ཉིན་ལྔ་པ།
ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ6གཙོས་ནས་ཀླུ་ཆུ། ལམ་ཐག་སྤྱི་ལེ80བགྲོད་ལམ་གཙོ་བོ། G316 G213 S326ཀླུ་ཆུ་རྫོང་། མཚོ་འཕགས། སྨི3600གཙོས་ནས་ཀླུ་ཆུའི་བར་གྱི་གཏམ་རྒྱུད་ཁག་གསུམ།དང་པོ། དགེ་རྒན་ཁྱི་གུ་ཐར།གཙོས་སྲས་མཁར་དགུ་ཐོག་ལ་མཇལ་ཚར་དུས་མུན་ཡང་རུབ་ལ་ཉེ། གྲོགས་པོ་མདོ་སྨད•ཧེ་རུ་ཀའི་བཀོད་སྒྲིག་ནང་བཞིན་མིང་ལ“ཐུ་བྷོད་བོད་ཟས”འབོད་པའི་གཙོས་གྲོང་གི་བོད་ལུགས་གསོལ་ཁང་གྲ་རྒྱས་ཤིག་ཡོད་པ་དེར་ནུབ་འཚལ་ལ་ཕྱིན། གྲོགས་པོས་རང་གི་དགེ་གྲོགས་བསྟན་འཛིན་དང་འཇམ་དཔལ། ད་རུང་གངས་གཡུ་མཚོ་འབོད་པའི་ན་གཞོན་རྩོམ་དགའ་ཞིག་བཅས་མགྲོན་རོགས་སུ་བོས། ཁོ་ཚོས་རེ་སྨོན་དང་བཅས་གུས་པར་མཛོད་བཏགས་རེ་རེ་བསྒྲོན་བྱུང་། ལོགས་སུ་གྱེས་ཏེ་གཅིག་པུར་ལམ་ལ་ཆས་མཁན་ཞིག་ལ་མཚོན་ན། འཇམ་ཡང་འཛོམས་པ་ལྷ་རྫས་འདི། ཏག་ཏག་བུ་དཔའ་བའི་དཔའ་དར་དུ་མིན་རུང་། རྟ་མགྱོགས་པའི་ཁ་གཡང་དུ་ངང་གིས་ཡོང་བས་སེམས་གཏིང་ནས་དགའ་པོ་བྱུང་། ཅི་འཕྲོས་མོས་འཕྲོས་ལ་ཟས་ཀྱིས་འགྲངས་ཤིང་བཏུང་བས་བད་དེ་སྒོར་ཐོན་དུས། གཙོས་གྲོང་གི་བར་སྣང་ཧྲིལ་པོ། ཡོམ་ཡོམ་ཤིག་ཤིག ཟླ་བཞི་པའི་ཁ་བས་སྒུལ་ཅིང་གསིག་གིན་མིག་རྒྱང་མི་ཕྱེ། ཕྱིའི་ཉི་མའི་འགྲོ་ལམ་དྲན་ན་བློ་ཁ་མི་བདེ་བ་ལྷང་ལྷང་ཡོང་། འོན་ཀྱང་གདོང་ལ་དགའ་མདངས་ཁོ་ན་བཟུང་། སྤམ་རྫུ་ཆེ་བ་ལ། གྲོགས་པོས་ལོ་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཏུན་ཧོང་ཡིག་ཆའི་འབུམ་རམས་པར་ཡིག་ཚད་ལོངས་ཡོད་པས། རྟེན་འབྲེལ་ཞུ་སླད་ངེད་གཉིས་ཀས་ཡང་བསྐྱར་ཕོར་པ་འགའ་མཉེས་དག་བརྒྱབ། ཅུང་ཟད་ཙམ་ནས། གྲོགས་པོས་གཟིམ་འཇགས་ཞུས་ཏེ་ངལ་གསོས་སོང་། ཁོ་བོས་གྲོགས་པོའི་དཔེ་ཤག་ཉམས་དགའ་བ་དེའི་ནང་། ཉིན་བཞིའི་རིང་གི་པར་དང་བརྙན་ལ་སྙིགས་འདོར་བཅུད་ལེན་བརྒྱབ། ཟིན་བྲིས་བཏབ། ས་ཁྲར་བལྟས། བསམ་བློ་བཏང་། དངན་པ་འཐེན། ཡར་ལངས་ཏེ་གོམ་པ་འཆག དེ་མུས་སུ་ནམ་གུང་ཙམ་ལ་གཟོད་མལ་སར་ཕྱིན། འོན་ཀྱང་། ཕྱི་ལོགས་སུ་འཕུར་ལྡིང་གར་དུ་རྩེན་པའི་ཁ་བ་ལྷེབ་མོ་དེ་དག་ནང་བཞིན། གཉིད་ཟེར་བའི་ལྷ་མོ་དེའང་ཀླད་ཁམས་ཀྱི་ཁོང་གསེང་ལ་རྩེད་འཇོར་གཡེང་སོང་སྟེ། རྣ་ཀོར་སྔས་སུ་ཕབ་རྒྱུ་ཕར་ཟད། རྐང་གདུབ་མིག་ཁར་རེག་ཙམ་མི་བྱེད……དོན་ལ་ནུབ་མོ་དེར་ངས་རང་ཉིད་གཉིད་ཁུག་ཡོད་མེད་ཐད་དེ་རིང་བར་ཁ་ཚོན་མི་ཆོད། གང་ལྟར་མགོ་བོ་ཡར་དགྱེ་དུས། ནམ་སྐྱ་ཧར་རེར་ལངས་འདུག ང་སྡོད་མི་ཁོམ་ང་འགྲོ་དགོས། ཡང་བསྐྱར་ལམ་ལ་ཐེག་རན་སོང་།སྣུམ་ལམ་སྐུད་ནག་ལྟར་འཐེན་ཡོད་པ་ཙམ་ལས། ཉིན་དེར། གཙོས་ཀྱི་རི་ལུང་ཐང་གསུམ་ཁ་བ་དཀར་པོ་ཡུག་གཅིག་ལ་སྦྲེལ། གནམ་ངོ་ཡང་ངན་ཏེ་ཆེས་ཡིད་དུ་མི་འོང་། ཁ་པར་ལས་གནམ་གཤིས་སྔོན་བརྡ་བཀླགས་པར། ད་རུང་ནུབ་བྱང་གི་རླུང་དང་བཅས་ཁངས་ཆུང་ཆུང་འབབ་རྒྱུ་རེད་ཟེར། ནངས་ཇ་ཟིན་རྗེས། གྲོགས་པོས་བཤོལ་བཏབ་རུང་། གཉའ་ཤེད་ཚ་བའི་གླང་རོག་ཅིག་ལྟར་ལམ་དུ་ཆས་རྐྱང་བྱས།བདེ་མོ་བྱོས་ངའི་གྲོགས་པོ།འཆར་གཞི་ལྟར་ཀླུ་ཆུ་ལ་བསླེབ་དགོས་པས། ཁ་ལྷོ་ལ་བལྟས་ཏེ། ཁོ་བོས་འབོ་ར་ཨ་མཆོག་ཁོ་ཚེ་སོགས་ཡུལ་ལུང་ཆེ་ཁག་ལ་གཏོགས་པའི་ཁ་གྱ་ཉག་ག ཨ་མཆོག་ཉི་མ་ལུང་། ལྕང་གི་ཉག་ཆེན། ལེ་ཁོག་ལུང་རིང་སོགས། ད་རུང་དགུན་གྱི་སོ་ན་ལུས་པའི་རི་ལུང་མང་པོར་ཤོག་སྒྲིལ་རྒྱག་གིན་སོང་། ཀླུ་ཆུར་མ་བསླེབ་སྔོན་གྱི་ལུང་པ་རིང་ཤོས་དང་ཉག་ག་མཐོ་ཤོས་དེ། ཏག་ཏག་ལེ་ཁོག་ཅེས་པ་འདི་རང་རེད། ལུང་ཕུའི་ཁིས་ཁ་དེ། ཕར་བལྟས་ན། ལག་པས་བསྙབ་ལོས་ཡོང་སྙམ་པའི་གོང་རོལ་ཙམ་དེར་སྣང་མོད། ཡོབ་ཆེན་ཤེད་ཀྱིས་མནན་ན་དེ་ཙམ་རྒྱང་དུ་བཀྱེད་འགྲོ་ལྟར་བསླེབ་རྒྱུ་ཞིག་མི་འདུག དེ་ལྟར་སྡུག་གི་ཨ་ཟད་ཅིག་ལ། ཉྭ་ཡུ་འདར་ཕྲུལ་ཕྲུལ་ཉག་ཁིས་དེར་འབྱོར་ཐུབ་ཙམ་བྱུང་།ཨ་ཙི། གྲང་རླུང་ངར་མས་ཤབ་རྒྱུག་བྱེད་སའི་ས་སྟོང་གི་ཁིས་ཁ་ཁེར་རྐྱང་དེ་ནས། སུ་ཞིག་གིས་ལག་ཟུང་ནང་ཁ་དག་སེར་ཆེན་འཛར་ལོ་མ་གཅིག་བཏེགས་ཤིང་། གདོང་པ་སྨུག་ཆིལ་ལེར། སོ་ཕྲེང་དཀར་ལྷག་གེར། ཁོ་བོ་གཟས་ནས་ཚུར་ཚུར་ཕེབས་བྱུང—དགེ་རྒན་ཁྱི་གུ་ཐར།སྔ་དྲོར་ཁོ་བོ་ལེ་ཁོག་ལུང་པའི་ནང་དཀའ་ཚེགས་ངང་གྱེན་ལ་འཛེག་འགྲོ་དུས། ཁོས་རླངས་འཁོར་བཏང་ནས་གཙོས་གྲོང་ལ་ལས་ཀ་ཞིག་ཏུ་ཕྱིན་པ་རེད། མ་ཟད་འགྲོ་ཞོར་རླངས་འཁོར་སྒེའུ་ཁུང་ནས་བལྟས་ཙམ་གྱིས་ཁོ་བོ་ཡིན་པ་ངོས་ཟིན་ཟེར། ཕྱིར་ལམ་བསམ་བཞིན་སྔོན་ལ་ཁིས་ཁ་དེར་བུད་དེ་ཁོ་བོར་བསྒུགས་བསྡད་པ་རེད། ཁོའི་ལྷག་བསམ་དང་དེའི་ཁྲོད་ཀྱི་ཞིབ་ཚགས་ཅི་བས་ཡིད་དུ་འོང་། ཧ་ལམ་སྤྱི་ལོ་ཉིས་སྟོང་ལྔ་ཙམ་ལ། གུས་པ་སྙན་དེབ<<གངས་རྒྱན་མེ་ཏོག>>མངག་འཚོང་བྱེད་ལ་ཀླུ་ཆུའི་ཕྱོགས་འདིར་འཁོར་མྱོང་ལ། སློབ་ཆུང་དགེ་རྒན་ཡིན་པའི་ཁྱི་གུ་ཐར་དང་དེ་དུས་ལན་ཅིག་ཐུག་པ་ཡིད་ལ་དྲན་ཙམ་བྱེད། གང་ལྟར་ཁོས་རང་ཉིད་མཚམས་སྦྱོར་བྱས་པ་མེད་ཚེ། ངས་ཅིས་ཀྱང་ཁོ་ངོ་ཤེས་ཐབས་མི་འགྲིག དེ་ལ་ཁ་སྐྱེངས་པ་རང་ཡོང་། ཕན་ཚུན་ཁམས་འདྲི་ཟིན་རྗེས། ངས་རང་དབང་མེད་པར་མགོ་བོ་འཕྲེད་དུ་གཡུག་ཞོར་རྒྱབ་ལ་བསྐྱུར་པའི་ལུང་རིང་དེ་བསྟན་ནས་འཛེག་ཁག་པོ་རེད་སྨྲས་པར་ཁོས་ཅི་མི་སྙམ་པའི་ངང་། “དེ་བཤད་ག་ལ་དགོས། གནའ་མི་ཚོས་དེ་ལ་ལེ་ཁོག་སྐྱ་མོ་དྲེའུ་ཆད་མ་འབོད།” ཅེས་ཡང་བསྐྱར་སོ་ཕྲེང་དཀར་ལྷག་ལྷག་དགོད།ལེ་ཁོག་སྐྱ་མོ་དྲེའུ་ཆད་མ—སྙན་ཚིག་ཅིག་ལ་དཔེ་ལེ་བ། གབ་ཚིག་ཅིག་དང་མཚུངས་སེ་བ། གནའ་བོའི་འགྲུལ་བཞུད་རིང་མོ་མུ་ནས་མུ་རུ་དཀའ་ཚེགས་ཀྱི་གཞུང་ལ་བྲེས་ཡོད་མོད། བག་ཡངས་དང་བསྡོངས་པའི་ཁ་མཚར་མི་འབོར་བ་འདི་གཅིག་པུའང་། མེས་པོས་རང་རེར་བཞག་པའི་ལམ་གྲོགས་ཡག་ཤོས་ཤིག་ཅི་ལ་མིན།དེ་ནས་ཆུ་ཚོད་ཕྱེད་ཙམ་ལ་ཕར་ཕྱིན་སར། མཚོ་ཉིན་ཞེས་བྱའི་ཡུལ་ཚོ་དེར་འབྱོར། བོད་ལྭ་གྱོན་མཁན་སློབ་ཕྲུག་ཁྱུ་གཅིག་བང་བསྒྲིགས་ཏེ་སློབ་གྲྭའི་ཕྱོགས་ལ་སྐྱོད་པ་དང་སྟབས་འཁེལ། རེམ་པོར་ལྕགས་རྟ་ལས་བབས་ཏེ་པར་བླངས་ཤིང་བརྙན་ཕབ། འོན་ཀྱང་དེ་ཚོ་ལས་ཁ་ཅིག་ཁོ་བོར“ཧ་ལོ”འབོད་ལ། ལ་ལས“ཉས་ཥོ”ཟེར་གྱིན་གད་མོ་ཐེར་ཐེར་རྒྱག ཡང་ན་བྱིས་པ་ཚོའི་བག་ཆགས་ཁྲོད། ཕྱི་གླིང་པའམ་རྒྱ་རིགས་མ་གཏོགས། བོད་ལ་རྐང་འཁོར་རྒྱག་པའི་འགྲུལ་བཞུད་པ་མེད་ཚོད་རེད། གང་ལྟར། གནག་ཅིང་དྭངས་པའི་མིག་མདངས་དེ་དག འགྲམ་པ་དམར་ལོག་ལ་བསྡུས་པའི་འཛུམ་ཆུང་དེ་དག དེ་རིང་ད་རུང་ཁོ་བོའི་སེམས་པའི་བར་སྣང་ན་འོད་དུ་འཚེར། འོད་དུ་འཚེར་ཏེ་ལན་རེར་ཁོ་བོའི་མིག་ལམ་ཁྲ་རུབ་བེར་བཟོ་ཡོང་། ཁྱི་གུ་ཐར། ཏག་ཏག་ཡིད་དུ་འོང་པའི་སློབ་མ་དེ་ཚོའི་དགེ་རྒན་གནང་མཁན་རེད།ངེད་གཉིས་ལེ་ཁོག་ཉག་ག་ནས་ཁ་གྱེས་རྗེས། ཁོ་སྔོན་ལ་འབྱོར་ཏེ་ཡུལ་ཚོའི་ཇ་ཁང་ཞིག་ཏུ་སྐམས་ཤ་རྔོད་མ་སོགས་དྲོས་ཇ་སྣག་མོ་ཅོག་སྒམ་གང་གྲ་སྒྲིག་བྱས་ཟིན་འདུག ལྟོ་འགྲངས་རྗེས། བཟློག་ཐབས་ཅིས་ཀྱང་མ་འགྲིག་པར། ཁོས་ལམ་འཇུག་ལ་གནང་བའི་སྒོར་སུམ་བརྒྱ་ཐམ་པ་དེ་གློ་ཁུག་ནང་བཅུག་རྗེས། ཁོ་བོ་ཡང་བསྐྱར་ཟླ་བཞི་པའི་གྲང་ངད་གཤག་གིན་ལམ་དུ་ཆས། ཕར་ཙམ་ཕྱིན་སའི་གཡོན་ངོས་ཁད་ཉེ་སར། མིང་ལ་བསེ་རྡོ་མཁར་རམ་སྲས་རྡོ་མཁར་འབོད་པའི་རི་དེའུ་དམའ་མོ་མགོ་ལེབ་བྲག་གི་ཁ་རྒྱན་ཅན་ཞིག་མངོན། ཀླད་ངོས་ན་འ་ཞའི་གནའ་མཁར་ཆེ་གེ་མོ་ཞིག་གི་ཤུལ་ཡོད་རབས་ཟེར། ཕྱིན་པ་མེད། བདེན་ན་ལོ་ངོ་སྟོང་གི་ལོ་རྒྱུས་དང་ལྡན་ཚོད། ངེད་ཀྱི་ཕ་ཡུལ་མཚོ་སྔོན་པོའི་ལྷོ་ཟུར་ཙམ་ན་ཡང་། ལོ་ངོ1400ཙམ་གྱི་ཡར་སྔོན་མཚོ་སྔོན་པོའི་ཕྱོགས་ཀྱི་འ་ཞ་རིགས་རྒྱུད་ལ་དབང་སྒྱུར་མཁན—ཞཱན་པེ་མི་རིགས་ཀྱི་ནང་གསེས་ཐུ་ལུ་ཧིན(吐谷浑)གྱིས་བཟོས་ཤིང་། དེང་སང་བོད་མིང་ལ་མཐེ་བརྒྱའི་རྒྱ་མཁར་དང་། རྒྱས“伏俟城”འབོད་པའི་ལྕགས་རིའི་འཇིག་ཤུལ་ཁེབས་རྒྱ་སྨི་ཁ་གང་མ་ཁྲི17ལ་ཡོང་བ་ཞིག་ཡོད། འདིའི་སྐོར་ཡང་འགྲུལ་བཞུད་ཆ་ཚང་འགྲུབ་སྟེ་སླར་མཚོ་སྔོན་པོའི་ཕྱོགས་སུ་འཁོར་ན་ཅུང་ཙམ་བྲི་སྙམ་ཡོད་པས། རང་རེ་དེ་དུས་མཇལ་ཡོང་། ད་བདེ་མོ་བྱོས།གཉིས་པ། ཁོར་སྲུང་ལས་བྱེད་པ་ཨ་ཏིག“ངའི་མིང་ལ་ཨ་ཏིག་ཟེར། ངེད་ཚོ་མཚོ་ཉིན་ཡུལ་ཚོའི་ཁོར་སྲུང་ལས་བྱེད་པ་ཡིན། ངེད་ཚོས་རེས་མོས་འཁོར་ཏེ་ལོ་རེར་ཐེངས་བརྒྱད་དགུ་ཙམ་ཞིག་ལ། འདི་ལྟར་ཡུལ་ཚོའི་ཁོང་གཏོགས་ལམ་འགྲམ་གྱི་གད་སྙིགས་བསྒྲུག་དགོས།”ལྷན་ཅིག་ཏུ་རུག་རུག་བརྒྱབ་ཟིན་པའི་འགྱིག་དམ་སོགས་གད་སྙིགས་སྒྱེ་མོར་འཆུ་ཞོར། མིང་ལ་ཨ་ཏིག་འབོད་པའི་སྐྱེས་པ་དར་མ་དེས་དེ་སྐད་སྨྲས་བྱུང་། སྐབས་དེར་ངས་ད་གཟོད་དོ་སྣང་བྱས་པར། ཁོ་ཚོའི་རླངས་འཁོར་དཀར་ཆུང་དེའི་འཕོངས་སྒམ་མ་ཟད་ཀླད་ངོས་སུའང་། འབྲོག་པས་ཁལ་མར་དོ་པོ་འགེལ་ལྟར་གད་སྙིགས་བླུགས་པའི་སྒྱེ་མོ་བཅུ་གྲངས་སྲ་ཐག་ཐག་བསྡམས་འདུག ངའི་ཡིད་ལ་སྔོན་ཆད་རང་གིས་རླངས་འཁོར་བཏང་སྟེ་འགྲོ་དུས་སྐོམ་ཆུའི་འགྱིག་དམ་སོགས་གད་སྙིགས་རྣམས་སྒེའུ་ཁུང་ལས་ཕྱི་ལོགས་སུ་འདོར་མྱོང་བ་དྲན་ཏེ་འགྱོད་ཅིང་ངོ་གནོང་བ་ཞིག་བྱུང་། ཧ་ལམ་དེ་ཙམ་ནས་བཟུང་། འགྲུལ་བཞུད་མཇུག་མ་རྫོགས་པའི་བར། ཁོ་བོས་འགྱིག་རིགས་སོགས་གད་སྙིགས་མཐེབ་མགོ་ཙམ་ཞིག་ཀྱང་། སྙིགས་ཟོམ་ཞིག་དང་མ་འཕྲད་པའི་བར་དུ་། འབོག་ནང་ཉར་རྒྱུ་ལས་ལམ་བར་གང་བྱུང་འདོར་བ་གཏན་ནས་མེད། འདི་ཡང་འགྲུལ་བཞུད་པ་ཞིག་ལ་དགོས་ངེས་ཀྱི་སྤྱོད་ལམ་སྣ་གཅིག་ཡིན་པས། ཉེ་རྒྱང་ཅི་རིགས་ཀྱི་ལམ་ཀར་ཆས་དང་ཆས་བཞིན་པ་ཚོའི་ཐུགས་ལ་འཇགས་པར་ཞུ།
ལས་བྱེད་པ་ཨ་ཏིག་སོགས་དང་ཁ་གྱེས་ཏེ་ཕར་ཙམ་ཕྱིན་སར། སྒྱེད་པུའི་མགོར་སླ་ང་ཇི་བཞིན། རི་དེའུ་འགའ་ཡི་འབྲག་ལ་མཚེའུ་ཞིག་སྐྱ་སྒོར་རེར་བསྐྱོན་ཡོད་པ་དང་འཕྲད། མིང་ལ་རྐྱང་ཐང་མཚོ་མོ་འབོད། བྱས་ན་ཕྱོགས་དེར་རྐྱང་ཐང་འབོད་ཀྱིན་མེད་འགྲོ། གང་ལྟར། གཙོས་ཀྱི་ཡུལ་ན་སྔོན་ཆད་རི་དྭགས་གཙོས་མོད་པ་ཇི་བཞིན། གནས་འདིར་ཡང་སྔོན་ཆད་རི་དྭགས་རྐྱང་མང་ཚོད་རེད། འོན་ཀྱང་དེང་སང་ཕྱོགས་ཆ་འདིར་རི་དྭགས་དེ་གཉིས་མཐོང་རྒྱུ་དཀའ་ཙམ་དུ་ཡོད་ཟེར། འདི་ཙམ་ལས་ཀྱང་མིའི་རིགས་ཀྱིས་སའི་གོ་ལ་བདག་ཚད་ཧ་གོ་ཡོང་། གོང་སྨྲས་མཚོ་ཉིན་ཡུལ་ཚོ་ཆགས་ཡུལ། ཏག་ཏག་མཚེའུ་འདིའི་ཉིན་ངོས་སུ་འཁེལ་པས་མིང་དེ་ལྟར་བྱུང་། བྱ་རྒན་འགས་སྒུ་རུ་རུ་རྒུམ་བུ་འཐུ་བ་བཞིན། ཨ་ཏིག་གི་རོགས་པ་གཞན་ཚོས་མཚོ་ཁུགས་དེ་ན་གད་སྙིགས་སྒྲུག་གིན་འདུག དེ་ལ་སྣང་ཆུང་མ་བྱེད་རོགས། ཕ་ཡུལ་ཕ་ཡུལ་ཅེས་དགའ་མདོག་ངག་ལ་འཁྱེར་པའི་ཁ་ན་ཅང་མེད། དེ་བས་འདི་ཙམ་ལག་ལེན་དུ་ཐེབས་ནའང་། ཕ་ཡུལ་གྱི་སྲི་ཞུ་ཤུགས་ལ་ངང་གིས་འབྱུང་། ཕ་ཡུལ་དང་བདེ་སྡུག་མ་བསྐུལ་གཅིག་ལ་འབབ། དེ་ལྟའི་སེམས་བག་ནས་ཁོ་བོས་དེ་ཚོར་ལག་པ་གཡོབ་ཙམ་བྱས་པར། དེ་ཚོས་ཀྱང་ཚུར་ལག་པ་གཡུག་ཙམ་བྱེད། དེར་མཐུད་ཁོ་བོ་མུ་མཐུད་ཁ་ལྷོ་ལ་བལྟས་ཏེ་བང་བཏང་ནས་ཕྱིན།བར་ཅིག ཨ་ཁ་ཁ། ལམ་འགྲམ་རི་ངོས་སེར་པོ་དེར་འབབ་པའི་ཁྱིམ་ཚང་དེའི་ལྷས་མཐའ་ནས་འབྲོག་ཁྱི་སེར་པོ་གཟུགས་ཚད་ན་ཡ་རུ་ཙམ་ཡོད་པ་འགའ། མདའ་རྒོད་ལྟོང་ནས་ཤོར་ལྟར་གཅིག་ཤོར་གཉིས་ཤོར་སླེབས་བྱུང་། ཞེད་དེ་མགོ་ལྤགས་ཀྱང་རྣ་ལྟག་ལ་སྐུམ་སོང་། རྩེ་ཁ་ནས་ཚག་སྒྲ་ཆེན་པོའང་སྒྲོག་ཤེས་པའི་མཐོ་གནོན་གློག་བཞུ་ནག་རིང་དེ་གཅན་ཚའི་འགྲུལ་ཁང་དུ་ལུས་པར་འགྱོད། ད་འགྱོད་ཀྱང་ཅི་ཕན། དགྲ་དང་གདོང་འཕྲད་དུས་མཚོན་ཆ་རི་རྒྱབ་ལ་ལྷག་སོང་བ་རེད། རྡོ་འཕང་ན་ཨ་ཐང་འཆད་བྱེད་ཙམ་ལས་མི་ཡོང་བས་བློས་བཏང་། རིག་པ་ཐོལ་བྱུང་ཁྲོད། མྱུར་སྟབས་སྒ་འབོག་ནས་ཤ་སྐམ་རྡོག་པོ་འགའ་ཡོད་པ་བླངས་ཏེ་འབྲོག་ཁྱུ་དེ་ཚོའི་སྔུན་ལ་གཡུགས། རང་རེའི་ཁ་དཔེ་ཞིག་ལ་ཟོས་ངོ་འཐུང་ངོ་འཆི་བདག་བདུད་ལའང་ཡོད་ཟེར། འབྲོག་པའི་ལ་བོ་དེ་ཚོའང་མེས་པོའི་ལེགས་བཤད་དེ་ལས་ཅུང་ཙམ་ཡང་མ་འདས། ཁྱིའི་རིགས་ཀྱི་ལ་རྒྱ་ད་རུང་ཤོར་མེད་པའི་བརྡ་རུ་དམིགས་གཏད་མེད་པར་འབ་སྐད་ཐོ་རེ་བ་འབྱིན་མོད་ཀྱང་། ད་སྔོན་གྱི་ངར་ཤུགས་ཡལ་ཅིང་ཤ་སྐམ་དམུར་ཞོར་དང་མིག་འོག་ནས་ཚུར་ཁྱུག་ཙམ་རེ་ལྟ་ཞོར་ལྷོད་ཀྱིས་བསྡད་སོང་། དེ་ལས་བློ་སྐྱེད་བྱུང་སྟེ། ཕྱིས་སུ་མངའ་རིས་དང་བྱང་ཐང་སོགས་འབྲོག་སར་སྐྱོད་སྐབས་ཀྱང་། ཁོ་བོས་སྒ་འབོག་ཁ་རུ་ཏན་ཏན་ཤ་མོག་མོག་སོགས་ཁྱིའི་རིགས་ཀྱི་ཁ་ངོ་ལེན་སྤྱད་ཟོས་སྣ་ཕྲན་བུ་རེ་སྟབས་ཟོན་དུ་འཁྱེར་པ་ཡིན། གལ་སྲིད་ཉིན་མོ་དེར་དེ་ལྟའི་ཁྱི་བཙན་པོ་དང་འཕྲད་པ་མེད་ན། དགུང་མོར་རང་གི་ལྟོ་ལ་བྱས་ཆོག་པས་ཆུད་ཀྱང་མི་འཛའ། ཐབས་འདི་ཁོ་བོ་ལྟ་བུ་ཁྱིའང་མི་ཐུབ་མཁན་ཡོད་ན་ངོ་ཚ་གཡུགས་ལ་ཡིད་ངོར་ཞོག་དང་། མི་རྐྱང་རྟ་རྐྱང་འབྲོག་སྡེ་འཕྲེད་ལ་གཅོད་དུས་ལམ་གྱི་གྲོགས་སུ་ཅིས་ཀྱང་འཆར་ཏོ། །གསུམ་པ། ཁྲོ་སྐྱབས་ཐུགས་ཆེན་མཇལ་ལ་འགྲོ་མཁན་ཀླུ་ཆུའི་ཨ་ཚེ་ཚང་།གལ་སྲིད་ཆ་རྒྱུས་ཅུང་ཙམ་ཡང་མེད་པ་ཞིག་མཐོ་སྒང་འདིར་གློ་རྡེག་བསླེབ་པ་ཡིན་ན། སེམས་ནང་ལ། བོད་ཟེར་བའི་མཐོ་སྒང་གི་གནའ་བོའི་མི་རིགས་འདི། ཅི་ནས་ཀྱང་མཱར་གྷིག་སིའི“ལོ་བརྒྱའི་ཁེར་རྐྱང”ཁྲོད་ཀྱི་ཤོག་འཁྱར་ཞིག་རེད་སྙམ་སྲིད། ལྟོས་དང་། སྔུན་གྱི་རི་སྣ་ཟླུམ་པོ་ཆུ་ཟུག་མ་དེའི་འགབ་མཐའ་བརྒྱུད་ཀྱིན། ཀླུང་རྟ་དང་དར་ལྕོག་ཁྲ་ཡེངས་ཡེངས། ངག་འདོན་གྱི་འཕུར་དབྱངས་ཀྱུ་རུ་རུ། ཤིང་རྟ་འདྲུད་མཁན་བོད་པ་ཚོམ་བུ་གཅིག