ལ་འཁོར་ཏེ། འགྲོ་མགོན་འཕགས་པའི་ཤིང་སྐུ་གསུང་བྱོན་མ་བཞུགས་ཡུལ—འཕགས་པ་ཤིང་ཀུན་དགོན(临洮)བརྒྱུད། གོང་སྨྲས་ཙོང་ལ་རིང་མོའི་རི་རྒྱུད་འཛད་སའི་ལིའུ་གྱ་འགག་གི་ཆུ་མཛོད་དེའི་བྱང་གོང་ཙམ་དེར། ནུབ་ངོས་ཞོན་ཧྭའམ་ཡ་རྫི་བརྒྱུད་ཅིང་ཡོང་མཁན་རྨ་ཆུར་འདྲེས་སོང་ཡོད། ཡང་། རྨེ་རུ་ནས་ཁ་གྱེན་ལ་བལྟས་ཏེ་རྨ་ཆུར་འདྲེས་པའི་བར་དེར། ཆུ་འདི་ལ་རྒྱས་ཐོ་ཧུ(洮河)ཞེས་འབོད་པ་རེད།
དེ་འབྲེལ་དགེ་ཆོས<<དེབ་དཀར>>>ནང་། “མདོ་སྨད་དང་འབྲེལ་བའི་ཤར་དངོས(ངོས)ཀྱིས(ཀྱི)ཡུལ་རྣམས་ལ་ཡང་། ཀ་ཆུ། ཐོ་ཆུ། སི་ཆུ་ལ་སོགས་པའི་མིང་ཡོད་པ་དག་ལ། འགའ་ཞིག་གིས་ཀ་ཇི་སོའུ་ཅུ་སོགས་རྒྱ་སྐད་ཡིན་ཚུལ་དུ་བྲིས་ཀྱང་གདོན་མི་ཟ་བར་གཞུང་ཆུ་ལས་ཡུལ་གྱི་མིང་བཏགས་པ། དཔེར་ན་ཀླུ་ཆུ་དང་། རྫ་ཆུ་ལྟ་བུའི་བོད་ཀྱི་ཐ་སྙད་ཡིན་ཏེ།” ཞེས་བྲིས་གནང་ཡོད་པ་བཞིན། རང་རེ་ཀ་ཇུ་ཤ་ཅུ་སོགས་ལ་བྲིས་གོམས་ཆེ་རུང་། དོན་ལ་ཀ་ཆུ་ཤ་ཆུ་ཞེས་པའི་གཙང་པོའི་མིང་དག་ཡུལ་མིང་དུ་ཆགས་པ་ཡིན་གཏན་འཁེལ་རེད། ངང་ཚུལ་དེ་འདྲ་སེམས་ལ་བཞག་ནས་བལྟས་ན། ཀྲུང་གོའི་ཧེ་ཧེའི་ཕ་ས་ལྟ་བུའི་ལེན་ཞཱའི(临夏)ས་ཁོངས་ན“广通河”ཟེར་བའི་གཙང་པོ་ཞིག་ཡོད་པར། གནའ་སྔ་མོར་མིང་ལ“大夏水”འབོད་ལ། གཙོ་བོར་དེའི་སྨད་རྒྱུད་ལ་རྒྱས“改河”ཞེས་འབོད་པ་འདི། གུས་པ་བལྟས་ན་ཏག་ཏག་རང་རེའི་ངག་ཐོག་གི“ཀ་ཆུ”རེད་སྙམ། དེ་མིན། ཆེས་ཐོག་མར་རྒྱས་རང་རེའི“ཀ་ཆུ”ཕར“改河”རུ་ལོ་ཙཱ་བྱས་པའམ། ཡང་ན་རང་རེས་རྒྱའི“改河”ཚུར“ཀ་ཆུ”རུ་ལོ་ཙཱ་བྱས་པ་གང་ཡིན་ལ་སྨྲ་ཚོད་མི་ཐིག  འོན་ཀྱང་། རང་རེའི་ད་ལྟའི་བར“改河”འབབ་ཡུལ་ལེན་ཞྭ་ལ་ཏག་ཏག“ཀ་ཆུ”འབོད་པ་འདི། དགེ་ཆོས་གསུངས་སྟངས་ཏེ། “གཞུང་ཆུ་ལས་ཡུལ་གྱི་མིང་བཏགས།” ཞེས་པ་དང་ཁྲིགས་སེ་ཐོ་ཐུག་སྙམ། ཡང་རིགས་འགྲེ་བར་བྱས་ན། དགེ་ཆོས་བསྟན་པའི“ཐོ་ཆུ”ཡང་། རྒྱའི་བཤད་སྟངས་ངོས་ཀྱི་ཀླུ་ཆུའི་སྨད་རྒྱུད“ཐོ་ཧུ”ཡིན་ཤས་ཆེ།
མཇུག་མཐར་སྡོག་སྡོག་བྱས་ཏེ་སྨྲ་འདོད་ནི། མདོ་སྨད་ཙོང་ལ་རིང་མོའི་རི་རྒྱུད་ས་ལ་ཟུག་ས་དེ། བྱང་ནས་ཡོང་བའི་ཙོང་ཆུ་དང་། ནུབ་ནས་ཡོང་བའི་རྨ་ཆུ། དེ་བཞིན་ལྷོ་ནས་ཡོང་བའི་བསང་ཆུ་དང་ཀླུ་ཆུ་བཅས། ཆུ་བཞི་འབྲུག་བཞིའི་ཟོལ་གྱིས་ཐབས་ཅིག་སྔོ་འཛོམས་རྒྱག་སའི་འདུས་མདོ་རུ་རང་བྱུང་ཤུགས་ལ་གྲུབ་པས། “རྨ་རི་མོ་བཞི་ཡི་འདུས་མདོ”ལྟར། གཅིག་མཚུངས་གཡང་ཆགས་ས་ཡི་ཐིག་ལེ་ཞིག་ཏུ་ཡོང་སྙམ་མོ། །

ཉིནལྔ་པ།

ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ7
ཀླུ་ཆུ་རྫོང་ནས་སྟག་ཚང་ལྷ་མོ། ལམ་ཐག་སྤྱི་ལེ88
བགྲོད་ལམ་གཙོ་བོ། G213

ལྷ་མོ་གྲོང་རྡལ། མཚོ་འཕགས། སྨི3350

ཟིན་བྲིས——

མི་ཟན་སྟག་མོའི་ཚང་། དཔལ་ལྡན་ལྷ་མོའི་གནས། འབྲུག་དཀར་གཙང་པོའི་ཁུངས། ཉིན་དང་སྲིབ་ཀྱི་དགོན།

ཉིན་དེའི་གནམ་ངོ་སྔོ་དྭངས་འབའ་ཞིག་ལ་ཡོད། སྣང་བའང་སྐྱིད། རྒྱལ་ལམG213འབྲེང་ནག་བཞིན་སྡོག་སྡོག་རྒྱག་གིན། གྭ་ཞུར་དང་མཚོ་ཉིན་སོགས་ལ་འབོད་པའི་ཡུལ་ལུང་མང་པོ་བརྒྱུད། ཕྱི་དྲོ་ཙམ་ལ་སྟག་ཚང་ལྷ་མོར་འབྱོར། ནགས་ཀློང་ཉམས་དགའ་བ་ལ་དཔེར་མི་ཕོད་པ་ཞིག་ཏུ་ཡོད། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ལ་གཏོགས་པའི་ཀླུ་ཆུ་དང་། སི་ཁྲོན་ཞིང་ཆེན་གྱི་རྔ་པ་ཁུལ་་ལ་གཏོགས་པའི་མཛོད་དགེ་གཉིས། ཏག་ཏག་ལུང་བ་འདིའི་ཉིན་སྲིབ་ཏུ་ཕྱེ་སྟེ་ས་མཚམས་སུ་ཁྲིམས་སེར་འཁེལ།
