ཉིན་བཞི་པ།
ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ5བླ་བྲང་ནས་གཙོས། ལམ་ཐག་སྤྱི་ལེ66བགྲོད་ལམ་གཙོ་བོ། S312 G568 གཙོས་གྲོང་ཁྱེར། མཚོ་འཕགས། སྨི2936ཨ་རོགས་སྔོ་ལ་གཡུ་རྩེ། ཁྱོད་དེ་རིང་ད་རུང་བདེ་མོ་ཡིན་ནམ།སྙུ་གུར་རྡོག་སྟབས་འཆོར་གྱིན་བླ་བྲང་སྐོར་གྱི་རིག་གནས་ལྷུག་རྩོམ་འདྲ་བ་དེ་འཁྱོང་ན་མི་འཁྱོང་ན་བྲིས་རྫོགས། ད་ནི་སྐུ་ཉིད་ཀྱིས་འཚོ་བའི་ཤ་སྐྱིའི་ངོས་ཀྱི་སྔོ་ལ་གཡུ་རྩེའི་གཏམ་རྒྱུད་ལ་ལྷོད་ལྷོད་ངང་གསན་རོགས་ཞུ།སྟབས་ལེགས་ཏེ། བླ་བྲང་ནས་གྲོགས་སྙན་ངག་པ་མདོ་སྨད•ཧེ་རུ་ཀ་དང་ཕྲད། གོ་ནོར་ཐེབས་མི་རུང་། སྔོ་ལ་གཡུ་རྩེ་ཁོང་མིན། ཁོང་ནི་གཙོས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་རེད། ངའི་འབབ་ཚིགས་རྗེས་མའང་གཙོས་གྲོང་ཁྱེར་ལ་འཁེལ་པས། ལྕགས་རྟའི་འཕོངས་ཀྱི་སྒ་འབོག་གྲོགས་ཁོའི་རླངས་འཁོར་ནང་བསྐུར་རྗེས། ཟོར་ཡང་མོར་འཁོར་འདས་མཉམ་གཤིབ་ཀྱི་གྲོང་ཆུང་འདིར་མྱུལ་མྱུག་གང་འཚམས་བྱས། དེའི་ཁྲོད་ཁ་བྱང་ལྟར་སྙིང་ཉེ་བའི་སྔོ་ལ་གཡུ་རྩེ་དང་ཕྲད། མ་ཟད་ཁོ་དང་འབྲེལ་བའི་ཟིན་བྲིས་འདི་བྱུང་།ཕྱིས་བྱུང་མིང་ལ་ཐེམ་ཆེན་དུ་འབོད་པའི་ངེད་ཀྱི་ཕ་ཡུལ་བོང་སྟག་ལའང་དགོན་པ་ཆེ་ཙམ་གཅིག་ཡོད་པའི་མིང་ལ—ཨེ་ཝཾ་ཏཱ་རེ་དགོན་འབོད་ཀྱི་ཡོད། འོན་ཀྱང་། ལམ་ཐག་གིས་རྒྱང་ཆོད་ཁར་གནས་བཟོད་མི་བདེ་བའི་སྦས་ལུང་ཞིག་ལ་བཏབ་ཡོད་པས། ཉིན་རྒྱུན་འཚོ་བའི་ཁྲོད་རྫོང་འདིའི་རྒན་གཞོན་ཕལ་གྱིས་མེས་པོ་གོང་མས་རང་ལ་དགོན་སྡེ་ཞིག་བཞག་ཡོད་པའང་ཧ་ལམ་དྲནཔར་མི་ཡོང་བའི་ཚོད་ཅིག་ཡིན། རང་བཞིན་དུ་ལོ་འགའ་རེའི་ནང་ལན་རེར་འགྲོ་ཐེངས་ཙམ་རེའང་ཨེ་ཡོད་ན། གུས་པས་བཤད་འདོད་པ་ནི། བོད་ཀྱི་ལུང་པར། གྲོང་དང་དགོན་སྡེ་གཉིས་གྲལ་མཚེས་སུ་བྱུང་ཚེ། ཕྱི་རྐྱེན་ཐེབས་གྲབས་བྱེད་སར་ཕན་ཚུན་ངོ་རོགས་སུ་འཆར། ཉིན་རྒྱུན་ཁྲོད་གཉིས་ཀའི་སྲོལ་ལུགས་ལེགས་བཅོས་ལའང་ཕན་ཆ་ཆེ་སྙམ། མ་མཐའ་ཡང་། བོད་ཀྱི་རིག་གནས་གསར་པར་རང་རྐྱ་ཕེར་པའི་གཞུང་མ་ལག་ཆ་ཚང་ཞིག་མ་ཚུགས་སྔོན། སྤུས་ཞན་པའི་ཕྱི་ཡོང་སྲོལ་ཀའི་རྙོག་མ་དྭངས་གཞུར་ལ། འདི་ལས་ལྷག་པའི་ཚགས་སྐྱོགས་དང་གཟར་མཆུ་ཞིག་རྙེད་ཚོད་མི་གདའ་སྙམ། དེ་ལྟར་མ་བྱུང་བའི་མཐའ་འབྲས་ལ། མེས་པོ་གླེང་རུང་ཚོར་བ་ཅི་ཡང་མི་ཡོང་བའི་རབས་ཕྱི་མ་ཆར་རྗེས་ཤ་མོ་བརྡོལ་བཞིན་བྱུང་། དེར་བརྟེན། བོང་སྟག་དགོན་ཨེ་ཝཾ་ཏཱ་རེ་དང་ཐེམ་ཆེན་རྫོང་གཉིས་གྲལ་མཚེས་སུ་མ་བྱུང་བ་དྲན་ཐེངས། གུས་པས་མི་མངོན་དབྱིངས་ཀྱི་མེས་པོར་ཡང་འཁང་ར་རེ་ཤོར་འགྲོ། སྙུག་ཁ་དཀྱུས་སུ་བྱས་ན། དགོན་གྲོང་དཔུང་སྡེབ་ཏུ་ཡོད་ཚེ། བོད་ཀྱི་སྤྱི་ཚོགས་སོ་སོའི་ཡིན་འོས་ཀྱི་ངོ་བོར་འཆར་ཙམ་ཡོང་། དེ་འདྲ་མདོ་སྨད་དུ། རོང་པོ་གྲོང་རྡལ་དང་རོང་པོ་དགོན། ད་ལྟ་སླེབས་ཡུལ་བསང་ཆུ་གྲོང་རྡལ་དང་བླ་བྲང་དགོན། གཟའ་འཁོར་གཅིག་གི་རྒྱབ་ལ་འབྱོར་དགོས་སའི་ལི་ཐང་གྲོང་རྡལ་དང་ལི་ཐང་དགོན་སོགས་གྲགས་ཆེའོ། །གོང་སྨྲས་ཇི་བཞིན། ཉིན་དེར་བླ་བྲང་ནས་གཙོས་གྲོང་ལ་བསླེབ་དགོས་པས། ལར་དུས་ཚོད་ཀྱི་གནང་བ་ཆེར་མེད་མོད། འཁོར་འདས་གཉིས་ཀའི་བར་གྱི་གྱང་ལག་དེ་གོམ་པ་གང་གིས་བརྒལ་ཏེ། གུས་པ་བསང་གྲོང་གི་བཞི་མདོ་ཁའི་ཟ་ཁང་སྒོ་དར་ཁྲ་ལྡེམ་ཅན་དེར་ཕྱིན། ཡང་བསམ་བཞིན་སྒེའུ་ཁུང་ཁར་གཏོད་ཅོག་སྒམ་ཞིག་ལ་བསྡད་ཅིང་། ཇ་དཀར་ཁུ(ངེད་ཀྱི་ལུང་པ་ནས་འོ་ཇ་མི་ཟེར། ཇ་དཀར་ཁུ་གཟོད་སྔ་མའི་འབོད་སྲོལ་ཡིན)འཐུང་ཞོར་གཤམ་རོལ་སྲང་ལམ་ལ་ལྟད་མོར་གཡེང—གྲོང་ཚོ་ནས་ཡར་དགོན་པར་སྐྱོད་མཁན་མི་སྐྱ་ཐེར་ཕྲུག་ཅན། དགོན་པ་ནས་མར་གྲོང་ཚོར་ཕེབས་མཁན་བཙུན་པ་གཟན་དཀྲིས་ཅན། ཨ་གསར་གྱི་ལྭ་དང་ཆས་སྤྲས་པའི་ན་གཞོན་ཕོ་མོ་ལ་སོགས་པ། རྟེན་དང་ཐོབ་ཐང་ཅི་རིགས་ངོས་ཀྱི་སྐྱེ་བོ་བགྲེས་གཞོན་བགྲང་གིས་མི་ལང་བ། འདུན་པ་གང་ཞིག་གིས་སྔུན་ནས་འཐེན་ཞིང་རེ་བ་གང་ཞིག་གིས་རྒྱབ་ནས་སྐུལ་གྱིན། རང་རང་གི་ཁ་ཕྱོགས་ལ་གོམ་ཁ་དལ་ལྷོད་ཅི་རིགས་ནས་སྐྱོད། སྲང་ལམ་གྱི་འགྲམ་གཉིས་སུ། བོད་མིའི་འཚོ་བའི་མཁོ་ཆས་གཤོམ་པའི་ཚོང་ཁང་སྣ་ཚོགས་ཕྲེང་ལ་བསྟར། ཨ་མདོའི་རྡུང་ལེན་འུར་ཆེམ་བྱེད་པའི་ཟ་ཁང་ཇ་ཁང་ནར་མར་སྦྲེལ། བལྟས་ན། བོད་ཡུལ་འཇིག་རྟེན་གྲོང་གི་རྣམ་པ་མ་ཚང་བ་འགའ་ཡང་མི་འདུག དེ་འདྲའི་འདུ་ལོང་འུར་ཟིང་ཁྲོད་རྣམ་ཤེས་ཞུགས་ཏེ། གུས་པས་རེ་ཞིག་ཇ་བཏུང་རྒྱུའང་བརྗེད་འདུགཡང་སྲིད་འཛིན་ངོ་བོའི་སྟེང་ནས་བཤད་ན། བོད་མིང་མགོ་ལ་སྤྲས་པའི་རྫོང་དང་ཁུལ་སོགས་རང་རེར་བརྩི་རྒྱུ་ཁ་གྲངས་ཅན་ཞིག་ཡོད་མོད། གུས་པས་ད་ཕན……མ་མཐར་ཡང་རིག་གནས་ཀྱི་ངོས་ནས་རང་རེར་གྲོང་ཁྱེར་ཟེར་བ་ཞིག་ཡོད་པའང་མ་མཐོང་། ཡ་འོ་ན་ལྷ་ས་ནི་གྲོང་ཁྱེར་མིན་ནམ་ཟེར་ན་གུས་པས་ཕྱིར་ཡིན་ནམ་ཞེས་ལྡོག་འདྲི་བྱས་ན་འདོད། དོན་ལ་ལྷ་ས་ནི་པེ་ཅིན་ལམ་དང་ཅང་སུའུ་ལམ་ལ་བཀལ་པའི་གཞིས་ཁུལ་ཕད་པུ་ཙམ་གཅིག་ལ་ཟད། ཡང་ན་སྡེ་ཁུལ་དུ་སྨྲས་ཀྱང་ཆོག