རྨི་ལམ་ནང་ཇི་བཞིན་ཆ་འཇོག་མེད་པར་མདུན་ནས་མདུན་དུ་སྐྱོད།རོགས་པ་མཐོང་བའི་ཇག་པ་བཞིན། ཁོ་བོས་ཡོབ་ཆེན་སྐྱེན་པོར་སྐོར་གྱིན་སྔུན་དུ་ཤེད་ཀྱིས་རྒྱུག་ཕྱིན། རྗེས་ཆོད་དེ་བལྟས་སར། ཤིང་རྟ་འཁོར་ལོ་ཞིག་གི་སྒང་། བགྲེས་མོ་ཧ་ལམ་ལོ་བརྒྱད་ཅུར་སོན་པ་ཞིག་བྱིས་པ་རློན་ནུ་ལྟར་སྙལ། ཐ་ན་ཁ་ནང་དུ་རྭ་ནུ་ཞིག་ཀྱང་བཙུགས་ཡོད། ཕོ་ལོ་ཉི་ཤུ་ཡས་མས་ཀྱི་གསར་བུ་ཞིག་གིས་དྲེའུ་རྒོད་ཅིག་ལྟར་དཔྱངས་ཐག་སྐེ་ལ་བསྐོར་ཏེ་སྔུན་ན་ཤེད་ཀྱིས་འདྲེན། སྒྲོ་བ་ཆེན་པོ་འབོག་འདྲ་གཅིག་རྒྱབ་ལ་འཁུར་མཁན་ཁྱིམ་བདག་སྐྱེས་པ་སྟོབས་ཆེན་དེའི་མིང་ལ་ཨ་ཚེ་འབོད། ཁོ་བོས་ཀླ་ཆུའི་ཨ་ཚེ་འབོད་པར་དགའ། ཁོའི་ཆུང་མ་དང་། གཟོད་ནས་བཙུན་མ་བཅོས་ལོས་ཡོད་སྙམ་པའི་སྲིང་མོ་གཉིས་ཀས། མ་ཎི་ལག་འཁོར་ཆེན་པོ་རེ་སྐོར་ཞིང་ལོགས་སུ་ཚེགས་ཡང་མོར་སྐྱོད། ནམ་རྒྱུན་གོ་ཁར་སྒྱིད་ལུག་གེར་སྡོད་དུས་མི་ཤེས་པ་མ་གཏོགས། འདི་ལྟའི་གནས་དུས་དམིགས་བསལ་བའི་ཁྲོད། གཡུལ་འཁྲུག་དང་རྔོན་པའི་དུས་རབས་ཀྱིས་བཏང་སྟེ་རིང་ཞིག་སོང་བའི་སྐྱེས་པ་ཚོ། གཟོད་སྔར་མུས་བཞིན་གོ་ཕེར་པོ་ཆོད་མཁན་ཤ་སྟག་ལ་མཐོང་།དེ་བཞིན། ངེད་ཀྱི་ལུང་པ་ནས་སྐྱེས་པའི་གུས་མིང་ལ་སྐྱེས་བུ་སྒྲ་འགྱུར་ཏེ“སྐྱེ་བཟུ”འདྲ་ཞིག་འབོད། གཙོ་བོ་དེ་སྔོན་མའི་བག་ཆགས་དང་སྦྱར་ན། དུད་ཚང་གཅིག་ཙམ་མ་ཟད། ཚོ་པ་ཞིག ཐ་ན་ཡུལ་ཕྱོགས་དེའི་དབུས་ཀྱི་ལྕོག་མཁར་དང་མཐའ་ཡི་ལྕགས་རི་ལྟ་བུར་ཕལ་གྱིས་ངོས་འཛིན། འོན་ཀྱང་ལྟོས་བཅོས་ཀྱི་ཞི་བདེ་དང་ཚན་རིག་གི་དུས་རབས་སླེབས་དང་བསྟུན། རང་རེའི་ལུང་པའང་ཕོ་མོ་འདྲ་མཉམ་ལ་གནས་བཟོད་བདེ། དེ་ཅི་བས་ཡག དེའི་འཕྲོར་སོ་སོའི་ཁེ་ཕན་སྒྲུབ་ལ་ཉིན་སྲིབ་ཉིས་ཆའི་ཐབས་ཅི་ཡོད་བསྟེན་རྒྱུར་ཡ་མི་ང་ལ་བག་མི་ཚ། དེ་ཡག་མིན་བཤད་ཁྲུན་མི་ཆོད། གང་ལྟར། འདང་ཁོག་ལ་བརྒྱབ་ན། “སྐྱེ་བཟུ”ཞེས་པའི་གནའ་བོའི་ཐོག་ལྕགས་གླིང་བཞི་མ་དེའི་གྲུ་ཟུར་ཅིག ཉིན་ཞིང་བརྡར་ཏེ་ད་ནི་རྙིལ་ལ་ཐུག་གིན་མེད་འགྲོ་སྙམ་པ་ཞིག་ཡོང་།རང་རེ་སླར་ཡང་ཨ་ཚེ་ཚང་གི་ཤིང་རྟ་འཁོར་ལོའི་རྩིབ་ལ་ལོག་འགྲོ།“ཁྱོད་ལ་ཆི་ཐུང(气筒)ཨེ་ཡོད།”ང་བོད་མི་ཞིག་ཡིན་པ་ཤེས་རྗེས། གཉའ་བ་ཁོང་དུ་ལྷེམ་ཙམ་བྱས་ཏེ་ཨ་ཚེས་དེ་ལྟར་དྲིས་བྱུང་།ངས“ཡོད”ཅེས་འགྲུལ་བཞུད་ཅ་ལག་དེ་རྐང་འཁོར་འཕོངས་ནས་བཀྲོལ་ཏེ་ཁོར་སྤྲད།འོན་ཀྱང་བལྟས་དུས། ཤིང་རྟའི་འཁོར་ལོ་ཡ་གཅིག་གི་དབུགས་རྦད་དེ་ཞུད་ནས། ལྕགས་ཀྱི་ཁྱུད་ཀོར་ས་ཁར་གཏུབས་གྲི་བཞིན་འཁེལ། སྔོན་ཆད་སྦག་སྦག་འཁོར་ལོ་བཞོན་པའི་ལོ་ཟླའི་ནང་། ལམ་སྐབས་རྐྱལ་པ་དྲལ་ནས་དབུགས་དེ་ལྟར་ཞུད་ཐེངས། ལྷག་པར་ས་རུབ་ལ་ཉེ་ན། དངོས་གནས་ཡིད་ནག་གཏིང་ནས་འཆད་རྒྱུ་ཡོད