ཉིན་བཞི་པ།
ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ5བླ་བྲང་ནས་གཙོས། ལམ་ཐག་སྤྱི་ལེ66བགྲོད་ལམ་གཙོ་བོ། S312 G568 གཙོས་གྲོང་ཁྱེར། མཚོ་འཕགས། སྨི2936རྗེ་མི་ལ་མདོ་སྨད་གཙོས་ཀྱི་ས་ཕྱོགས་འདིར་ཅི་ལྟར་ཕེབས་པ་ཡིན་ནམ།སྲས་མཁར་དགུ་ཐོག་གླེང་མ་ཐག རྗེ་མི་ལའི་རྣམ་ཐར་བཀླགས་མྱོང་ཡོད་མཁན་ཞིག་ཡིན་ཕྱིན། ཐོས་པ་དགའ་ཡིན་དུས་ཀྱི་ཁོང་གིས་མཐུ་བཏང་སྟེ་སྐྱེ་བོ་སོ་ལྔ་བསད་ཅིང་། ཡང་ཉེས་སྡིག་རྔམ་པོ་ཆེ་དེ་སེལ་ཕྱིར། བླ་མ་མར་པའི་བཀའ་ཆད་ཇི་བཞིན། བླ་མའི་སྲས་དར་མ་མདོ་སྡེ་སྡོད་སར་བརྩིགས་ཟེར་བའི་མཁར་དགུ་ཐོག་དེ་ལྷང་གིས་དྲན་ཡོང་ཚོད། མ་ཟད་གཙང་སྨྱོན་ཧེ་རུ་ཀས་རྗེ་མི་ལའི་རྣམ་ཐར་ནང་བྲིས་སྣང་བའི་མཁར་དེ་འཇིག་ཤུལ། དུས་དེང་སང་ད་རུང་ལྷོ་བྲག་གྲོ་བོ་ལུང་ན་མཇལ་རྒྱུ་ཡོད་ཀྱང་ཟེར། དེར་བརྟེན། དོ་སྣང་ཆུང་བ་དག་གི་འགྲོ་ཞོར་ལམ་བུའི་སེམས་ཞོར་ལའང་། འོ་ན་མདོ་སྨད་གཙོས་གྲོང་འདབས་འདིར་སྲས་མཁར་དགུ་ཐོག་ཅིག་བྱུང་དོན་ག་རེ་ཡིན་ནམ། ལྟ་བུའི་དྲི་བ་རླུང་ལྡོམ་འདྲ་རེ་ངང་གིས་འཁོར་ཡོང་ཚོད།འདིར་སྐབས་སུ་བབ་པ་ལྟར་དེའི་སྐོར་ནས་ཇ་གཏམ་ཐུང་ངུ་ཞིག་ལབ་འགྲོ།དེར་ཡང་། དུས་རབས17པར་བྱོན་པའི་ཤར་སྐལ་ལྡན་རྒྱ་མཚོ་ཚང་གིས་རང་ལ་ཐུགས་དམ་གྱི་རྟེན་བྱིན་ཅན—རྗེ་མི་ལའི་འདྲ་སྐུ་གསུང་འབྱོན་མ་ཞིག་ཡོད་པ། 1619ལོར་གཙོས་དགོན་དགེ་ལྡན་ཆོས་གླིང་གི་རྨང་འདིང་མཁན—ཁོང་གི་དངོས་སློབ་དམ་པ་འབེ་ཤེས་རབ་མཆོག་ལྡན་ལ་གནང་ཞིང་། འབེ་ཤེས་རབ་མཆོག་ལྡན་ཚང་གིས1678ལོར། དགོན་དེ་ག་རང་དུ། རྟེན་བྱིན་ཅན་གང་དེ་བཞུགས་ཡུལ་ལ་འབུམ་ཁང་ཞིག་བཞེངས་སྐབས། ས་གཤོ་ཤུལ་དུ་རྗེ་མི་ལའི་ཞལ་ཐང་ཞིག་བྱུང་བ་སོགས་རྟགས་ལྟས་ཁྱད་པར་ཅན་ཐོན་ཟེར། མ་ཟད་དེས་ལྷག་པར་སྐུ་གསུང་འབྱོན་མ་དེའི་མཚན་སྙན་ཕྱོགས་སུ་རྒྱས་ཟེར། ཕྱིས་ཀྱི1777ལོར། རྗེ་བློ་བཟང་དར་རྒྱས་ཚང་གི་ཐུགས་བཀོད་འོག