འདི་ལ་རྒྱས“社区”འབོད། དབྱིན་ཡིག་བརྡ་ཆད“Community”ཞེས་པ་འདི་ལས་གྲོལ་ཟེར། དེའི་ཁྱད་ཆོས་གཙོ་བོ་ནི། གནའ་སྔ་མོའི་རིགས་མཐུན་ཁྱུ་སྡོད་ཀྱི་གཤིས་ལ་བྱུང་བའི—“ཆ་ཡོད་སྤྱི་ཚོགས”ཆུང་སེ་བ་ཞིག་ལ་འཁུམས། དེར་ཡང་སྡོད་དམངས་ཀུན་པོ་ཤ་དང་རུས་པའི་ཉེ་ལག་རྩ་བཞིར་ཧ་ལམ་འདུ། དེར་བརྟེན་མང་ཆེས་ཕན་ཚུན་བར་ངོ་ཤེས། མི་ཤེས་པ་དག་ཀྱང་ཉེ་རྒྱང་སྐོར་གྱིན་བརྟེན་ཞིང་འབྲེལ་ན་གོ་ཐོས་ཡོད་གྲངས་ཀྱིས་བརྒྱ་ཆའི་མཐོ་ཚད་ཟིན། གུས་པ་ད་ལྟ་སླེབས་ཡུལ་བླ་བྲང་ཏག་ཏག་དེ་ལྟའི་གཞིས་ཁུལ་ཅིག་ལ་ཡོད། ཡང་རང་རེའི་ཡུལ་ལུང་སོ་སོའི་འདི་ལྟའི་གཞིས་ཁུལ་ལ་ཁྱབ་མཉམ་གྱི་ཞན་ཆ་ཞིག་ཡོད་པ་ནི། ཞུམ་བུ་ཤ་ལ་དགའ་ཇི་ལྟར། ལྐོག་ནས་གཞན་གྱི་བླ་བཙགས་དཔྱི་རྡུང་ལ་མོས། ཧ་ཧ། ཀུ་རེ་ཡིན། དོན་ལ། འདིའི་ཞན་ཆ་གཙོ་བོ་ནི། ཨ་རིར་གཞེས་པའི་ཨ་རྨི་ཧྲེ(Amish 阿米绪)པའི་སྡེ་ཁུལ་ཇི་བཞིན། གནས་སྐབས་མང་ཆེར་སྲོལ་རྙིང་གིས་བཅིངས་ཆེས་ཏེ་ཕྱི་རོལ་ཡུལ་ལ་རྡོག་མི་འཐོན། མགོ་འཚོས་མ་འཚོས་ལ་སླར་གདོད་མའི་བྲག་སྐྱིབས་སུ་ལོག་ཆས་བྱེད། དོན་ལ་ལོག་གིན་ཡོད། ལོག་སྟེ་སླར་མི་ལྡོག་པའང་མང་། བཟང་ཆ་གཙོ་བོ་ནི། ཕུ་ནུའི་རུས་གདུང་ཟབ། དཔུང་རྡང་རྡོག་རྩ་འགྲིག……མ་མཐར་ཡང་ཉིན་རྒྱུན་འཚོ་བའི་འཇམ་མཉེན་ཁྲོད་དེ་འདྲར་ཡོད……ཡ་ད་སྣ་སུན་ཕོག་དོགས་ཆེ། དེ་བས་སྔོ་ལ་གཡུ་རྩེ་བཤད།བར་དེར། གཞུང་ལམ་ཕར་གཞོགས་འབྲི་མར་འཚོང་ཁང་དེའི་མདོ་ཁར། ར་སྔོ་སྔོ་རྩིད་པའི་འཛར་ལོ་ཅན་ཞིག་མངོན་བྱུང་། དེས་ཁོ་བོའི་ལྟ་འདུན་ཡོངས་སུ་བཀུག རེམ་པོརsoniབརྙན་ཆས་འཁྱེར་བདེ་མ་དེ་རྒྱབ་ཁུག་ལས་བཏོན་ནས་བརྙན་འབེབས་མགོ་བརྩམས།རྔ་མ་མཐོ་གང་པོ་དྲུག་མདོར་ཨ་ལོང་དུ་བཅོས་ཡོད་པ་དེས། རྭ་ཅོ་ལྡེམ་ལྡེམ། མན་ཚར་ལྷེབ་ལྷེབ། གྲོད་སྐོགས་ལ་བཅུག་ཡོད་མར་གདར་གཅིག་གི་གཏུབས་ངོས་ལ་སོ་ཤད་རྒྱག་གིན་ཁམ་ཆེན་པོ་ཆེན་པོས་བཟའ། སྐབས་དེའི་ཁོའི་ཞིམ་སྣང་དེ་ནི་ཡི་གེས་མཚོན་ཐུབ་པ་ཞིག་ཀྱང་མ་རེད། རིམ་བཞིན་ངའི་མིག་ལམ་དུ་མར་ཁུས་བཀང་བའི་ར་རྐྱལ་སེར་ཐང་ཐང་ཞིག་འཁོར་ཡོང་། སེར་ཐང་ཐང་གི་ར་རྐྱལ་དེས། ལན་རེར་རིལ་མ་བསྟར་པ་འགའ་རེ་ནག་ཐར་རེར་སྟོར་འགྲོ། བར་དེར་སྦྱིན་བདག་སྐྱེས་པ་ཚོ་ལྟིག་རས་ལྭའི་ཕུ་དུང་སྐེར་པར་དཀྲིས་པ་ཞིག་སྒོར་ཐོན་བྱུང་། ངའི་སེམས་ལ། ཡ་ད་ར་རྒན་ཁོས་རྡོ་ལོག་ཅིག་གམ། མ་མཐར་ཡང་རྡོག་ཐོ་ཞིག་ཉོ་རྒྱུ་རེད་བསམ། ཨ་ལ……སྦྱིན་བདག་དེས་ར་རྒན་གྱི་གཉའ་ནས་ཕར་འཕུད་ཙམ་བྱས་རྗེས། ཁ་ཕྱིར་འཁོར་ཏེ་སྒྲོམ་སྟེགས་ལས་བག་ལེབ་ཕྱེད་ཅིག་ཁོའི་སྔུན་ལ་སྟོར་སོང་། འོན་ཀྱང་དེས་དེ་ལ་མིག་ཟུར་ཙམ་བལྟས་པ་མེད། མ་ཟད་ཧ་ཅང་མ་འཐད