ལྷ་མོ་གྲོང་རྡལ་ལ་མགྲོན་ཁང་ཐོ་འགོད་བྱས་རྗེས། པར་དང་བརྙན་འབེབས་ཀྱི་ཆས་སོགས་འཁུར་ནས། ཁོ་བོ་སྟག་ཚང་ལྷ་མོར་འབོད་པའི་ཕུག་པ་དེར་ཕྱིན། མཇལ་སྐོར་བྱེད་མཁན་གཅིག་ཀྱང་མི་མཐོང་། ལུང་མདོའི་ཁ་བའི་ཁྲོད་ཀྱི་བསང་ཁྲི་ཆེན་པོའི་སྒང་ན་མེ་ལྕེ་ཚན་པོ་ཆེ་གཅིག་དམར་ཆེམ་ཆེམ་འབར། སྒྱུ་འཕྲུལ་ཅིག་དང་འདྲ། རྨི་ལམ་ཞིག་དང་མཚུངས། དེ་གཡས་སུ་བསྐོར་ཏེ་བྲག་ཕུག་གི་སྒོ་ཁར་ཕྱིན། ངེར་སྐད་སྒྲོག་པའི་ཉམས་དང་བཅས། སྟག་མོའི་འདྲ་འབག་ཅིག  ཁ་བྱང་ངོས་ནགས་མ་རོག་རྫོང་དེར་ཕྱོགས་ནས་བཟོས་འདུག  འོན་ཀྱང་དེ་ཙམ་གསོན་ཉམས་མི་དོད། རྩེད་ཆས་ཤིག་དང་འདྲ་སེ་བ། ཁོ་བོ་ཕུག་པའི་ནང་འཛུལ། བྲག་ཅ་མགོ་ནང་ལ་རྡིབ་ཀྱིན་ཡོང་། ནག་འཐིབས་སེར་ཡོད་པའི་ཕུ་ནས་ཁ་ཕྱིར་འཁོར་ཏེ་བལྟས་དུས། ཕུག་སྒོ་གཡས་གཡོན་གཉིས། འོད་སྣང་གསལ་སྒོར་རེར། རྟོག་པ་བརྡལ་ན། མིའི་མགོ་རུས་སྐམ་པོ་ཞིག་གི་སྦུབས་ནས་ཕྱི་རོལ་ལ་བལྟས་འདྲར་ཡོང་། རྒྱུ་མཚན་མེད་པར་མིག་ཟུང་བཙུམས་ཏེ་ཅུང་ཞིག་བསྡད། སྟོང་འཇགས་ཙམ་ལས་ཅི་ཡང་མི་ཚོར། ཐ་ན་སྐྲག་རྒྱུ་ཞིག་ཀར་ཀར་ཡོང་། ཁོ་བོ་ཕུག་སྒོར་ཤད་ཀྱིས་ཐོན།
ཕྲི་ལི་ལི། བྲག་ཕུག་གི་མདུན་ངོས་དེ་ན་ཆུ་ཕྲན་ཞིག་རྩེ་ཞིང་རྒྱུག  འབྲི་ཆུའི་ཆུ་ལག་ཅ་ལིན་གཙང་པོའི་ཉིང་ལག—རང་རེར་གྲགས་ཆེ་བའི་འབྲུག་དཀར་གཙང་པོའི་ཆུ་མགོ་ཏག་ཏག་འདི་རེད། རྫ་ཆུ་ཕྲ་མོ་འདི་འདི་ནས་ཁ་ཤར་ལ་བལྟས་ཤིང་ཐེ་བོ་རྫོང་ཁོངས་བརྒྱུད་འབྲུག་ཆུ་རྫོང་གི་བར་འབབ་ལ། དེའི་ཁྲོད་ཆུ་ལག་ཆུ་ཕྲན་རྫོགས་མེད་རུམ་ནང་དུ་འཆུ་བཞིན། མུ་མཐུད་དུ་ཁ་ལྷོ་ལ་ཕྱོགས་ཏེ་ཅ་ལིན་གཙང་པོར་འདྲེས་སར་ཆུ་ཀླུང་ཆེན་པོར་ཆགས་ཡོད། སྤྱིའི་རིང་ཚད་སྤྱི་ལེ576ལ་ཡོང་།
བཤད་བྱའི་གཙོ་བོ་སྟག་ཚང་ལྷ་མོ་ཞེས་པའི་མིང་བྱུང་ཚུལ་ཐད། བྲག་དགོན་པའི་གསུངས་སྟངས་བྱས་ན། དང་པོའི་ཚེ། གནས་དེར་མི་ལ་འཚེ་བའི་སེམས་ཅན་སྟག་མོ་ཞིག་ཡོད་ཅིང་། ཡང་སྟག་མོ་དེ་གནས་བདག་ཅིག་གི་བཞོན་པའང་ཡིན་ཟེར་ལ། ཕྱིས་སུ་ཀིརྟི་བསྟན་པ་རབ་རྒྱས་ཞུ་བས་གནས་བདག་དེ་བཞོན་པ་དང་ལྷན་དུ་དམ་ལ་བཏགས་པས། རིམ་གྱིས་ས་མིང་དུ་ཆགས་ཟེར། བྲག་དགོན་པས་ད་རུང་། མ་ཎི་བ་ཤེས་རབ་བཀྲ་ཤིས་ཞུ་བས“རང་རྣམ”ནང་། ཉིན་ཞིག་སྟག་ཅིག་བྲག་ཕུག་སྒོར་ཡོང་བར་སྙིང་རྗེ་བསྒོམས་པས། སྟག་གིས་ཁོར་གནོད་མ་འཚེ་ཞེས་བྲིས་ཡོད་ཟེར། གང་ལྟར་གནའ་སྔ་མོར་བྲག་ཕུག་དེ་སྟག་མོ་འཁོར་ས་ཞིག་ཡིན་ཚོད་རེད། དེ་མིན་ངག་རྒྱུན་ཁྲོད། གནས་དེ་མ་ཅིག་དཔལ་ལྡན་ལྷ་མོ་བཞུགས་ཡུལ་ཅིག་ཀྱང་ཡིན་པར་བཤད་པས། རིམ་གྱིས“སྟག་ཚང”དང“ལྷ་མོ”གཉིས་མདུན་རྒྱབ་ལྷུ་སྤྲད་དེ—“སྟག་ཚང་ལྷ་མོ”ཞེས་པའི་ལོ་རྒྱུས་སྒང་གི་ས་ཚིགས་ཤིག་ཏུ་གྱུར་པར་མངོན། དུས་མཚུངས་སུ་མདོ་ཁམས་བོད་མིའི་དད་པའི་གནས་ཤིག་ཏུའང་ཆགས།
གོང་སྨྲས་བཞིན། ལུང་པ་འདིའི་ཉིན་ངོས་ནི་ཀན་སུའུ་ཞིང་ཆེན་གྱི་ས་ཆ་རེད། དེ་གར་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་ཆགས། སྲིབ་ངོས་ནི་སི་ཁྲོན་གྱི་ས་ཆ་རེད། དེ་གར་སྟག་ཚང་ལྷ་མོ་ཀིརྟི་དགོན་ཆགས། དགོན་གཉིས་ས་རྒྱུས་མིང་བརྡ་དང་དད་པའི་ཞིང་ས་གཉིས་ཀ་ཡིན་པའི“སྟག་ཚང་ལྷ་མོས”ལུང་ཚན་གཅིག་ལ་དབུ་ཐོད་མཐུན་སྦྱོར་བྱས་ཡོད་མོད། དུས་ནམ་ཞིག་ནས་བཟུང་བར་ལ་ལོ་རྒྱུས་འགལ་རྐྱེན་བཤད་མི་བདེ་བ་རེ་ཤོར་མྱོང་ཟེར། ཅི་ཡིན་ཕལ་བས་ཕུག་མི་ཕེར། བཞག་པས་དགའ། དེ་མིན། སྟག་ཚང་ལྷ་མོ་ཀིརྟི་དགོན་འདི། སྤྱིར་ཀིརྟིའི་མ་དགོན་དུ་ཡང་བཤད། ཆོས་ལུགས་ལོ་རྒྱུས་ཁྲོད་གོ་འཕང་མི་དམའ་ཚོད། གང་ལྟར་ཕྱོགས་དེ་ནི། གོང་བཤད་འབྲུག་དཀར་གཙང་པོའི་ཆུ་མགོ་དང་སྟག་ཚང་བྲག་ཕུག་ཡོད་ས་དེ་ལ་འཁེལ།
དགེ་ཆོས་ཀྱིས<<ཆོས་ཀྱི་ཚིགས་སུ་བཅད་པ>>རུ། “ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ། །ཡིད་ནི་གཙོ་ཞིང་སྔོན་ལ་འགྲོ །” གསུངས་པ་ལྟར། གོང་སྨྲས་ལྟར་ཅི་ཡིན་གནད་མི་ཕིག་པའི་རང་རེའི“སྒྱུ་འཕྲུལ་དངོས་ཡོད་རིང་ལུགས”ཀྱི་གཏམ་རྒྱུད་དག་བག་ལ་གོམས་ཡོད་པས། གུས་པ་དགོན་གཉིས་ཀའི་གཅིག་ལའང་ཕྱིན་པ་མེད། ཉི་མ་རི་རྒྱབ་ལ་བག་མ་བཞིན་གབ་དང་ལྷན། ཤད་ཀྱིས་ཁ་ཕྱིར་འཁོར་ནས་ལྷ་མོ་གྲོང་ཚོར་ལོག་པའི་ལམ་དུ་ཐེག  འབྲུག་དཀར་གཙང་པོ་འཁྲིས་སུ་ཁག་ཁག་དགོད་ཅིང་རྒྱུག  འོན་ཀྱང་རྩེ་དགའི་རྣམ་པ་ཅན་གྱི་ཆུ་ཕྲན་འདི་སྨད་ལ་བསླེབས་དུས་ཆུ་ཀླུང་ཆེན་པོར་ཆགས་ཡོད་པ་གོང་ལའང་སྨྲས་ཟིན། མ་ཟད། 2010ལོའི་ཟླ8པའི་ནང་དེ་དྲག་ཏུ་ཁྲོས་པའི་ཁྲོད། འབྲུག་ཆུ་རྫོང་ལ་ས་རུད་ཚབས་ཆེན་བྱུང་སྟེ་སྐྱེ་བོ་མང་པོ་རྐྱེན་ལམ་དུ་ཤོར། དེའི་རྣམ་པ་དེ་དུས་བརྙན་འཕྲིན་ལས་མཐོང་། སྐྱི་གཡའ་བ་ལ་ཚོད་ཅིག་མེད། དེར་གུས་པའི་ཡིད་ལ། ཀླུ་ཆུའི་སྐབས་ཀྱི་མཆིད—“མ་ཁྲོས་ཀླུ་མོ་དཀར་མོ། ཁྲོས་ན་མཛོ་མོ་སྔོན་མོ།” ཞེས་པ་དེ་དྲན་ཡོང་། བཙས་མ་ཐག་པའི་རྟོལ་ཕྲུག་གི་ཉེ་སར་གཏུག་མཁན་ཁྱི་རིག་ན། ཨ་མ་མཛོ་མོ་དེ་ག་འདྲར་ཁྲོས་ཡོང་ཚུལ། དངོས་སུ་མ་མཐོང་ན་ཁྱོད་ཀྱི་ཡིད་ངོར་འཆར་མི་བཟོད། དེ་ལ་ངེད་ཀྱི་ཕ་ཡུལ་མཚོ་སྔོན་པོ་ནས། “མཛོ་མོས་ཁྱི་རིག་པ་ལྟར།” ཅེས་བརྣག་མེད་ཞེ་འཁོན་གྱི་དཔེ་རུ་འདྲེན་སྲོལ་མཆི། གུས་པས་བཤད་འདོད་པ་ནི། དཔེ་དེ་རང་བྱུང་ཁམས་ལ་ཧྲིལ་གྱིས་བརྡལ་ཆོག་པས། གལ་ཏེ་ཟ་ཧེབ་མེ་ལྟར་འབར་བའི“ཁྱི་ཚོགས”ཀྱིས་ས་ཁ་གང་ན། གཙེས་དྲགས་པའི“མཛོ་མོ”དེ་འབྲུག་ཆུ་སྔོན་མོ་ཇི་བཞིན་སྣ་སྡོད་མེད་པར་ཤོར་མི་ཡོང་བའི་ངེས་པ་མེད་ལ། སྐབས་དེར་ལེ་ཁག་དཀྲི་ཡུལ་ཡོད་རུང་དཀྲི་ལོང་མི་སྟེར་ཅེས་པ་འདི་ཡིན་ནོ། །དེར་བརྟེན། ས་གོ་ལའི་སྡེ་བ་གང་ལ་མཚོན་ནའང་། མེས་པོ་ཚོས་གཅེས་པར་འཛིན་པའི་རང་བྱུང་ཁམས་ཀྱི“ཞེད་དད”དེ་ཆ་ཚང་གུད་དུ་བོར་ན་ཡག་པོ་གཏན་ནས་མི་ཡོང་ཚོད།
