རྩོམ་པ་བོ། ཨ་ལགས་དོར་ཞི།
བོད་འགྱུར་ལོ་ཙཱ། ཐེ་བྲག་བསྟན་པ།
ཉེ་བའི་ཆར་དྲ་ཐོག་ཁག་ཏུ། “མཚོ་སྔོན་མཚོ་ལྷོའི་ཁུལ་ཨུའི་ཧྲུའུ་ཅི་ལ་སྤྲིངས་པའི་འཕྲིན་ཡིག་༣༠”
ཟེར་བ་དང་། “ནད་ཁྲིའི་སྟེང་གི་དགག་ལན།” ཟེར་བ་སོགས་རྩོམ་ཡིག་མང་བོ་ཞིག་མཐོང་རྒྱུ་བྱུང་།
མི་རིགས་ཆེད་མཁས་དང་སློབ་དཔོན། སློབ་མ་དང་མི་རིགས་ལས་བྱེད་སོགས། འདི་ལྟ་བུའི་མི་མང་བོ་ཞིག་གིས་མི་རིགས་སློབ་གསོར་ཐུགས་ཁུར་གནང་ནས།
འཕྲིན་ཡིག་འབྲི་བ་དང་། དྲ་ཐོག་ནས་མི་རིགས་སློབ་གསོ་དང་འབྲེལ་བའི་གནད་དོན་གྱི་བགྲོ་གླེང་ཁག་ལ་མཉམ་ཞུགས་བྱེད་པ་འདི།
རྒྱལ་ཁབ་ཀྱི་དོན་ཆེན་ལ་ཐུགས་ཁུར་གནང་བའི་དོན་བཟང་ཞིག་ཡིན་པས། རིམ་པ་སོ་སོའི་མི་རིགས་སློབ་གསོའི་སྡེ་ཁག་རྣམ་པ་དང་།
འབྲེལ་ཡོད་འགོ་ཁྲིད་མི་སྣ་སོགས་ཀྱིས་འདི་རིགས་ལ་དགའ་བསུ་དང་། ཁེངས་སྐྱུང་གིས་ཉན་འཇོག་བྱེད་འོས།
མི་རིགས་སློབ་གསོའི་གཡུལ་ས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་ལས་ཀ་བྱས་པའི་སློབ་དཔོན་རྒན་པོ་ཞིག་ཡིན་པའི་ཆ་ནས།
ངས་ཀྱང་འདི་ཐད་ལ་བསམ་ཚུལ་མདོར་བསྡུས་ཤིག་ཞུས་ན་འདོད།
ང་རང་སྤྱི་ལོ་༡༩༥༣ལོར་བྱ་བར་ཞུགས་པ་ཡིན་ལ། ཐོག་མར་སློབ་ཆུང་དང་།
དེ་ནས་སློབ་འབྲིང་། སློབ་ཆེན་དངོས་གཞི་ནས་རབ་འབྱམས་ཞིབ་འཇུག་དང་། འབུམ་རམས་ཞིབ་འཇུག་བཅས་སུ་རིམ་པ་བཞིན་དུ་བོད་སྐད་ཡིག་གི་དགེ་རྒན་བྱས་ནས་ཡོང་བ་ཡིན་ལ།
ང་རང་རང་ངོས་ནས། མི་རིགས་བྱ་བའི་ལས་བྱེད་པ་ཚོས། “མི་རིགས་བྱ་བའི་གསེར་ལྡན་དུས་རབས།”
ཞེས་འབོད་པའི་ལོ་རབས་བརྒྱུད་མྱོང་ལ། ཆར་རླུང་རྒོད་པའི་ལོ་ཟླའང་བརྒྱུད་མྱོང་བ་ཡིན།
བཅིངས་འགྲོལ་གྱི་རྗེས་ཙམ་ནས་༡༩༥༦ལོའི་སྔོན་བར་དུ། ཀྲུང་དབྱང་དང་རིམ་པ་ཁག་གི་ས་གནས་སྲིད་གཞུང་ཁག་གིས་མི་རིགས་ས་ཁུལ་རང་སྐྱོང་བྱ་བར་དོ་སྣང་ཟབ་མོ་གནང་ཡོད།
སྐབས་དེར་མི་རིགས་ལས་བྱེད་གསོ་སྐྱོང་དང་མི་རིགས་ས་ཁུལ་གྱི་སྲིད་གཞུང་ཁག་གིས་མི་རིགས་རིག་གནས་དར་སྤེལ།
མི་རིགས་ས་ཁུལ་དུ་ལས་ཀ་བྱེད་པའི་རྒྱ་རིགས་ལས་བྱེད་པ་ཚོར་མི་རིགས་སྐད་ཡིག་སྦྱོང་དུ་འཇུག་པ།
མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར། ཆོས་ལུགས་དད་མོས་ལ་བརྩི་འཇོག མི་རིགས་ལས་བྱེད་པ་དང་རྒྱ་རིགས་ལས་བྱེད་པའི་བར་དུ་མཛའ་གཅུགས་གྲོགས་པོ་སྒྲིག་པ་སོགས་ལ་བརྟེན་ནས།
གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་གཉིས་ཀ་ཁྱིམ་ཚང་གཅིག་གི་མི་ལྟ་བུ་གྱུར་ནས། འཆམ་མཐུན་སྤྱི་ཚོགས་ཁྲོད་དུ།
མི་ཚང་མ་སེམས་བདེ་བག་ཕེབས་ངང་གནས་ཡོད། འདི་ལྟ་བུའི་སྤྱི་ཚོགས་རྒྱབ་ལྗོངས་འོག་ཏུ། མི་རིགས་སློབ་གསོའི་བྱ་གཞག་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་ལ།
འཕེལ་རྒྱས་ཀྱང་ཆེན་པོ་བྱུང་ཡོད།
“རིག་གསར་”སྐབས་སུ། བཅིངས་འགྲོལ་གྱི་རྗེས་ཙམ་ནས་བཏིངས་པའི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་རྩ་བ་ནས་གཏོར་བརླག་ཏུ་བཏང་ནས།
མི་རིགས་རིག་གནས་དང་མི་རིགས་སློབ་གསོ་ལ་སྔར་བྱུང་མ་མྱོང་བའི་གོད་ཆག་བྱུང་ཡོད་ལ། མི་རིགས་སློབ་གླིང་ཁག་ནས་མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཚང་མ་མེད་པར་བཟོས་ཤིང་།
མི་རིགས་དགེ་རྒན་ཚང་མ་གཞི་རིམ་དུ་ངལ་རྩོལ་བྱེད་དུ་བཏང་། ཤེས་ཡོན་པ་རྣམས་ལ། “ཨང་རིམ་དགུ་བ།”
ཞེས་པའི་མིང་བྱང་བཀལ་ནས། “ས་བདག འབྱོར་ལྡན། གསར་བརྗེའི་ངོ་རྒོལ་བ། མི་ངན། གཡས་ལྷུང་བ།”
སོགས་དང་ལྷན་དུ། “སྲིད་དབང་སྒེར་གཅོད་པའི་”གྲས་སུ་བཞག་ནས། འཐབ་རྩོད་བྱེད་ཡུལ་དུ་གྱུར།
ཏང་གི་ཚོགས་ཆེན་བཅུ་གཅིག་པའི་ཚོགས་ཐེངས་གསུམ་པའི་རྗེས་ནས། དཀར་ནག་དབྱེ་བ་ཕྱིར་ཕྱེས་ནས།
ཉེས་མེད་ཉེས་འགེལ་ཐེབས་པར་དཀར་འདོན་བྱས་ཏེ། མི་རིགས་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་།
མི་རིགས་སློབ་གསོ་སླར་གསོ་གནང་། དེ་བས་བཅོས་བསྒྱུར་སྒོ་འབྱེད་ལ་མི་རྣམས་ཀྱིས། “བཅིངས་འགྲོལ་ཐེངས་གཉིས་པ།”
ཞེས་འབོད་ཀྱི་ཡོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཀྲུང་གོའི་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས།
དབུལ་ཞིང་ཕོངས་པ་ནས། དཔལ་འབྱོར་གྱི་སྤྱིའི་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པ་ཟིན་པའི་ས་རུ་སླེབས་པ་རེད།