་པའི་ངང་རྒྱགས་འགྲོས་ཤིག་ཤིག་ཕར་ཕྱིན་སོང་། མ་གཞི་ངས་བརྙན་ཆས་ཀྱི་སྒོ་འདི་ནས་གཏན་རྩིས་ཡིན་མོད། སྔོ་ཡོམ་ཡོམ། ང་རྒྱལ་ཅན་དེ་ཐད་ཀར་གཞུང་ལམ་བཞི་མདོའི་དབུས་ཀྱི་ཉི་མའི་ནང་ལྟོ་བ་ཕབ་སྟེ་ཉལ་སོང་། གནམ་རྒན་མ། དེ་ཡིན་པ་འགྲིམ་འགྲུལ་ཉེན་རྟོག་པ་ལངས་ས་རེད། ངས་བརྙན་ཆས་ཇེ་བཀན་ལ་བཟུང་སྟེ་མུ་མཐུད་དུ་བརྙན་ཕབ། བཞི་མདོ་ཁར་གྱོད་ཉལ་བྱེད་མཁན་སྔོན་པོ་དེར་རྐྱེན་བཅོས་ཏེ། ཕྱོགས་བཞི་ནས་འདུས་ཡོང་བའི་རླངས་འཁོར་དང་སྦག་སྦག་དང་རྐང་ཐང་སོགས་ཅུང་ཙམ་ཁེགས་པར་གྱུར། འོན་ཀྱང་དེ་ནི་དེ་གར་གནའ་སྔ་མོ་ནས་ཡོད་པའི་རྡེའུ་འབུམ་སྔོན་པོ་ཞིག་ལྟར་ཚང་མས་ཅི་མི་སྙམ་པའི་ངང་གཡོལ་ཏེ་འགྲོ། ཐ་ན་ཁ་ཤུ་འདེབས་པའམ་དུང་བརྡ་བརྒྱབ་སྟེ་དཀྲོག་མཁན་ཞིག་ཀྱང་མ་བྱུང་། མཐར་འུར་ལྡིར་དང་འགུལ་སྐྱོད་འཚུབ་པོ་དེ་དག་ལ་སུན་སྣང་སྐྱེས་པ་ལོས་ཡིན། ལང་ཤོར་ཁོ་ཟེལ་ལོག་གེར་ཡར་ལྡང་བྱུང་། དེར་མཐུད་ཉེ་འཁོར་ཀུན་ལ་སྐོར་ལྟ་ཞིག་བརྒྱབ་རྗེས། ཨ་ཙི། གཅིན་པ་སྟོར་ཞོར་ཕར་གཞོགས་མཆོད་རྟེན་དེ་གཟས་ནས་ཕྱིན་སོང་། ཉི་འོད་ལམ་ལམ་འཚེར་པའི་ལམ་ངོས་སྐྱ་བོའི་ངོས་ཀྱི་ཁོའི་གཅིན་པ་སྟོར་ཤུལ་ནི། ལག་མི་འཇོན་པའི་བཟོ་མ་ཞིག་གིས་ལྭ་དཀར་པོའི་སྟེང་གཤར་ནག་པོ་བརྒྱབ་པ་དང་འདྲ། རྟོག་བློ་ད་རུང་ཕར་ཙམ་དེད་ན། སྔོན་པོ་ཡ་མེད་དེས། འཁོར་བའི་གྲོང་ཆུང་འདིར་རང་གི་མངའ་ཁོངས་ལ་ས་རྟགས་རྒྱག་པ་དང་ཡང་འདྲ། སྐབས་དེར་ཁོ་མཆོང་ཐེངས་གཅིག་ལ་མཆོད་རྟེན་དཀར་ཆེན་དེའི་བུམ་གདན་སྟེང་འཛེགས་སོང་། མཆོད་རྟེན་དེ་ནི། 1923ལོར་ཨ་རིའི་བུད་མེད་མྱུལ་དཔྱོད་མཁན་ཀྲེན་ཐིས(Jnaet)ཟིན་བྲིས་ནང་། གྲོང་ཚོ་དང་དབྱིན་ལེ་གཅིག་གིས་བར་ཆོད་པའི་ལུང་འགག་ཏུ་བླ་བྲང་དགོན་པ་ཡོད་ལ། དེ་གར་ཐོག་མར་མཐོང་ཐུབ་པ་ནི་མཆོད་རྟེན་དཀར་པོ་ཞིག་གོ །ཞེས་བྲིས་ཡོད་པའི་མཆོད་རྟེན་དེ་ཡིན་ནམ་སྙམ། གལ་སྲིད་ཡིན་ན། དེང་སང་། སྐབས་དེའི་གྲོང་དགོན་བར་གྱི་དབྱིན་ལེ་གཅིག་དེ་གོམ་པ་གང་ལ་བསྟུངས་ཡོད་པ་འདི་རེད། ཡོད་པ་མེད་པར་གཏོང་ལ་མེད་པ་ཡོད་པར་སྒྱུར་མཁས་དུས་ཚོད་ཀྱི་སྟོབས་ཤུགས་ཨང་།གང་ལྟར། ཉིན་གུང་ཉི་མ་ཚ་རྟིང་ལ་སླེབས་ཀྱིན། ཅུང་ཙམ་འཚིག་གིན་ཡོད་ཚོད། སྔོན་པོ་དྲེགས་པ་ཅན་ཁོ། མཆོད་རྟེན་དེའི་བུམ་གདན་བྱང་ངོས་གྲིབ་བསིལ་ནང་གཞོགས་ཕབ་སྟེ་ཉལ་སོང་། མཆོད་རྟེན་དེར་བསྐོར་བ་སྐོར་མཁན་ཚོ་ལས་ལ་ལས་ཁོའི་ལུས་ལ་བྱིལ་བྱིལ་རེ་གཏོང་ཞིང་འགྲོ། ལ་ལས་ཁོར་བག་སོབ་སོགས་ལམ་བྲོ་ལས་ཟས་སྐལ་རེ་བྱིན་ཏེ་འགྲོ། འོན་ཀྱང་མགོ་ནས་མཇུག་བར། དེས་སུ་ལའང་ཁ་ཡ་ཏོག་ཙམ་བྱས་པ་མེད། ཐ་ན་ད་རུང་མར་གདར་དེ་བུབས་ཀྱིས་ཁོག་པའི་ནང་བླུག་མ་ཐུབ་པར་རླུང་ལངས་ཏེ་ཡོད། མཚམས་ཤིག