དེ་ལྟར་ས་སྲོས་ཁྲོད། གུས་པ་ཕྱིར་ལྷ་མོ་གྲོང་རྡལ་དུ་འབྱོར། འོན་ཀྱང་ཅུང་ཞིག་ཡིད་ཕངས་པ་ནི། ལྗོངས་རྒྱུ་བས“ཤར་ཕྱོགས་སེའུ་ཙེར”དུ་བསྔགས་ཡོད་པའི་གྲོང་ཆུང་འདིའི་འཕྲོད་བསྟེན་མི་བཟང་། དོན་ལ་ཧ་ལས་པ་མི་བཟང་། ཤིན་ཏུ་ནས་མི་བཟང་། ལྷ་བཟོའི་ཕྱག་ལས་བྱོན་འདྲའི་རི་ལྗོངས་དེ་དང་ངོས་མཐའ་གཉིས་ལ་ལོག་སྟེ་གཤིབ་མི་བདེ། གལ་སྲིད་འཕྲོད་བསྟེན་ཡང་བསླེབ་པ་ཡིན་ན། སེའུ་ཙེར་ལ་རེ་དོགས་བྱ་དགོས་ཡོད་དམ།  རང་ཉིད་མ་གཞི་ནས་མཛེས་པའི་དྭངས་རྩེར་སོན་ཡོད།
ལྷ་མོ་གྲོང་ཚོའི་འཕྲོད་བསྟེན་གྱི་བསྡུས་གཟུགས་འདྲ་བའི་འགྲུལ་ཁང་ཐེབས་ཆག་དེའི་ནང་དྲོད་རླངས་སོགས་ཕར་ཞོག  མལ་ཐུལ་མཐུག་པོ་ཙམ་ཡང་རག་རྒྱུ་མ་བྱུང་བས། གུས་པ་ནམ་གུང་གྲང་ངར་ཁྲོད་ཡང་ཡང་སད། སད་ཐེངས་གཅིག་ལ་གློ་རྡེག་སེམས་ནང་དུ། རང་ཉིད་གྲོགས་མེད་ཁེར་རྐྱང་ངང་འདི་ལྟ་བུའི་ལུང་ཕྲན་ཆ་མེད་ཅིག་ཏུ་ཡོད་དོན་ག་རེ་ཡིན་ནམ་སྙམ། འོས་བབ་ག་རེ་ཡོད་དམ་སྙམ། ཕ་ཡུལ་ནས་ལམ་དུ་ཆས་ཁར་སྣང་བ་དེ་ཙམ་མི་ཆ་བའི་ཡུལ་མི་ཞིག་གིས་ཁོ་བོར། “ཁྱོད་དེ་ལྟར་སོང་ན་ཅི་ཞིག་ཡིན་ནི་རེད།” ཅེས་དྲིས་པར་སྐབས་དེར་ཁོ་བོས་ཀྱང་ཁ་ཤེད་མཁྲང་པོས། “ང་དེ་ལྟར་སོང་ན་ཅི་ཞིག་མིན་ནི་རེད།” ཅེས་ལབ་བརྒྱབ་པ་ཡིན། འོན་ཀྱང་ནུབ་མོ་དེར་ངས་ཡུལ་མི་དེ་ནང་བཞིན་རང་ཉིད་ལ། “ཁྱོད་འདི་ལྟར་སོང་ན་ཅི་ཞིག་ཡིན་ནི་རེད་ཁྱོད་འདི་ལྟར་སོང་ན་ཅི་ཞིག་ཡིན་ནི་རེད་ཁྱོད་འདི་ལྟར་སོང་ན་ཅི་ཞིག་ཡིན་ནི་རེད།” ཅེས་ཀླད་པའི་ནང་ཨ་བོ་ནེ་ཙོའི་ཀློག་བར་མེད་དུ་བསྐོལ་པ་ཡིན། གང་འཚམས་དྲན་པ་ཟ་ཟིའི་ཁྲོད་དེ་ལ་ལན་ལྷང་གིས་རྙེད་བྱུང—ང་འདི་ལྟར་སོང་ན་ཅི་ཡང་མ་རེད།  ང་འདི་ལྟར་སོང་བས་ཅི་ཡང་མི་འགྲུབ། གསལ་པོར་བཤད་ན། སྙིང་པོ་སྤུ་ཙམ་མི་ལོན། བྱས་པ་ཏིལ་ཙམ་མི་ཡོང་། རང་ཉིད་ནི་ཅི་ལྟར་བལྟས་ན་དེ་ལྟར་ཁཱ་མེའུ་ཡི་སྙུག་རྩེའི་རྨོ་ཨེར་སོ་ཇི་བཞིན། “མདོ་མེད”ཀྱི“དམོད་སྔགས”ཐེབས་པའི་སྐྱེ་བོ་ལྷག་མ་ཙམ་ལ་ཟད་འདུག  ཨ་ཁ་ཁ། འདི་དག་ཐམས་ཅད་བྱུང་མེད་ན་སྤུས་གཙང་དེ་ལ་མི་ཡོང་ངམ……