སྐུ་འབུམ་དེ་འཕང་དང་སྲིད་ལ་རྒྱ་བསྐྱེད་དེ་རྩེག་རིམ་དགུ་ལྡན་གྱི་མཁར་ཆེན་ཞིག་ལ་བཞེངས་ཤིང་། མིང་ཡང“སྲས་མཁར་དགུ་ཐོག”གམ“གཙོས་སྲས་མཁར་དགུ་ཐོག”ལ་ཆགས་པ་རེད།ཐོག་མར་བགྲོ་གླེང་བར་འདོད་པ་ནི། དེ“སྲས་མཁར”རེད་དམ“གཙོས་མཁར”རེད་ཅེས་པའི་ཐེ་ཚོམ་ཉི་ཚེ་བ་འདི་ཡིན།དེར་ཡང་། ཁོ་བོའི་ལག་སྣེའི་གཙོས་གྲོང་ངམ་གཙོས་ཀྱི་ལུང་པའི་ལོ་རྒྱུས་ཁྲོད། “གཙོས”ནི“གཙོ་བོར་བྱས་པ”སྐུང་འབྲི་ལས་བྱུང་ཞིང་། དོན་ལ་མིང་མ་ཡིན་པར། ལས་དང་བྱེད་པ་ལྷན་དུ་ཚོགས་ཏེ་མིང་བརྡར་འགྱུར་ལུགས་ཤིག་ཡིན་རབས་ཤོད། ཡང་དེ་དང་མ་འདྲ་བ་གཙོས་ཤེས་རབ་རྒྱ་མཚོ་ཞུ་བས་ཁོང་གི་བརྩམས་དེབ་ཁྲོད། “སྔོན་ཆད་གཙོས་ཀྱི་ས་གཞི་འདིར། །གཙོས་སོགས་རི་དྭགས་སྣ་ཚོགས་ཀུན། །”ཞེས་འཁོད། གཙོ་བོར་བཞེད་ཁ་དེ་དང་མཐུན་པ་དམངས་ཁྲོད་ན་ཧ་ཅང་འབྱམས་ཆེ། དེ་ལ་བལྟས་ན། “གཙོ་བོར་བྱས་པ”ལས་མ་ཡིན་པར། ལུང་པ་འདིའི་མིང་ཏག་ཏག་རི་དྭགས་གཙོད་ནས་ཡོང་བར་ཡིད་རྟོན་ཆོག་ཙམ་གདའ། གུས་པའི་བློ་ཁ་འདི་ལ་བཟུར་ཆེ། རི་དྭགས་གཙོད་ལ་རང་རེས་ངག་ཐོག་ནས་ཏག་ཏག“གཙོས”ཞེས་འབོད་པ་དཔེར་ན་ཨ་མདོའི་དམངས་ཁྲོད་ཀྱི་གནའ་གཏམ་ཞིག་ལ། “ཁྱི་མོ་དམར་མོ་གཙོས་ལ་བཏང་ནས། གཙོས་ཀྱི་གཙོས་རྭ་བླངས་ནས། གཙོས་རྭ་ཐོགས་ཏེ་ཆུ་མགོ་དུང་དཀར་དྲལ་ནས……”སོགས་སྙན་མོ་ཞིག་གྱེར་རྒྱུ་ཡོད་པ་དེ་ལྟར་རེད། དེར་བརྟེན། དེང་སང་ཁ་ཅིག“གཙོད”གྲོང་ཞེས་རི་དྭགས་གཙོད་ཤུགས་ཆེར་འདོན་ཆས་བྱེད་མོད། བཟོ་མ་བཅོས་པར་སྔ་མའི“གཙོས”ལ་བཞག་ནའང་། རི་དྭགས་གཙོད་ཀྱི་དོན་སྟོན་མི་ནུས་པར་སེམས་ཁྲལ་མ་དགོས་སྙམ། ལྷག་པར་ལོ་རྒྱུས་དེབ་ཐེར་ཁྲོད་མིང་དོན་ངོ་འཕྲོད་ལ་དེ་ལས་བེད་ཆེ་བ་མེད། བྲག་དགོན་པས<<མདོ་སྨད་ཆོས་འབྱུང>>དུའང“གཙོས་དགོན” “གཙོས་དཀའ་བཅུ་བ” “གཙོས་རམས་པ”ལ་སོགས་པ་ས་མིང་མགོ་ལ་སྦྱོར་གྱིན་དོན་སྣ་ཚོགས་འགྲོལ་སྐབས་ཀྱང་། ལོ་རྒྱུས་དང་ས་ཁམས་དེ་དག་འཕྲལ་མ་ཉིད་ལ་འཕལ་ཀ་འཕྲོད་ཀྱིན་ཡོང་བས་རྒྱུས་མེད་པ་ཚོ་འཇུག་བདེ། དོན་ལ་ལོ་རྒྱུས་ས་མིང་གང་ཡིན་རུང་སྔ་མོའི་སོར་ལ་འཇོག་རྒྱུ་ཧ་ཅང་གལ་ཆེ་བར་སྙམ། དེ་ལ་ཡག་ལས་སམ་མཛེས་བཟོ་འདྲ་པོ་རྒྱག་ཁུལ་བྱས་པ་ཡིན་ན། ངོ་མ་རྒྱའི་ཁ་དཔེ“སྦྲུལ་ལ་རྐང་ལག་བྲིས”ཞེས་པ་ལས་མ་འདས། དཔེར་ན་ངེད་ཀྱི་ལུང་པ་ནས་ཀྱང་མགོ་བདེ་ཁ་ཅིག་རྒྱ་སྐད་ཀྱི“都兰”ཞེས་པར“དུར་ལམ”དང་སོག་སྐད་ཀྱི“乌兰”ཞེས་པར“དབུས་ལམ”ཞེས་རང་སྣང་སྐྱིད་གླུ་གཏོང་ཞོར་གཡག་སྣ་ཁུ་ཚུར་བྱེད་མོད། དོན་དུ་ལོ་རྒྱུས་ལ་ཆ་མཚོན་ན། དེའི་ཡིག་རིགས་ཀྱིས་མི་ཕྱེ་བའི་སྔ་མའི་བརྡ་ཆད་ལ་བསམ་བཞིན་ཡིན་མ་ཡིན་གང་ཅིའི་ཆ་ནས་བཟོ་བཅོས་རྒྱག་པ་དེ་ལས་ཐ་ཆད་པའི་ལས་ཀ་མེད་སྙམ།“གཙོས”ཡིག་ལ་དེ་ལྟར་འོལ་ཚོད་ཕྲན་བུ་བྱས་རྒྱབ་འདིར། གུས་པའི་ངག་ལ“གཙོས་མཁར་དགུ་ཐོག”ལྷག་པར་བདེ་ཅག་འཁྱུག་པོར་ཡོང་། ཡང་རྒྱུ་མཚན་ཕྲན་བུ་མེད་ན་ཨུ་ཚུགས་རྐྱང་གིས་གོ་ཅུང་ཙམ་མི་ཕེར། དེར་བརྟེན་གུས་པས“གཙོས་མཁར”ནས“སྲས་མཁར”དུ་འགྱུར་ཚུལ་ལ་བརྗོད་ཁ་དྲང་མོ་ཞིག་ཨེ་འཁྱོལ་བལྟ། ཐོག་མར། ཨ་མདོའི་ལུང་པ་འདིར། “གཙོས”དང“སྲས”གཉིས་ཀའི་སྒྲ་འབྱིན་སྟངས་མཚུངས་སེ་བ་གཅིག་ལ་ཡོང་། དེའི་འཕྲོར། གོང་སྨྲས་ལྟར། མཁར་དགུ་ཐོག་འདིའི་མ་གདན་འབུམ་ཁང་དེ། གསུང་འབྱོན་ཤེས་པར་བཤད་པའི་རྗེ་མི་ལའི་འདྲ་སྐུ་དེའི་ཕྱིར་བཞེངས་ཟེར་ལ། ཡང་དེ་བཞེངས་པའི་ཁྲོད་ས་རྐོ་རྡོ་སློག་བྱས་སར་རྗེ་མི་ལའི་ཐང་སྐུ་ཞིག་ཀྱང་བྱུང་ཟེར་བས། ཕར་བལྟས་ན། མཐོང་དུ་མེད་པ་ཞིག་གིས་སྐབས་དེའི་མི་རྣམས་ལ་རྐང་བཙུགས་ཏེ་ཐོག་མའི་དུས་ནས་བཟུང་རྗེ་མི་ལའི་བག་ཆགས་བཞག་དང་འཇོག་མུས་སུ་སྣང་། ཡང་མཐར་ཐུག་མཁར་དེ་ཏག་ཏག་རྩེག་རིམ་དགུ་ཅན་ལ་བཞེངས་པ་དེས། མི་རྣམས་ཀྱི་བློ་ངོར་ལྷག་པར་རྗེ་མི་ལས་སྲས་དར་མ་མདོ་སྡེར་མཁར་དགུ་ཐོག་ཅིག་བཞེངས་ཟེར་བའི་གཏམ་རྒྱུད་དེ་ཐོལ་གྱིས་བློས་སློང་བྱེད་དུ་འཇུག་པས། རྟོག་དཔྱོད་མི་དགོས་པའི་དད་པ་དག་སྣང་ཁྲོད། ལྷོ་བྲག་གི་མཁར་དེའི་བག་ཆགས་སྐད་ཅིག་སྐད་ཅིག་ལ་ཨ་མདོའི་མཁར་འདི་ལ་གྲོང་འཕོ་བྱས་ཏེ། “གཙོས”མཁར“སྲས”མཁར་དུ་འགྱུར་མགོ་བརྩམས་པ་རེད་སྙམ། བག་ཆགས་ཟེར་བ་དེ་འདྲ་ཡ་མཚན་རེད། དཔེར་ན་མཚམས་འདིར་ཁོ་བོས“གྲོང་འཕོ”ཞེས་གྲོང་འཇུག་དང་འཕོ་བ་དཔེ་རུ་བཀོད་པ་འདི་ཡང་། དོན་ལ་སྐབས་འདིའི་བརྗོད་བྱས་འཕུད་དེ་རྗེ་མར་བའི་མི་ཚེའི་གཏམ་རྒྱུད་ཀྱི་བག་ཆགས་སླེབས་པས་མ་རེད་དམ། དེ་ལ་ཧྥོ་ལོ་དབྱི་ཏེས“མ་གནས་ཀྱི་བདག”ཟེར་གྱིན་མེད་འགྲོ། དཀྱུས་སུ་བཅུག་ན། རང་རེའི་ངག་ཐོག་ཏུ“གཙོས་དགོན”ཞེས་རྒྱུན་ཆགས་སུ་ཡོད་པས། གཙོས་དགོན་གྱི་མཁར་དགུ་ཐོག་དེ་ལ“སྲས་མཁར”བས“གཙོས་མཁར”འབོད་ཁ་མི་བདེའམ—གཙོས་མཁར་དགུ་ཐོག ཙི་ཙི། ཅི་བས་སྙན་པ་ལ། གླིང་གི་དཔའ་ཐེའུ་ཚོའི་སྐུ་མཁར་གཅིག་དང་འདྲ་སེ་བ།ཡང་། <<མདོ་སྨད་ཆོས་འབྱུང>>ནང་གཙོས་དགོན་དགེ་ལྡན་ཆོས་གླིང་འདི་རྒྱས་པར་བཀྲལ་ཡོད་མོད། “གཙོས་མཁར”རམ“སྲས་མཁར”ཟེར་བ་ཞིག་ཡེ་མ་མཐོང་། གཞུང་འདིའི་རྩོམ་པ་པོ་བྲག་དགོན་པ་ཁོང་གཙོས་ལ་འཁྲུངས་པ་ཡིན་པས་དེ་ལུགས་མི་མཁྱེན་པ་ག་ལ་སྲིད། བྱས་ན་དེ་དུས་མཁར་དགུ་ཐོག་འདི་ལ་ཁྱོན་ནས་འབོད་མིང་དེ་འདྲ་མེད་དམ་ཅི། འབོད་མིང་གཞན་ཞིག་ཡོད་དམ་ཅི། མགོ་མ་འཚོས།གོང་སྨྲས་ལ་ཕྱོགས་སྡོམ་ཞིག་བརྒྱབ་ན། ཐོག་མར། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས(1607~1677)རང་གི་རྟེན་བྱིན་རླབས་ཅན —རྗེ་མི་ལའི་སྐུ་འདྲ་གསུང་འབྱོན་མ་དེ། དགོས་དབང་ཞིག་ལྟར“སེར་སྣ”མེད་པར་སྲས་ཀྱི་ཐུ་བོ་འབེ་ཤེས་རབ་མཆོག་ལྡན་ལ་གནང་ཞིང་། དེ་ནས་འབེ་ཤེས་རབ་ཚང་གིས་ཀྱང1678ལོར་རྟེན་དེ་བཞུགས་ཡུལ་འབུམ་ཁང་བཞེངས་སྐབས་རྗེ་མི་ལའི་ཞལ་ཐང་ཞིག“གཏེར”ལས་བཏོན་པ་ལྟར་རྙེད་ཅིང་། མཐར། མི་ལོ་བརྒྱ་ཤོག་ཙམ་ཕྱིན་པའི1777ལོར། རྗེ་བློ་བཟང་དར་རྒྱས་ཚང་གིས་འབུམ་ཁང་དེ་དཔངས་ལ་བསྟད་དེ་སྐུ་མཁར་རྩེག་རིམ་དགུ་ལྡན་ཅན་ལ་བཞེངས་ཤིང་། མིང་ཡང་སྲས་མཁར་དགུ་ཐོག་ལ་བཏགས་པ་རེད། འདི་དག་གོ་རིམ་ལྟར་གུང་བསྒྲིགས་ན་ངོ་མཚར་བ་མི་བསྐྱེད་དམ། མི་ལོ་བརྒྱ་སྙེད་དུ་མ་ཞིག་བརྒྱུད། ཧ་ཅང་མངོན་ཆུང་ངམ། ཡང་ན་ཧ་ཅང“ཐབས་མཁས”ངང་། མི་མཐོང་བ་ཅི་ཞིག་གིས་བཀའ་བརྒྱུད་པའི་རྣལ་འབྱོར་པ་ཆེན་མོ་དེ། ཅི་བྱས་རུང་གོང་ཐང་སྐྱ་རྔ་རྩ་ནས་ཨ་མདོ་གཙོས་ཀྱི་ལུང་པ་འདིར“གདན་འདྲེན”བྱས་མེད་དམ། ཡང་འདི་ལྟར་སྨྲས་པ་ཡིན་ན། གུས་པས་རང་གི་ཁ་ནང་ལ་རང་གི་ཁུ་ཚུར་གྱིས་བསྣུན་ཏེ། “སྲས་མཁར” “གཙོས་མཁར”དུ་སྒྲུབ་ཁུལ་བྱེད་ཚུལ་དེ་སོ་རྐང་འགའ་དང་ལྷན་དུ་ཁོག་པའི་ནང་མིད་དགོས་མོད། དོན་དུ་དེ་ལ་ཁོ་བོར་རེ་དོགས་གང་ཡང་མེད། གལ་ཆེ་ཤོས་ནི། དེའི་ཤུལ་དུ། “སྲས”མཁར་དགུ་ཐོག་གྲོང་ངེར་འཐོན་ན་རེད་མོད། གོང་སྨྲས་ཇི་བཞིན། གཙོས་རང་ནས་འཁྲུངས་པའི་མདོ་སྨད་ལོ་རྒྱུས་སྨྲ་ཆེན་བྲག་དགོན་པས་གཙོས་ཀྱི་ས་ཕྱོགས་འདིའི་དགོན་སྡེ་ཆེ་ཕྲ་མ་བཤད་དང་། རི་ཁྲོད་སྣ་བུག་ཙམ་ཡང་འཆོར་དུ་བཅུག་མེད་ན། ཨ་མདོ་ཕར་ཟད། ཕྱི་གླིང་ལའང་གྲགས་ཆེ་བའི་མཁར་མོ་ཆེ་འདི་ཅིའི་ཕྱིར་མ་བྲིས་པ་ཡིན་ནམ། དེ་ལ་ཅིས་ཀྱང་དཔྱད་པ་མ་ཞོགཡང་ན་དཔྱད་པ་མི་ཞོག་པ་འདི་ཁོ་ན་ནི་ལོ་རྒྱུས་ཟེར་བ་དེའི་བསླུ་བྲིད་ཀྱི་མཛེས་སྡུག་དེ་རང་རེད—དེ་ཙམ་ལ་ཁ་གཡོར་རྒྱུ་ལས་ཁོ་བོས་གཞན་ཞིག་བྲིར་མ་ནུས། བཟོད་པར་གསོལ། འོན་ཀྱང་། མཁར་མོ་ཆེ་འདིའི་མགོར་ཡང་། རང་རེའི་ལུང་པའི་རྒྱ་ཕིབས་ཅན་གྱི་ཨར་པོ་གཞན་བྱིངས་ཇི་བཞིན། ལོ་རྒྱུས་ཁྲོད་ཆགས་འཇིག་རབས་དང་རིམ་པ་ཡོང་མྱོང་ཚུལ། ཁོ་བོར་ད་རུང་རེ་ཟུང་གླེང་རྒྱུ་ཡོད་པ་གཤམ་ལ་མཐུད་འགྲོ།ཟིན་བྲིས་གོང་མའི་སྐབས་གླེང་སོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཐེ་ཁི་མན(Teichman)1908ལོར་བླ་བྲང་ལ་ཕྱིན་སྐབས། མི་ལོ131ཕྱིན་པའི་དགུ་ཐོག་དེར་འདྲ་པར་ཞིག་བསྐྱོན་ཡོད་པར་གུས་པས་ཡང་ཡང་མྱོང་རོལ་བྱས། པར་ལེན་ལག་ཐབས་ཀྱི་བཤད་སྟངས་ལྟར་བྱས་ན། ལྕགས་རིའི་ཕྱི་ལོགས་སུ་བཙུན་པ་བགྲེས་པོ་ཞིག“རམ་སྐྱོར”ལ་སྤྲད་པའི་མཁར་མོ་ཆེ་དེ། ལར་ཚོན་མེད་རྭ་ཤེལ་ལས་ཐོན་པས་གཟི་མདངས་ཞན་སྣང་དུ་ཡོད་ནའང་། རྔམ་བརྗིད་བཤད་ན། དེ་རིང་གི་འདིའི་ལྷག་ཅིག་མིན་ན་འདི་ཙམ་ཡོད་པ་ཐག་གིས་ཆོད། དེས་ཏག་ཏག་དགེ་ཆོས་བོད་ཀྱི་སྔ་མའི་གནས་སྐབས་བཤད་དུས། “ཕོ་བྲང་གི་སྒོ་ལ་སླེབས་པ་དང་། བྱང་ཐང་ལ་སླེབས་པ་དུས་མཉམ་ཡིན་འདུག” ཅེས་སྨྲས་པ་དེ་དྲན་པའི་ངོར་ཤུགས་ཀྱིས་ཡོང་། དེ་བཞིན།1925ལོར། ཨ་རིའི་སྐྱེ་དངོས་རིག་པའི་མཁས་དབང་། ལོ་རྒྱུས་རིག་གནས་མྱུལ་དཔྱོད་པ་ཅོ་སེ་ཕུ•རོ་ཁི(Joseph Rock)བླ་བྲང་གི་ཕྱོགས་ལ་འབྱོར་སྐབས་མཁར་འདིའི་སྐོར་ལ་ཟིན་བྲིས་བཏབ་པར།“བོད་ཧེ་དམག་འཁྲུག་མ་བརྒྱབ་ཡར་སྔོན། ངས་མཁར་དགུ་ཐོག་དེ་ཨར་སྐྲུན་གཙོ་བོར་བྱས་པའི་གཙོས་དགོན་དགེ་ལྡན་ཆོས་གླིང་ལ་བཅར་འདྲི་བྱས། མི་ལ་བག་ཆགས་གང་ཟབ་འཇོག་པའི་དགོན་སྡེ་ཁྱད་མཚར་མོ་ཞིག