འདི་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱིས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་རེད།
མི་རིགས་སློབ་གསོ་ནི། བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་ཀོར་ཐིག་ནས་མགོ་བཙུགས་ཏེ་ཡོང་བ་རེད་ལ།
ལྗོངས་ཞིང་ལྔའི་བོད་རིགས་ས་ཁུལ་གྱི་མི་རིགས་སློབ་འབྲིང་དང་སློབ་ཆུང་། མི་རིགས་ཆེད་སྦྱོང་སློབ་གླིང་སོགས་རིམ་གྱིས་སླར་གསོ་བྱས་ཤིང་།
མི་རིགས་སློབ་གླིང་འགའ་རེ་ཕྱོགས་བསྡུས་སློབ་ཆེན་དུ་རིམ་པ་སྤར་བྱས་ནས། མི་རིགས་སྐད་ཡིག་དངོས་གཞིའི་སློབ་གཉེར་གྱི་རྨང་གཞིའི་སྟེང་ནས།
མི་རིགས་སྐད་ཡིག་གི་རབ་འབྱམས་ཞིབ་འཇུག་དང་། འབུམ་རབས་ཞིབ་འཇུག་བཅས་ཀྱི་ཆེད་ལས་དངོས་སུ་བཙུགས་ནས།
ཚད་གཞི་མཐོ་བའི་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་པ་རེད། ལོ་ངོ་སུམ་ཅུའི་རིང་ལ།
མི་རིགས་སློབ་གསོ་འདི་གྲངས་འབོར་དང་སྤུས་ཚད་གཉིས་ཀའི་ཐད་ནས་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ནས།
མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བོ་ཞིག་བསྐྲུན་ཡོད།
ཀྲུང་གོའི་སློབ་གསོའི་སྤྱིའི་ཆ་ནས་བཤད་ན་། རང་རྒྱལ་འདི་སྔོན་ཐོན་སློབ་གསོའི་རྒྱལ་ཁབ་ཀྱི་ཨང་རིམ་ཐོག་མ་ཉི་ཤུའི་ནང་དུ་སླེབས་ཐུབ་མེད་ཅིང་།
དེ་ནི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་དང་གཏན་ནས་ཆ་མ་མཚུངས་པ་ཞིག་རེད་ལ། དེ་ནི་ང་ཚོའི་སློབ་གསོའི་ལས་རིགས་ཀྱི་ངོ་ཚ་ཡིན་པ་མ་ཟད་།
རྒྱལ་ཁབ་ཀྱི་ཞབས་འདྲེན་ཡང་རེད།
ཀྲུང་གོའི་སློབ་གསོ་རྗེས་ལུས་ཐེབས་པའི་གནད་འགག་ནི། སློབ་གྲྭ་ཆུང་འབྲིང་གིས་ཕྱོགས་རེ་བའི་སྒོ་ནས་སློབ་རིམ་འཕར་ཚད་དོན་དུ་གཉེར་བ་དང་།
སློབ་ཆེན་གྱིས་འཕྲལ་གྱི་ཁེ་ཕན་གཙོ་བོར་འཛིན་པ། ལས་ཞུགས་ཀྱི་དམིགས་ཡུལ་ཆེད་དུ་ཆེད་ལས་བཀོད་སྒྲིག་བྱེད་པ་སོགས་ཡིན་ལ།
བྱེད་ཐབས་འདི་ནི་སློབ་གསོའི་ཚན་རིག་གི་ཆོས་ཉིད་དང་འགལ་བ་རེད་། ལོ་མང་པོའི་རིང་ལ་སློབ་གསོའི་བཅོས་བསྒྱུར་ཞེས་ཁ་གཡང་ཡང་བོས་མོད།
ད་བར་དུ་མངོན་གསལ་དོད་པའི་ཕན་འབྲས་བྱུང་མེད། འདི་འདྲའི་ཁོར་ཡུག་གི་ཆ་རྐྱེན་འོག་ནས།
མི་རིགས་སློབ་གསོའི་ཐབས་ལམ་ཡང་འགུལ་མེད་སྒྲོམ་གཞི་འདི་ལས་གྲོལ་ཐུབ་མེད་ལ། དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་།
ཐོད་བརྒལ་རང་བཞིན་ཅན་གྱི་གོང་འཕེལ་ལམ་བུ་གསར་པ་ཞིག་གཏོད་ཐུབ་མེད།
དྲ་ཐོག་ནས་ཐོན་པའི་གནས་ཚུལ་ལྟར་ན། “ཞིང་ཆེན་དང་ས་ཁུལ་འགའ་ཤས་ཀྱི་སློབ་གསོའི་ལས་དོན་ཁྲོད་དུ།
ས་གནས་སྲིད་གཞུང་གི་ཁ་བྱང་དམར་པོའི་ཡིག་ཆ་ལས་གསལ་པོར་གཏན་འབེབས་བྱས་དོན་ལྟར་ན། ཚད་བཀག་ཡོད་པའི་དུས་ཚོད་ངེས་ཅན་ནང་དུ།
རིམ་བཞིན་མཐོ་འབྲིང་ནས་དམའ་འབྲིང་དང་། དེ་ནས་སློབ་ཆུང་བཅས་སུ་རིམ་པ་བཞིན་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ཕྱིར་འཐེན་བྱས་ནས།
རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེས་དེའི་“ཚབ་བྱས་”ཏེ། “བར་བརྒལ་”བྱེད་དགོས་པ་དང་།
གྲངས་ཉུང་མི་རིགས་ས་ཁུལ་དུ་རིམ་གྱིས་སྐད་རྐྱང་སློབ་ཁྲིད་མ་ལག་སྤེལ་ནས། མཇུག་མཐར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་།
སྐད་ཡིག་དེའི་ནང་གི་རིག་གནས་སྲོལ་རྒྱུན་བཅས་སློབ་གྲྭའི་སློབ་གསོའི་མ་ལག་ཁྲོད་ནས་མེད་པར་བཟོ་བ་”སོགས་ཀྱི་གནས་ཚུལ་འབྱུང་གི་ཡོད་འདུག་ལ།
“བྱེད་ཐབས་འདི་རིགས་ཐད་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཁྲོད་དུ་འདོད་བློ་ཧ་ཅང་མ་ཁེངས་པ་དང་།
རང་མི་རིགས་ཀྱི་སྐད་ཡིག་དང་དེས་རྒྱུན་མཐུད་པའི་སྲོལ་རྒྱུན་རིག་གནས་ཀྱི་མདུན་ལམ་ལ་སེམས་ཁྲལ་བྱེད་བཞིན་ཡོད་པའི་”གནས་ཚུལ་ཡང་ཐོན་གྱི་ཡོད་འདུག
གལ་ཏེ་དངོས་གནས་འདི་ལྟ་བུའི་“ཁ་བྱང་དམར་པོའི་ཡིག་ཆ་”ཞིག་ཡོད་ན།
དེ་ནི། “གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འདོད་བློ་མ་ཁེངས་པ་”ཙམ་གྱི་གནད་དོན་མ་ཡིན་པར།
དེ་ནི་སྲིད་ཇུས་ཐོག་གི་ཚབས་ཆེ་བའི་ནོར་འཁྲུལ་རེད། རང་རྒྱལ་ནི་མི་རིགས་མང་བའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ལ།
རང་རྒྱལ་གྱི་དོན་དངོས་ལ་གཞིགས་ནས། ཆེས་ཐོག་མར་གཏན་འབེབས་བྱས་པའི། 《སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛིན།》དང་། ཕྱིས་སུ་གཏན་འབེབས་བྱས་པའི། 《རྩ་ཁྲིམས།》བཅས་ཀྱི་ནང་ནས།
“མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་”ལ། “མི་རིགས་ཚང་མར་སོ་སོའི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་འཕེལ་གཏོང་བའི་རང་དབང་ཡོད།”
ཅེས་གཏན་འབེབས་གསལ་བོ་བྱས་ཡོད།
མི་རིགས་འདྲ་མཉམ་ལག་བསྟར་བྱེད་པ་ནི་མི་རིགས་གཅིག་གྱུར་དང་མཐུན་སྒྲིལ་གྱི་རྨང་གཞི་ཡིན།
མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ནི་སྐད་ཡིག་རིག་གནས་ཡིན་ལ། མི་རིགས་ངོས་འཛིན་ཟེར་བའང་།
མདོར་དེད་ན་གཙོ་བོ་མི་རིགས་སོ་སོར་དམིགས་བསལ་དུ་ཡོད་པའི་རིག་གནས་ལ་ངོས་འཛིན་པ་ཡིན།
“མི་རིགས་སློབ་གསོ་”ཞེས་པ་དེ། “མི་རིགས་རིག་གནས་སློབ་གསོ་”ཟེར་གྱི་ཡོད་པ་རེད་མ་གཏོགས།
དེ་མིན་ན། “མི་རིགས་སློབ་གསོ་”དང་། “སྤྱིར་བཏང་སློབ་གསོ་”གཉིས་ཀྱི་བར་དུ་ཁྱད་པར་ཅི་ཡོད།
ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་གི་གནས་ཚུལ་མི་འདྲ་ལ། དེའི་ནང་ནས་སྐད་ཡོད་ཀྱང་ཡི་གེ་མེད་མཁན་མང་བོ་ཞིག་ཡོད་པ་རེད།
དེ་བས་གནས་ཚུལ་ལ་བལྟས་ནས་ལག་བསྟར་བྱེད་རྒྱུ་གལ་ཆེ། སྐད་དང་ཡི་གེ་ཡོད་བསྡད་པའི་སོག་པོ་དང་བོད།
ཡུ་གུར་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གྱི་མི་རིགས་སློབ་གསོ་དེ། མི་རིགས་རང་ཉིད་ཀྱི་སྐད་ཡིག་གཙོ་བོར་བཟུང་ནས་ལག་བསྟར་བྱས་ནས།
མི་རིགས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བའི་སློབ་གསོ་བྱེད་དགོས། འདི་ལྟ་བུའི་མི་རིགས་སློབ་གསོ་དེ་ནི།
ད་གཟོད་སློབ་གསོ་འདྲ་མཉམ་དང་། སྐད་ཡིག་རིག་གནས་འདྲ་མཉམ་ཟེར་བ་སློབ་གསོའི་སྟེང་ནས་མངོན་འགྱུར་བྱུང་བའི་མཚོན་རྟགས་ཡིན།
དེ་བས། མི་རིགས་སྐད་ཡིག་མཐའ་ལ་འདེད་པའི་བྱ་སྤྱོད་དང་། མི་རིགས་སྐད་ཡིག་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་མ་ལག་ལས་ཕྱིར་འཐེན་བྱེད་དགོས་པ་ཁྱབ་བསྒྲགས་བྱེད་པའི་བྱ་སྤྱོད་འདི་ནི།
སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ཡིན་ལ། གྲངས་ཉུང་མི་རིགས་ལ་མཐོང་ཆུང་བྱེད་པའི་སྤྱོད་པ་དམར་རྗེན་དུ་ཕུད་ནས།
མི་རིགས་ཕན་ཚུན་བར་བློ་འགལ་སེམས་འགལ་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བ།
རྒྱལ་ཁབ་གཅིག་གྱུར་ཡིན་པའི་བསམ་བློའི་ངོས་འཛིན་གྱི་རྨང་གཞི་འཇོམས་པ་བཅས་ཀྱི་ཉེན་ཁ་ཆེན་པོ་ཡོད།
འཛམ་གླིང་ཡང་རྩེ་མདོ་དབུས་མཐོ་སྒང་དུ་རིགས་རྒྱུད་མ་ཆད་རིག་པ་མ་ཉམས་པར་གནས་པའི་བོད་མི་རིགས་འདི།
ལྟོས་བཅས་ཀྱིས་བཤད་ན་ཕྱི་དངོས་པོའི་སྒོ་ནས་རྗེས་ལུས་ཐེབས་ཡོད་རུང་། འདས་པའི་ལོ་ངོ་སྟོང་ཕྲག་རིང་ལ་རིམ་གྱིས་ཆགས་པའི་རིག་གནས་ཀྱི་རྨང་གཞི་ཧ་ཅང་ཕུན་སུམ་ཚོགས་པ་ཡོད།
མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་འཇིགས་སུ་རུང་བ་འདིས་ཐུན་མོང་མ་ཡིན་པའི་མི་རིགས་རྒྱུད་རྒྱུ་དང་རིག་གནས་རྒྱུད་རྒྱུ་བསྐྲུན་ཡོད་ལ།
རིག་གནས་ཀྱི་ཐོག་ཏུ་བླངས་པའི་གྲུབ་འབྲས་ཀྱིས་འཛམ་གླིང་གི་ཤེས་ལྡན་ཡོངས་ཀྱི་མིག་དབང་འཕྲོག་པར་བྱས་ཡོད།
ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གནས་དེ། ཤར་ཕྱོགས་ཤེས་རིག་ནོར་མཛོད་ཁྲོད་དུ་བཀྲག་མདངས་འཚེར་བའི་ནོར་བུ་ཞིག་ཏུ་གྱུར་ཡོད།
དཔལ་རྒྱ་གར་ནཱ་ལེནྡྲའི་ནང་བསྟན་སློབ་གླིང་ཆེན་མོའི་སྒྲིག་སྲོལ་གཞིར་བཟུང་ནས་བཏབ་པའི།
བོད་མི་རིགས་ཀྱི་མཐོ་རིམ་སློབ་གླིང་ཐོག་མ། གསང་ཕུའི་བཤད་གྲྭ་དེ་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་དུ་བཙུགས་པ་ཡིན་ལ།
དེ་ནི་པེ་ཅིང་སློབ་ཆེན་ལས་ཀྱང་ལོ་ངོ་༨༠༠ཡིས་སྔ་བར་བྱུང་ཡོད། ད་ཡོད་བོད་ཡིག་ཐོག་གི་དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་ཤིང་པར་མ་པོ་ཏི་ཁྲི་༡༠ལ་འབུད་ཅིང་།
པོད་རེའི་ཡིག་གྲངས་ཁྲི་༣༠ཡིན་པར་གཞིར་བཞག་གིས་བརྩིས་ན། གྲངས་འབོར་དེ་ནི་གནམ་རིག་སྐར་རྩིས་ཀྱི་རྩིས་གཞི་ཞིག་ཏུ་གྱུར་ཡོད།