། འོན་ཀྱང་སྐབས་དེར་རེམ་པོར་ནང་ངོས་རྐྱལ་པའི་ཟགས་བུག་ལྷན་པས་མ་བཀབ་ན། སྐུ་ཞབས་ཁྱོད་ལ“ཆི་ཐུང”བརྒྱ་ཡོད་རུང་། གྲོད་པུ་ཞབས་རྡོལ་ལ་ཆུ་བླུགས་པ་ལྟར་གོ་ཅི་ཡང་མི་ཆོད།དེར་ངས་ཨ་ཚེར། “དྲལ་བུག་སྦྱོར་སྤྱད་ཡོ་ཆས་འདྲ་བཟུང་ཨེ་ཡོད།” ཅེས་དྲིས་པར་ཨ་ཚེས། “མེད།” ཅེས་དགོད་ཙམ་བྱེད། ཏན་ཏན་དགོད་ཙམ་བྱེད། ལེ་ཁོག་སྐྱ་མོ་དྲེའུ་ཆད་མ་བརྒལ་དུས་ཀྱང་། ཁོ་དེ་ལྟར་ཅི་མི་སྙམ་པའི་ངང་དགོད་ཙམ་བྱས་ཏེ་ཡོང་མཁན་རེད། ཁོ་ལ་མཚོན་ན་ཤིང་རྟའི་འཁོར་ལོ་དེ་ཟུར་གསུམ་དུ་མ་ཆགས་པ་ཙམ་གྱིས་ཆོག་ཚོད། མ་གཏོགས་དེ་དབུགས་ཀྱིས་བརྒྱངས་ཡོད་མེད་ལ་ཁོང་གིས་ཁ་ཡ་གནང་ས་མ་རེད།ངས་ཨ་ཚེ་བཞག་སྟེ་ཞི་ལུར་བལྟས། ཤིང་རྟ་མོ་ཞིག་གིས་སྡོང་པོ་རྐོ་བ་ལྟར། ཕོ་སར་ཁོས་ཕུ་དུང་སྐེད་པར་དཀྲིས་ཏེ་དབུགས་རྒོད་ཧར་ཧར་རྐྱལ་པ་རལ་པོ་དེའི་སྦུབས་ལ་དབུགས་བརྒྱབ་ཅིང་བརྒྱབ། བརྒྱབ་ཅིང་བརྒྱབ། མཐར་དངོས་འབྲེལ་ཅུང་ཞིག་སྦོས་སུ་བཅུག་བྱུང་། ལོ་ཆུང་ན་ངོ་མ་གཞན་དང་མ་འདྲ་བར་འདུག རྔུལ་ནག་འབྱིད་ཞོར་ཞི་ལུས་དབུགས་རྒྱག་ཡོ་ཆས་ཚུར་སྤྲད་དེ“བཀའ་དྲིན་ཆེ”ཟེར། ངས་ཧ་ལམ“བཀའ་དྲིན་ཆེ་ཞུ་མི་དགོས”མ་བཤད་པ་འདྲ། དེའི་རྒྱུ་མཚན་ནི། དབུགས་ལྷོད་པོ་དེ་ཅུང་ཟད་ཙམ་ནས་ཡང་བསྐྱར་ཞུད་ནས། རྐྱལ་པ་སྔོན་མ་ནང་བཞིན་ལྕགས་ཀྱི་ཁྱུད་ཀོར་གྱིས་ས་ཁར་གླེབ་འགྲོ་བ་གཏན་འཁེལ་རེད། དེ་ལ་བཀའ་དྲིན་ཆེ་མ་ཆེ་ཞིག་གླེང་རིན་ཡོད་དམ། ཡང་ངའི་ཁ་ཨ་ཚེར་ཕྱོགས་ཏེ།“ཀླུ་ཆུ་རྗོང་ནས་ཁྱོད་ཚོས་རྐྱལ་པའི་དྲལ་བུག་སྦྱོར་སྤྱད་ཡོ་ཆས་དེ་འདྲ་ཉོས་དང་།” ཞེས་བཀའ་འདྲ་ཞིག་ཕབ། འོན་ཀྱང་སྔར་བཞིན་དགོད་ཙམ་བྱེད་པ་ལས་ཨ་ཚེས་ཅི་ཡང་མི་སྨྲ། ཁོའི་དགོད་ཙམ་བྱེད་སྟངས་དེ་ལ་ཁྱོན་ནས་སུས་ཀྱང་གླགས་མི་འཁེལ་ཚོད། ཡང་གསར་བུས“དེ་གང་ན་ཉོ་རྒྱུ་ཡོད་ནི་རེད”ཅེས་དྲིས་པར་ངས། “སྦག་སྦག་སོགས་ཞིག་གསོ་བྱེད་ས་དེ་འདྲར་ཡོད་ངེས”ཞེས་སྨྲས་པར་ཁོས་ཡང་བསྐྱར“བཀའ་དྲིན་ཆེ”ཟེར། ཐེངས་དེར་ངས་ཀྱང་གཞི་ནས“བཀའ་དྲིན་ཆེ་ཞུ་མི་དགོས”ཞེས་རྐང་པ་སླར་ཡོབ་ཆེན་སྟེང་སྤར་ཏེ་སྔུན་ལ་ག་ལེ་གུ་ལེར་བུད་སོང་།དྲང་མོར་བཤད་ན། “ཀླུ་ཆུ་རྗོང་ནས་ཁྱོད་ཚོས་རྐྱལ་པའི་དྲལ་བུག་སྦྱོར་སྤྱད་ཡོ་ཆས་དེ་འདྲ་ཉོས་དང་།” ཞེས་པའི་སྐད་ཆ་འདི་འཁང་རའི་སྐད་ཆ་ཞིག་རེད། ཏག་ཏག་དེ་འདྲ་རེད། ཡང་འཁང་ར་དེའི་ཧྲལ་ན་གློ་བ་དཀར་ས་ཞིག་ཀྱང་མེད་པ་ག་ལ་ཡིན། ཉེ་རིང་དང་བགྲེས་གཞོན་མི་ཕྱེ་བར། ཕོ་མོ་དང་སྐྱ་སེར་མི་འགེར་པར། ང་ཚོ་རེ་རེ་ཡང་། མེས་ཀྱི་དུས་ནས་ས་སྒང་འདིར་ལས་དབང་གིས་སྟོར་པའི་ནས་སོན་རྡོག་པོ་རེ་རེ་མ་རེད་དམ། དེར་བརྟེན། ལམ་དང་རྡོག་ཁ་མི་གཅིག་མོད་སེམས་དང་ཁ་ལག་ཧ་ལམ་གཅིག་ལ་འགྲིག