དེ་ལྟར་གློ་རྡེག་སྤང་ལྗོངས་སྟེང་ན་གྲོང་ངེར་འགྱིང་། ཤིན་ཏུ་མཛེས་ཏེ་ཡིད་ཀྱི་དང་བ་གཏིང་ནས་འདྲེན།”ཅོ་སེ་ཕུ·རོ་ཁིས་སྐབས་འདིར་བསྟན་པའི་བོད་ཧེ་དམག་འཁྲུག་ཟེར་བ་དེ་ནི། དུས་དེ་ཙམ་ལ། ཨ་པ་ཨ་བློས་དམག་དཔོན་བྱས་པའི་བླ་བྲང་མགོ་ལོག་ཟླ་སྒྲིལ་རུ་དཔུང་དང་། ཟི་ལིང་ལ་རྟེན་གཞི་འཆའ་མཁན་མཱ་རྗིའི(马麒)ཉིང་ཧེ(宁海)དམག་བར་བརྒྱབ་པའི་དམག་འཁྲུག་དེ་ལ་གོ་དགོས། དེའི་དུས། དགུ་ཐོག་འདི་གཙོར་བྱས་པའི་གཙོས་དགོན་གྱི་མགོར་ཉི་མ་དམར་པོ་ཞིག་ཤར་ཡོད། དེའི་རྣམ་པ་རོ་ཁིས་ཟིན་བྲིས་ནང་བྲིས་པར།“ལོ་གཉིས་པར(དམག་འཁྲུག་གི་རྗེས)ང་ཡང་བསྐྱར་གཙོས་དགོན་ལ་ཕྱིན། རྣམ་པ་འཇིགས་སུ་རུང་སྟེ་བལྟར་མི་བཟོད། དགོན་པ་ཡོངས་ལ་འཕྲོག་བཅོམ་ཐེབས་ཏེ་རྣམ་པ་ཧྲིལ་པོ་ཡ་ང་བ་འབའ་ཞིག་ལ་ཡོད། བཙུན་པ་ཚོ་ལས་འབྲོ་ནུས་པ་བྲོས་ཚར། མ་ནུས་པ80ལྷག་དགོན་པའི་ལྕགས་རིའི་ནང་བསད་འདུག དགོན་པའི་བླ་མ་དེ་ཧེ་ཧེ་དང་ལྐོག་འབྲེལ་ཡོད་པ་ཤེས་རྗེས་བོད་དམག་རང་གིས་བསད་ཟེར། དགོན་པའི་རྒྱ་ཕིབས་ཆེ་ཕྲ་ཅི་རིགས་འགོག་སོང་སྟེ་མི་སྣང་། འཇིམ་སྐུ་ཡོད་ཚད་བསྒྱེལ་ཅིང་གཏོར་ཏེ་ཆ་ཚང་བ་གཅིག་ཙམ་མི་མཐོང་། དེའི་ཁྲོད་ཀྱི་རྒྱུ་ཟངས་རིགས་ཅན་ཡོངས་སུ་བཞུས་ཏེ་འཁྱེར་ཚར། ཧོབ་ཀྱིས་བལྟས་ན། གཙོས་དགོན་ནི་གད་སྙིགས་ཀྱི་ར་མོ་ཆེ་ཞིག་དང་ཁྱད་མ་མཆིས། ཁོ་བོ་རང་ཉིད་སྔོན་མ་སྡོད་མྱོང་སའི་ཁང་མིག་དེར་ཕྱིན། ཟངས་རིགས་ཀྱི་སྣོད་ཆས་གཅིག་ཙམ་ཡང་མི་མཐོང་། ཕྱིར་ལྡོམ་ཡོང་བའི་བཙུན་པ་ཞིག་གིས་སྐབས་དེའི་སྐྱི་གཡའ་བའི་གནས་ཚུལ་དག་ངུ་སྐད་ཤུབ་ཤུབ་ཁོ་བོར་སྡུག་ཡུས