མགོ་སྐྲ་ལན་ཆུང་གི་བསླས་མ་སུལ་སུལ་སོག་སོག་རྒྱབ་ལ་དཔྱངས་མཁན་བུ་མོ་ཞིག་གིས་རྩེད་མོའི་ཚུལ་གྱིས་དེའི་རྭ་ཅོ་ནས་བཟུང་སྟེ་སྤྲུགས་ཙམ་བྱས་ཙ་ན། ཨོ་ཧོ་ཧོ། ཁྲོ་བོ་སྔོ་བཙན་དེ་གློ་བུར་ཁྲོས་ནས་རྩིད་དོས་ཤིག་མར་ཧོབ་ཀྱིས་འགྲིལ་བ་ལྟར་ས་ངོས་སུ་མཆོང་བྱུང་། དེར་མཐུད་ཀག་གིས་ལངས་ཏེ་བུ་མོ་དེར་བརྡུང་རྩིས་བྱེད། ང་ཡང་ཅུང་ཞིག་ཧ་ལས་སོང་། དེ་ཀག་གིས་ལངས་ཚེ་མཐོ་ཁྱད་ན་ཀླུ་འབུམ་མི་རྒོད་ཙམ་ཞིག་འདུག བུ་མོ་དེར་ཅི་ཁག མོ་གནོང་ཞིང་ཞེད་དེ་ཕྱི་བལྟས་མེད་པར་གྱང་གསུར་དེ་ནས་བྲོས་ཕྱིན་སོང་། ལྟས་ངན་སྔོ་ཟེལ་དེས་ཀྱང་ཁ་ཆུ་འཛར་གྱིན་ལྕེ་ལྷེབ་ནག་ཁྱུག་ཁྱུག་གཡུག་ཞོར་རྣར་མི་སྙན་པའི་འཛེར་དང་བཅས། མོ་ར་མ་ཞིག་རྙེད་སོང་བ་ལྟར། མི་ཚོགས་གཤག་གིན་བུ་མོ་དེའི་རྗེས་མི་གཏོང་བར་གྱང་གསུར་དེ་ནས་རྡུལ་ཚུབ་བེར་ཡལ་སོང་།ཤུལ་དུ་མི་ཚོགས་ཁྲོད་ཧབ་ཆ་དིར་རེར་བྱུང……དེ་རིང་ངས་རང་ཚང་གི་ལུག་ཁྱུའི་བརྒྱ་དཔོན་ཡིན་ཟེར་བའི་ར་རྒྱ་རྒྱ་སྲུང་རྟགས་ཅན་དེ་མཐོང་ཐེངས། ཏག་ཏག་བསང་གཞོང་རིང་མོའི“གཞི་བདག”སྔོ་ལ་གཡུ་རྩེ་ཁོ་དྲན་ཡོང་། དེ་མུར་འཁོར་འདས་གཉིས་ཀ་གྲལ་རྡང་གཅིག་ལ་འཁོད་པའི་བླ་བྲང་ཧྲིལ་གྱིས་དྲན་ཡོང་། མ་ཟད་དེ་འདྲའི་བབ་ཆགས་ལ་སྙིང་ཉེ། བག་བྲོ་ལ་འདང་ཆེ།ཨ་རོགས་སྔོ་ལ་གཡུ་རྩེ། ཁྱོད་དེ་རིང་ད་རུང་བདེ་མོ་ཡིན་ནམ།གཏེར་ལུང་དགོན་པར་མཇལ་ཅིང་ཕྱིན། རྩྭ་ཕག་རྐུ་མཁན་འགའ་དང་ཕྲད།<<ཚངས་སྲས་བཞད་པའི་སྒྲ་དབྱངས>>---བོད་ཡིག་སློབ་གྲྭ་འགྲིམ་པའི་ཁྲོད་ཚིག་རྒྱན་སྙན་ངག་ལ་དཔེར་བརྗོད་བཞག་མྱོང་མཁན་ཞིག་ཡིན་ཕྱིན། དེབ་འདིའི་རྩོམ་པ་པོ་བསེ་ཚང་བློ་བཟང་དཔལ་ལྡན་ཚང་གི་མཚན་ཡིད་ལ་འཁོར་མི་ཡོང་བ་ག་ལ་སྲིད། བསང་ཆུ་གྲོང་རྡལ་གྱི་མར་ཤོད་ཁ་ཤར་ལ་ཕྱོགས་ཡོད་ལུང་བ་དེ་བརྒྱུད་ལྷོ་ངོས་གཙོས་ལ་བསྐྱོད་པའི་ལམ་སྐབས། གུས་པ་ཏག་ཏག་དམ་པ་དེའི་སྐུ་ཕྲེང་རིམ་བྱོན་གྱི་གདན་ས---གཏེར་ལུང་ཡིད་དགའ་ཆོས་འཛོན་གླིང་ལ་མཇལ་དུ་ཕྱིན། བླ་བླང་བཀྲ་ཤིས་འཁྱིལ་དང་སྤྱི་ལེ20ཙམ་གྱི་ལམ་ཐག་ལས་མེད། གཡོན་ངོས་རི་སྡིངས་དེ་ན་སེར་ཆམ་མེར་གཟར་ཡོད།ཕྱིན་པར། དགེ་འདུན་པ་སྟོབས་པོ་ཆེ་བྲག་ཐོ་འདྲ་བ་ཞིག་གིས་གོང་རོལ་ན་ཐུར་ལ་གཟིགས་ཏེ་མཆི། སྐས་ལས་ཡར་འཛེགས་ཏེ་དྲིས་པར། མཚན་བློ་བཟང་རྒྱ་མཚོར་ཞུ། རང་གི་རྒྱུ་མཚན་རགས་རིམ་ཞུས་པར་ཞལ་དྲོན་ངང་ཤག་ཏུ་བསུས། མར་རྩམ་སྤར་ཁྱིམ་གཉིས་ཀས་བསྐྱོར་དགོས་པ་ཞིག་ཁྱུར་མིད་བརྒྱབ། དེར་མཐུད་སྒྲེག་པ་འབྱིན་ཞོར། དགེ་འདུན་པ་ཁོང་གི་ཞལ་ནས། གཏེར་ལུང་དགོན་གྱི་ལོ་རྒྱུས་དང་ཨ་ལགས་བསེ་ཚང་གི་རྣམ་ཐར་རགས་བསྡུས་ལ་ཉན། ཟིན་བྲིས་དངོས་ཀྱི་སྐབས། དེའི་ཁར་དེབ་སོགས་གཞན་ནས་རྒྱུ་ཆ་གང་འཚམ་བསྐངས་ཏེ་གཤམ་གྱི་ཚན་པ་འདི་བྲིས།ཡོངས་གྲགས་ལོ་རྒྱུས་ལྟར། ཧ་ལམ་སྤྱི་ལོ1184ཙམ་གྱི་དུས་སུ། ཞི་བྱེད་གཅོད་ཀྱི་ཡུམ་ཆེན་མོ་མ་ཅིག་ལབ་སྒྲོན་བུ་སློབ་འཁོར་བཅས་རྨ་ཆུའི་ལྷོ་རྒྱུད་འདིར་བྱོན་ཞིང་། དུས་བབས་ལྟར་བསང་ཆུའི་འབབ་རྒྱུད་གཡའ་རིའི་རྨོག་ལུང་ཟེར་བའི་བྲག་ལ་བུམ་གཏེར་སྦས། གཏེར་ལུང་ཞེས་པའི་ས་མིང་དེ་ནས་བྱུང་། དེའི་ཕྱིས་འབྲི་གུང་བཀའ་བརྒྱུད་པའི་གྲུབ་ཐོབ་མང་པོ་གནས་འདིར་སྒོམ་དང་སྒྲུབ་ལ་བཞུགས། དེ་ལ་བརྟེན་ཞིང་འབྲེལ་ཏེ། སྤྱི་ལོ1222ལོར། གནས་འདིར་དགོན་པ་ཆུང་ཆུང་ཞིག་བྱུང་བར་གཏེར་ལུང་དགོན་དུ་གྲགས། གྲུབ་མཐའ་རྙིང་མ་དང་བཀའ་བརྒྱུད་འདྲེས་མར་སྤྱོད། 1558ཙམ་ལ། གྲུབ་མཐའ་དགེ་ལུགས་པ་རྐྱང་དུ་བསྒྱུར་ཞིང་དགོན་མིང་གཉན་པོ་འདུ་ཁང་དུ་བཏགས། སྤྱི་ལོ1718ལོར། བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཁན་ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་དང་པོ་ཚང་གཏེར་ལུང་འདིར་བྱོན་ཏེ། མི་ལོ་ལྔ་བརྒྱའི་ཡར་སྔོན་སྦས་པའི་མ་ཅིག་ཡུམ་སྲས་ཀྱི་བུམ་གཏེར་དེ་བྲག་ལས་བཏོན་ཟེར། མ་ཟད། གཏེར་ལུང་དགོན་འདི་ཁོང་གི་ཐུགས་སྲས་ཀྱི་གྲས—བསེ་ཚང་སྐུ་ཕྲེང་དང་པོ་བསེ་ངག་དབང་བཀྲ་ཤིས་ལ་གཏད། དགོན་མིང་ཡང་གཏེར་ལུང་ཡིད་དགའ་ཆོས་འཛིན་དུ་གསོལ། དེ་ནས་བཟུང་ད་ལྟར་ཐུག་གི་བར། གཏེར་ལུང་དགོན་འདི་བསེ་ཚང་སྐུ་ཕྲེང་ན་རིམ་གྱིས་བསྐྱངས་ཤིང་སྐྱོང་མུས་རེད།དེའི་ཁྲོད་འུ་ཚོར་ཉེ་རྒྱུས་ཡོད་པ“ཚངས་སྲས་བཞད་སྒྲ”རྩོམ་གནང་མཁན་བསེ་ཚང་བློ་བཟང་དཔལ་ལྡན་ཚང་། བསེ་སྐུ་ཕྲེང་དྲུག་པར་ངོས་འཛིན། ཁོང1938ལོར་རེབ་གོང་ཐེ་བུ་ཞེས་པའི་གྲོང་ཚོར་འཁྲུངས། བྱིས་དུས་ནས་གྲྭ་སར་ཞུགས་ཤིང་རིམ་གྱིས་གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས། འོན་ཀྱང་ལོ་ངོ་ཉི་ཤུ་ལྷག་གི་དུས་འགྱུར་ཁྲོད་བསམ་མི་བཟོད་པའི་འོ་བརྒྱལ་ཅི་རིགས་ལ་གཏད། སླར་ལྷོད་དུ་འཁོར་པའི1979ལོར་དཀར་སར་བཏོན། རིམ་གྱིས་ཆོས་ཕྱོགས་ཀྱི་ཕྱག་ལས་ཕུད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་གྲྭ་དང་། གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཕེབས་ཏེ། བོད་ཀྱི་སློབ་གསོ་དང་རིག་གནས་ཡར་རྒྱས་ཀྱི་ཕྱིར་ཕྱག་ལས་རྒྱ་ཆེར་གནང་མུས་ལ། སྤྱི་ལོ2021སྟེ་དགུང་གྲངས84བཞེས་པའི་སྟེང་སྐུ་མྱ་ངན་ལས་འདས།དེ་མིན། གཏེར་ལུང་དགོན་འདི་འབྲི་བའི་ཁྲོད་བྲག་དགོན་པས། “གཡའ་རིའི་གཡས་ངོས་ཀྱི་རྟ་རྫོང་གཡུ་མཚོ་མཚོ་དམའ་མོ་གཡུ་ཡི་མཎཌལ་ལ་ངོས་འཛིན་ཅིང་། གཡོན་ངོས་ལུང་བར་མ་ཅིག་ཡུམ་སྲས་ཀྱི་གཏེར་ཁ་ཡོད།” ཅེས་གསུངས་ཡོད། ཚང་མས་མཁྱེན་གསལ་ལྟར། བསང་གཞོང་གི་རྟ་རྫོང་གཡུ་མཚོ་ནི། མགོ་ལོག་གི་མཚོ་སྐྱ་རངས་སྔོ་རངས་ཇི་བཞིན། མདོ་ཁམས་ས་ཆའི་མཚོ་མོ་གྲགས་ཅན་རེད། འདི་བསང་ཆུ་གྲོང་རྡལ་ནས་ཤར་ངོས་སུ་སྤྱི་ལེ་ཉི་ཤུ་ལྷག་ཅིག་ཕྱིན་སའི་ཨ་མྱེས་བསང་རིའི་ལྷོ་ཤོད་ལ་སྔོ་ལྟེམ་མེར་འཁྱིལ། དེ་ནས་བལྟས་ན། མདའ་ལ་གཏེར་ལུང་དགོན་ཆགས་པའི་ལུང་བ་འདིའི་ཉིན་ངོས་རི་རྒྱུད་ལ་གཡའ་རི་འབོད་ཀྱི་ཡོད་ཚོད། གཡའ་རིའི་གཏེར་ལུང་གི་ཕུ་ན་ཕ་བོང་དཀར་པོ་བོང་བུ་ཉལ་འདྲ་ཞིག་ཡོད་པར་ལྟོས་ཏེ། ཕྱིས་སུ་ཕྱོགས་དེར་བྱུང་བའི་སྲིད་འཛིན་གྲོང་རྡལ་གྱི་མིང་ལའང་བོང་དཀར་ཐང་གྲོང་རྡལ་འབོད་ཀྱི་འདུག གཞན། ཕྱོགས་དེར་བོང་དཀར་རི་ཁྲོད་དང་རྟ་རྫོང་རི་ཁྲོད་ཅེས། སྒོམ་ཆེན་འདུ་སའི་དབེན་གནས་ཉམས་དགའ་བ་གཉིས་ཀྱང་ཡོད་པར་བཤད། གཏེར་ལུང་དགོན་འདི་དགེ་ལུགས་པར་བསྒྱུར་སྐབས་རི་ཁྲོད་འདི་གཉིས་ལྷན་དུ་བསྡུས་ཏེ་བྱུང་ཡང་ཟེར། སྤྱིར་ན་གཏེར་ལུང་ནི་ནུབ་ནས་ཤར་ལ་བརྐྱངས་ཀྱི་གཡའ་རིའི་རྫ་རྒྱུད་ལ་གཏོགས་ལུང་ཕྲན་ཕུ་དུང་ཙམ་ཞིག་རེད་མོད་ཀྱང་། གཏེར་ལུང་དགོན་གྲགས་ཆེས་ཏེ། དེང་སང་ལུང་པ་འདི་ཧྲིལ་པོར་གཏེར་ལུང་འབོད་ཟེར། རང་བཞིན་ལུང་ཆུ་ལའང་གཏེར་ལུང་ཆུ་ལ་འབོད།དེ་ལྟར། ངོ་མཚར་བའི་གཏམ་རྒྱུད་ཀྱིས་ཕྱུག་པའི་ཞི་བྱེད་གཅོད་ཀྱི་གནས་མཆོག་དམ་པ་དེ་དང་གྱེས་ཁར། ཨ་ཁུ་བློ་བཟང་རྒྱ་མཚོས་གུས་པར་གྲོ་ཞུན་སྨུག་སྒོར་རེ་བ་སྣུམ་ཙིག་གེ་བ་ཞིག་གནང་བྱུང་། དེ་འབོག་ནང་བཅུག་ཅིང་གཏེར་ཆུ་མདའ་ལ་འདེད་ཀྱིན་གུས་པ་མུ་མཐུད་ལམ་དུ་ཆས། ཅུང་ཞིག་ཐུར་ལམ་དུ་ཡོད་པས། ཡོབ་ཆེན་ཅི་ལྟར་བསྐོར་རུང་ངལ་དུབ་ཡེ་མི་ཡོང་། དེ་མུར་རྒྱུག་གིན་པའི་མཚམས་ཤིག དགོད་བྲོ་ལ་སྙིང་ཡང་ལངས་པའི་བྱ་བ་ཞིག་དང་ཕྲད། སྦག་སྦག་རྫིག་པོ་བཞོན་མཁན་རྒྱ་ཕྲུག་ལྗོངས་རྒྱུ་བ་བཞིས་སྦག་སྦག་ལམ་ཁར་བཞག་སྟེ། ཕ་ཚད་ཀྱི་ཞིང་གའི་ནང་རྡུལ་སློག་སློག་ཅི་ཞིག་བདས་ཤིང་འདེད་ཀྱིན་འདུག