འདི་ལྟ་བུའི་མིའི་རིགས་ཀྱི་རིག་གནས་འདིའི་རྒྱུན་ཐག་གཅོད་དགོས་ཟེར་ན། མི་རིགས་སུས་དང་དུ་ལེན་རྒྱུ་རེད་དམ།
ཀྲུང་གོའི་ལོ་རྒྱུས་སྟེང་གི་“རིག་གནས་གསར་བརྗེ་ཆེན་མོ་”ཟེར་བ་འདིས། ལོ་རྒྱུས་དང་རིག་གནས།
མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད། སྤྱི་ཚོགས་སྒྲིག་གཞི་བཅས་ལ་གཏོར་བརླག་ཆེན་པོ་བཏང་བའི་མཇུག་འབྲས་དང་།
མི་རིགས་གནད་དོན་ཐད་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཁ་འཐོར་དུ་གྱུར་བའི་ཨུ་རུ་སུའི་དོན་དངོས་བཅས་ལས་ཉམས་མྱོང་དང་བསླབ་བྱ་བསྡུད་ལེན་བྱེད་དགོས།
སོག་ཁི་རེ་ཋི་ཡིས། “མི་ཡིན་ན་ནོར་འཁྲུལ་བཟོ་ཆོག་མོད། འོན་ཀྱང་། ནོར་འཁྲུལ་གཅིག་དེ་བསྐྱར་ལྡབ་བྱེད་མི་རུང་།”
ཞེས་གསུངས་ཡོད།
ཉེ་བའི་ལོ་འགར་བོད་ཁུལ་དུ། མི་རིགས་སློབ་གསོའི་ཐོག་ནས་ཆེད་ལས་མཁས་པ་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་མི་བྱེད་ཅིང་།
ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐིལ་ཕྱིན་མི་བྱེད་པར། རང་བློས་ཁེབས་ཚོད་དང་རང་སྣང་གང་དྲན་གྱིས།
རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ཀྱི་བཅའ་ཁྲིམས་ལ་འགལ་བའི་སྲིད་ཇུས་ཡིག་ཆ་བཏོན་ནས།
མང་ཚོགས་ཀྱི་འདོད་བློ་མ་ཁེངས་པའི་གནས་ཚུལ་ཡང་དང་ཡང་དུ་འབྱུང་གི་ཡོད། དོན་དག་ཅིག་བྱུང་རྗེས།
ལམ་སེང་གཞུང་ཕྱོགས་ཀྱི་བཙན་ཤུགས་བེད་སྤྱད་ནས། འགན་ཁུར་ཚང་མ་མང་ཚོགས་ཀྱི་སྟེང་དུ་འདེད་ཅིང་།
སྟབས་བདེ་རྩུབ་སྤྱོད་ཀྱི་བརྟན་བརླིང་སྲུང་སྐྱོང་གི་ལག་ཐབས་བཀོལ་ནས་གནད་དོན་ཐག་གཅོད་བྱེད་ཐབས་བྱེད་ཀྱི་ཡོད།
འདི་ལྟ་བུའི་བྱེད་ཐབས་ལ་མཇུག་འབྲས་གཅིག་མ་གཏོགས་མེད་ཅིང་། དེ་ནི་དམངས་སེམས་དཀྲུགས་ནས།
ཆག་སྒོའི་ས་བོན་བཏབ་པ་ཡིན། བརྟན་བརླིང་སྲུང་སྐྱོང་གི་ལས་ཀ་ཞེས་པ་ནི། “ཆུ་སྟོར་ནས་མེ་གསོད་པ་”མ་ཡིན་པར།
“མེའི་རྩ་བ་”མེད་པར་བྱ་རྒྱུ་དེ་རེད། འདིའི་ཐད་ལ་གཞུང་ཕྱོགས་ནས་བློ་རྣལ་དུ་ཕབ་ནས་བསམ་བློ་བཏང་མེད།
སྲིད་གཞུང་དང་སློབ་གྲྭ་ཁག་གིས་སྲོལ་རྒྱུན་རིག་གནས་ཐད་ལ་ནུས་པ་ཅི་ཡང་འདོན་གྱི་མེད་ལ།