འོན་ཀྱང་། ཕྱི་ཉིན། འཛམ་གླིང་ཉི་མའི་ཐོད་པ་སེར་འཛོང་ངེར་སྒེའུ་ཁུང་ལས་འཇུར་ཡོང་དུས། གུས་པ་བློ་བག་ལྷོད་ཤིག་གེར་གཉིད་ལས་སད། སད་ནས་ཀྱང་མལ་སའི་ནང་སྐྱིལ་མོ་ཀྲུང་ལ་བསྡད་དེ་བསམ་བློ་ཞིག་བཏང་། ཡང་བསམ་བློ་ཞིག་བཏང་། ད་རུང་བསམ་བློ་ཞིག་བཏང་། ཐོལ་གྱིས། སེམས་ཁོང་ཧྲིལ་པོ་འགྲུལ་བཞུད་ཀྱི་སྤྲོ་སྣང་གིས་བརྟས་བྱུང་། ལྟེམ་བྱུང་། མེར་བྱུང་། མེས་པོའི་མཆིད་དུ། “ལུས་དྲང་ན་རྩ་དྲང་། རྩ་དྲང་ན་སེམས་དྲང་།” ཞེས་པ་བདེན་ཚོད་རེད། དེར་བརྟེན། ཕྱི་རབས་པ་ཚོར་ཉམས་མྱོང་ཞིག་བརྟོལ་རྒྱུ་ཡོད་པ་ནི། གཅིག་པུའི་འགྲུལ་བཞུད་ཁྲོད། མཚན་མོར་ཉལ་མ་ཐག་གཉིད་ཁེར་མ་བོ་སོམས། གཞན་མ་དྲན། དེ་མིན་ཉལ་སའི་ནང་འདང་སྐོར་ལོག་བརྒྱབ་ན། ནུབ་དེའི་གུས་པ་ལྟར་སྡུག་ཐུག་འདྲ་མེད་ལ་ཡོང་ཉེན་ཆེ། སེམས་དང་ལྒང་ཕུག་ཐོ་ཐུག  ཕོ་ཚོད་ཞན་ཏེ་ངོ་ཚ། དེའི་སྟབས་ཀྱིས། གནས་དུས་ཅི་དང་གང་ལ་འཕྲད་རུང་། ཉིད་ནས་ལུས་སེམས་གཉིས་ཀ་དྲང་ཤ་ལེར་སྔུན་ཕྱོགས་སུ་སྐོར་ལ། སང་གི་ལམ་ག་སྐྱིད་ལ་སྒོམ་དང་དེས་དགའ་ན་ཅང་མེད། ལར་འགྲུལ་བཞུད་སྐད་པའི་རྫིག་མདོག་ཁ་པོ་དེའང་། དོན་ལ་གོམ་པ་གང་རེ་གང་རེས་མ་དྲུབ་མ་དྲས་པ་ཞིག་གང་ན་ཡོད། འོ་ན་གོམ་པ་གང་ཙམ་ཕར་འདོར་རྒྱུར་ཁྱོད་ལ་དེ་ཙམ་ཞེད་སྣང་ཡོང་ནས་ཅི་བྱེད—མཚམས་ལན་རེར་རླུང་ལྡོམ་འདྲ་བའི་དྲི་བ་འདི་ཙམ་པོའི་ཁྲོད་ནས་ཀྱང་། མི་གྲལ་ནས་ལོགས་སུ་གྱེས་མཁན་སེམས་གཅོང་ཅན་དེ། གློ་རྡེག་ཏུ་མྱི་ལྡང་སྙིང་རྡོ་ཅན་ལ་ཡོང་དུས་ཀྱང་ཡོད་དོ། །

༼མུ་འགོད།༽


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post