ཀླུ་ཆུའི་ཨ་ཚེ་ཚང་གི་འགྲུལ་ཁ་ཡངས་པར་སྨོན།“སྒྱུ་འཕྲུལ་དངོས་ཡོད”ཁྲོད་ཀྱི་ཤིང་རྟ་སྐྱ་བོ་དེའི་ཙིར་སྒྲ་དང་། ཕལ་བའི་འབྲོག་ཚང་དེའི་འདོན་རྟ་རིང་མོ་རྒྱབ་ནས་རྒྱང་ལ་བསྐྱུར་ཏེ་མི་ཐོས་པར་གྱུར། འོན་ཀྱང་ཨ་ཚེའི་ངག་ནས་ཐེངས་དང་པོར་ཐོས་པའི“ཁྲོ་སྐྱབས་ཐུགས་ཆེན”ཞེས་པ་དེ་ད་རུང་རྣ་ལམ་དུ་ལྷང་ལྷང་འོང་། དོན་དུ་ཁོ་ཚོ་ཇོ་བོ་དེ་ལ་མཇལ་དུ་འགྲོ་མཁན་རེད། དེ་ཙམ་ནས་བཟུང་། ལྷོ་བྱང་ལམ་ལ་ཁ་འཐོར་བའི་སྟོན་ཀའི་ཁྲུང་ཁྲུང་ཇི་བཞིན། ས་ཕྱོགས་དེའི་ཕོ་མོ་རྒན་གཞོན་མི་ཕྱེ་བའི་མཇལ་པ་སྐོར་དང་སྐོར་ལ་གནས་དུས་ངེས་མིན་ནང་འཕྲད་རྒྱུ་ཡོད། མཐའ་བཅད་ཞུས་ན། ཁོ་བོ་ཡང་མགོ་འཁོར་བའི་ཁྲུང་ཁྲུང་ཁེར་རྐྱང་ཞིག་ལས་མ་འདས། ཐ་ན“ཆོལ་གསུམ་ལམ་ཡིག”ཅེས་པའི་ཁ་བྱང་འདི་མ་དྲན་སྔོན། ཁོ་བོས་དེབ་མིང་ལ“ཁྲུང་ཁྲུང་མགོ་འཁོར”གདགས་དགོས་སྙམ་མྱོང་། དེ་ལས་ཀྱང་ཡི་མུག་པ་ནི། ཅི་ལྟར་བལྟས་ན། ཁོ་བོ་དེ་ལྟར་ཟླ་བརྒྱད་པའི་ཁྱུང་རྒོད་མ་ཡིན་པར། དེ་རིང་བར་ཟླ་དགུ་པའི་ཁྱུང་སྙིགས་ཀྱི་གྲས་སུ་ཐམ་མེ་ཐོམ་མེར་འཕུར་ཁུལ་བྱེད་མཁན་ཞིག་ཏུ་ཡོད་ཨང་།དེ་མུས་སུ་ཉིན་ཤས་རིང་འཕུལ་ཁུལ་བྱས་བྱས་པའི་མཐར། གུས་པ་གཞི་ནས་ཇོ་བོ་དེའི་ཆོན་ཁར་འབབ་རྒྱུ་བྱུང—ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ།“ཁྲོ་སྐྱབས”ཞེས་པ། རྒྱལ་མོ་ཚ་བ་རོང་གི་སྔོན་མའི་རྒྱལ་པོ་གྲགས་ཅན་དེའི་མིང་ཡིན་པ་ཀུན་གྱིས་མཁྱེན་ཚོད་རེད། ཕྱིས་སུ་མི་མིང་ས་ལ་ཐོགས་ཏེ་ལུང་པ་དེར་ཁྲོ་སྐྱབས་འབོད། ཐུགས་རྗེ་ཆེན་པོའི་སྐུ་དེ་བཞུགས་ཡུལ་དགོན་པ། ཏག་ཏག་ཁྲོ་སྐྱབས་ལུང་ཕུའི་རི་རྒན—བལྟས་ན་དགའ་ལྡན་གྱི་འབྲོག་རི་བོ་ལྟར་ནམ་མཁར་བརྩེགས་དེའི་ཁ་སོར་འཆགས་པས། “ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའམ།” བསྐུངས་ཏེ། “ཁྲོ་སྐྱབས་ཐུགས་ཆེན”ཞེས་གནའ་ནས་དེང་གི་བར་ཕྱོགས་ལ་གྲགས་པ་རེད། ཡང་། ཇོ་བོ་འདི། ཕལ་ཆེར་ཀླུ་ཆུའི་ནུབ་ནས་རྒྱལ་མོ་རྔུལ་ཆུའི་ཤར་གྱི་བར་རྒྱུད་ལ་རྟེན་གཞི་འཆའ་བའི་རང་རེའི་མི་སྡེའི་ཐུན་མོང་ངོས་ཀྱི་མཆོད་སྡོང་ཆེན་པོ་ཉག་གཅིག་ལ་གྱུར་མེད་འགྲོ་སྙམ། བྱིན་རླབས་ཀྱང་ལྷ་སའི་ཇོ་བོ་དང་མཉམ་མོ་ཟེར།གཙོས་ནས་ཀླུ་ཆུའི་བར་གྱི་གཏམ་རྒྱུད་ཁག་གསུམ་འདི་ནས་ཆ་ཚང་རྫོགས་སོང་། དེ་མིན། ངོ་མཚར་ཆེ་བའི་ཇོ་བོ་འདིའི་སྐོར། རྒྱལ་མོ་ཚ་བ་རོང་གི་སྐབས་ལམ་ཐིག་ལྟར་བྲི་འཆར་ཡིན་པས། རང་རེ་དེ་དུས་མཇལ་ཡོང་། ད་ཚེ་རིང་།༼མུ་འགོད།༽ སྐྱིད་རྟག་འཕྲིན་སྟེགས་ལས་དྲངས།