་སུ་བརྗོད།”འདི་ལས་ཀྱང་མཱ་ཇག་ཚང་གི་མི་བསྲུན་གདོན་འདྲེའི་སྤྱོད་པ་ཚེགས་མེད་མཐོང་ཐུབ། ཡང་ཨར་སྐྲུན་ལ་མཚོན་ན། རྒྱ་ཕིབས་སོགས་ཟངས་སེར་གྱི་རིགས་བཅོམ་སྟེ་འཁྱེར་སོང་བ་མ་གཏོགས། སྤྱིའི་རྩིག་སྒྲོམ་སླར་གསོ་ཐབས་མེད་པའི་ཚད་ལ་བཟོས་མེད་པས། རིང་མིན་རིམ་གྱིས་སླར་སོས། འོན་ཀྱང་དེའི་ཕྱིས་ཀྱི་དུས་འགྱུར་ཁྲོད། སྤང་ལྗོངས་དབུས་ཀྱི་བོད་མཁར་དགུ་ཐོག་དེ་རྩ་བ་དྲུངས་ནས་གཞར་སོང་བ་རེད……ད་ལྟ་མཛེས་བརྗིད་མཆོར་གསུམ་གྱི་བབ་ན་གྲོང་ངེར་འགྱིང་ཡོད་པ་འདི། “ཚངས་སྲས་བཞད་སྒྲའི”བདག་པོ་དམ་པ་གང་དེས་གཙོ་འགན་བཞེས་འོག གཞུང་སྒེར་ཅི་ཆའི་དངོས་དངུལ་གཉིས་ཀའི་རམ་འདེགས་ཁྲོད། 1988ལོ་ནས1994ལོ་སྟེ་ཁྱོན་མི་ལོ4ཡི་དུས་ཚོད་བེད་སྤྱད་དེ་བསྐྱར་བཞེངས་བྱས་པ་རེད། མཐོ་ཁྱད་ལ་སྨི38དང་། མཐའ་སྐོར་ལྕགས་རི་དང་བཅས་ས་ཁེབས་ན་སྨི་གྲུ་བཞི་མ4180ཡོད་པར་བཤད། ནང་རྟེན་དུ་ས་དགེ་བཀའ་རྙིང་བཅས་བོད་བརྒྱུད་ནང་བསྟན་གྲུབ་མཐའ་རིས་མེད་ཁག་གི་རྟེན་གསུམ་བཞུགས་པ་མང་སྟེ་བརྩིར་མི་ལང་།ལྟད་མོ་རྫོགས་ཏེ་གཞུང་ལམ་ཁར་ལོག་ནས་ཕྱི་མིག་ཅིག་བལྟས་སར། གཤོག་པ་ཆ་གཅིག་ཤེད་དང་ཤུགས་ལ་བརྒྱངས་འདྲའི་སྒོ་ཆེན་མཆོར་མོ་དཔེ་མེད་དེའི་ཀླད་ན། དགུ་ཐོག་དམར་པོ་གང་དེ་མཆོད་རྟེན་ཁེར་ཆད་གཅིག་ལྟར་གནམ་སའི་བར་ལ་ལྗིད་ཀྱིས་འགྱིང་སྟེ། མིའི་ཡིད་ངོར“ནམ་མཁར་ཟོ་བ་བཞིན་བཏགས”ཟེར་བ་འདི་འདྲ་ཡིན་ནམ་སྙམ་པ་ཞིག་སྐྱེ། འོན་ཀྱང་རང་རེའི་དེ་འདྲའི་ཟོ་བ་གནམ་ལ་དེ་ལྟར་ཅི་ཙམ་སྡོད་མིན། མཐར་གཏུགས་ན་འུ་གུ་རང་ལ་རག་ལག་པས། གུས་པས་ཀྱང་སྣལ་མའི་སྐུད་ཉག་འདྲ་བའི་འགྲུལ་ལམ་ཕྲ་མོ་དེ་འབད་པ་དང་བཅས་ལྷོ་ནས་ལྷོ་རུ་སྨྱུགས་ཀྱིན་སོང......༼མུ་འགོད།༽ སྐྱིད་རྟག་དྲ་བ་ལས།