གཟབ་སྟེ་བལྟས་སར། ཨ་ཙི་རྩྭ་ཕག་ཅིག་རེད། རྩྭ་ཕག་མ་གཞི་ནས་ཆེན་པོར་མི་འཚར་པས། ངས་དང་ཐོག་དེ་ཕག་ཕྲུག་ཅིག་རེད་སྙམ་སོང་། ཤ་ཟིན་སྤུ་ཟིན་བྱས་བྱས་མཐར། འབའ་ཙེར་ཤ་ར་ར། སེམས་ཅན་ལས་ངན་དེ་ཐེའུ་ཕྲུག་དེ་ཚོའི་ལག་ནང་དུ་ཚུད་སོང་། ངས་ཁད་ཉེ་སར་བདག་པོ་བྱུང་ན་ཅི་མ་རུང་སྙམ་སྟེ་ཡར་ལྟ་མར་ལྟ་བྱས། འོན་ཀྱང་ལྷ་འདྲེ་སུ་ཞིག་གིས་བསམ་གཟས་ནས་རྐུན་ཕྲུག་དེ་ཚོར་གླགས་སྤྲོད་པ་དང་འདྲ་བར། ཕྱོགས་བཞི་དབེན་ཐིང་ངེར། མི་ཞིག་གི་གྲིབ་མ་ཙམ་མི་མཐོང་། དེར་ངས“ཝ་ཡེ། དེ་གློད་ཅིག”ཅེས་སྐད་བརྒྱབ་རུང་དེ་ཚོས་ཐ་ན་ཚུར་ལ་ལྟ་ཙམ་ཡང་བྱས་པ་མེད། མཐར་ལས་ངན་ནག་ལོག་དེ་སྟོང་པར་ཕུད་པའི་རྒྱབ་ཁུག་ཅིག་ཏུ་བཅུག་ནས། ལྟས་ངན་དེ་ཚོ་བྱ་འཕུར་བ་ལྟར་བྲོས་སོང་། ཀཿཐོག་སི་ཏུས་གནས་སྐོར་པ་རབ་འབྲིང་ཐ་གསུམ་གྱི་རྣམ་དབྱེ་གསུངས་སྐབས་ཐ་མ་དེ་ལ། “མཐོང་ན་སློང་ཞིང་མ་མཐོང་རྐུ་བ་དེ། །གནས་སྐོར་སྡིག་སྐོར་སོང་བའི་ངང་ཚུལ་གཉིས། །”ཞེས་མཚན་ཉིད་བཞག་མྱོང་འདུག འོན་ཀྱང“སྡིག”ཅེས་པ་སྔོན་ཆད་ཐོས་པ་མེད་ལ་ཕྱིན་ཆད་ཀྱང་ཐོས་འདོད་མེད་པའི་རིགས་ལ་མཚོན་ན། མཁས་པའི་མཆིད་རེད་མོད། གཅིག་མཚུངས་གུས་པས་སྡར་སྐད་ཁྲོད། “ཝ་ཡེ། དེ་གློད་ཅིག” ཅེས་སྨྲ་ཁུལ་བྱས་པ་ལྟར། ནུས་མེད་ཀྱི་རླུང་ལྡོམ་ཞིག་ལ་ཟད་རྒྱུ་ལས་ཐབས་ཅི་ཡོད།ཁོ་བོ་མུ་མཐུད་དུ་མཚོ་སྔོན་ཀན་སུའུ་སི་ཁྲོན་བཅས་ཀྱི་འདུས་མདོར་ཆགས་པའི་གཙོས་གྲོང་གི་ཕྱོགས་ལ་ཤུགས་ཀྱིས་ཆས། བླ་བྲང་ཉི་མའི་རང་འཐག སྒར་ཆགས་ཐང་། འབུམ་ཆུང་ལ། ར་སྐྱོར། ཐང་དཀར་སོགས་ས་ཆ་བརྒྱུད་དེ་ཕྱི་དྲོ་ཙམ་ལ་ཡུ་མོ་ལ་ཞེས་པར་སླེབས། ཧ་ལམ་ཉིན་གུང་ཨ་ཁུ་བློ་བཟང་རྒྱ་མཚོས་གནང་བའི་རྩམ་རྒན་དེ་ཞུ་ཚར་སོང་ཚོད། ཤུགས་ཟད་དེ་འཛེག་ཁག་པོ་རང་བྱུང་། ཉྭ་སྟི་འཆུས་ཤིང་སྒྱིད་པ་ལྟེབ། ལག་རྩ་ལྷོད་ཅིང་བརླ་སྒང་གཟེར། ལྷག་པར་ཕྱི་རྟིང་གཉིས་ཀར་རྨ་བརྡོལ། ལམ་གྱི་སྐྱིད་སྡུག་རྐང་པས་ཤེས་ཟེར་བ་ཅིས་མ་བདེན། ཉི་མ་དམར་ཐག་ཆོད་ལ་ད་རུང་ཐག་ཚད་ཙམ་ཡོད་མཚམས་གཙོས་གྲོང་དུ་གཞི་ནས་འབྱོར། གྲོགས་མདོ་སྨད•ཧེ་རུ་ཀ་གྲོང་འདབས་སུ་བསུ་མར་སླེབས་བྱུང་། ཐེངས་འདིའི་འགྲུལ་བཞུད་ཀྱི་བསུ་མ་དང་པོ་ཡིན། དྲིས་པར་སྲས་མཁར་དགུ་ཐོག་ཕྱིར་ལོག་པའི་ལམ་སྐབས་མཇལ་ཆོག་ཟེར།ཅུང་ཙམ་ནས། གྲགས་གཡེར་རྒྱང་ལ་ཆོད་པའི་སྲས་མཁར་དགུ་ཐོག རྒྱུ་མཚན་དང་སྔོན་ལྟས་ཅི་ཡང་མེད་པར་གློ་རྡེག་མདུན་ངོས་ས་ཁར་ཐོལ་གྱིས་འཕགས། རྒྱ་ཕིབས་རྩེ་མོ་མཁའ་ལ་འགྱིང་། སྒྱུ་རྩལ་སྣང་བ་དེ་བས་མཐོ།༼མུ་འགོད།༽ སྐྱིད་རྟག་དྲ་བ་ལས།