ད་དུང་མཐའ་ན་རྐང་བཙུགས་ནས་སྲོལ་རྒྱུན་རིག་གནས་ལ་འཚོ་གནས་ཀྱི་ཁོར་ཡུག་མེད་པར་བཟོ་བའི་རྣམ།་པ་ཡང་ཡོང་གི་ཡོད་ལ།
འདིས་མང་ཚོགས་རྣམས་སྲིད་གཞུང་ལ་ཡིད་ཆེས་ཤོར་དུ་འཇུག་གི་ཡོད། མང་ཚོགས་ཀྱིས་སྲིད་གཞུང་ནི་རྟེན་ས་དང་རེ་ས་ཞིག་མིན་པ་མཐོང་ནས།
ཞིང་འབྲོག་ས་ཁུལ་མང་བོ་ན་མང་ཚོགས་རང་ཉིད་ཀྱིས་བོད་སྐད་ཡིག་སླར་གསོའི་བྱེད་སྒོ་སྤེལ་གྱི་ཡོད་ལ།
བོད་ཡིག་སློབ་སྦྱོང་རྩ་འཛུགས་ཚུགས་བཞིན་པའི་དཔེ་མཚོན་ག་ས་གང་དུ་མཐོང་རྒྱུ་ཡོད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ལས་ཀ་དམངས་ཁྲོད་ལ་དེད་པ་འདི་ནི།
དམངས་སེམས་འགུག་ནུས་པའི་སྲིད་གཞུང་གི་བྱ་སྤྱོད་ཅིག་མ་ཡིན།
དྲ་ཐོག་ནས་སྤེལ་བའི་རྩོམ་ཡིག་ཁྲོད་དུ། འགའ་རེས་ཚིག་སྦྱོར་རྣོ་ངར་ཅན་སྤྱད་ཡོད་ལ།
ལ་ལས་སེམས་ཚོར་གྱིས་དྲངས་པའི་སྐད་ཆ་བཤད་ཡོད་མོད། ཚང་མའི་ནང་དོན་ནི་སྤྱིའི་ཆ་ནས་ངོས་དང་ཟུར་མི་འདྲ་བའི་མི་རིགས་བསམ་འདུན་མཚོན་ཡོད།
“ཁྲི་རྟའི་འཚེར་སྐད་གནོན་པའི་”དུས་རབས་དེ་ཡོངས་སུ་འདས་ཟིན་ལ། སྲིད་གཞུང་དང་འགོ་ཁྲིད་ལ།
རེ་བ་དང་བསམ་འཆར། ཐབས་ཇུས་བཅས་འདོན་པ་ནི་མང་ཚོགས་ཀྱིས་སྲིད་གཞུང་ལ་རེ་བ་བཅངས་པའི་མངོན་རྟགས་ཡིན་པས།
འདི་ནི་“རྒྱུན་ལྡན་མ་ཡིན་པར་”བརྩིས་ནས་བསམ་འཆར་གྱི་ལམ་བུ་འགོག་པའི་བྱེད་ཐབས་དེ་བཀོལ་མི་རུང་ལ།
མང་ཚོགས་ཀྱི་བསམ་འཆར་དེ་ཡུན་རིང་ལ་བསགས་ནས། རིམ་བཞིན་“སྐད་མེད་པའི་འབྲུག་སྒྲ་”རུ་འགྱུར་དུ་འཇུག་མི་རུང་ངོ་།།
ལོ་ཙཱ་བའི་གསལ་བཤད་ཁག་གསུམ།
1.ཨ་ལགས་ཀྱི་རྩོམ་འདི་ཁ་སང་ནས་མཐོང་བྱུང་ལ། གནད་འགག་གི་སྐབས་སུ་མི་ཆེན་ཁོང་འདྲ་གདོང་ལ་བུད་པ་འདི་མི་རིགས་ཀྱི་བསོད་ནམས་རེད་བསམ་ནས།
ཧ་ཅང་དགའ་བོ་བྱུང་།
2.སྤྱིར་ད་ཐེངས་ཀྱི་མཚོ་ལྷོའི་སློབ་གསོའི་ཐད་ལ་ཚང་མ་མཉམ་འུར་ཡག་པོ་བྱས་སོང་ལ།
དེ་མཐུན་གྱི་གྲུབ་འབྲས་ཀྱང་ཡོད་རྒྱུ་རེད་སྙམ། འོན་ཀྱང་། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཏུ་ཟེར་བ་ལྟར།
ད་ཐེངས་འདིའི་ནང་དུ་མི་སུའི་རིགས་མཉམ་ཞུགས་བྱས་མེད་པའི་ཐད་ལའང་ཚང་མས་དོ་སྣང་བྱུང་ཡོད་ལ།
དེ་ཐད་རྩོད་པའང་བྱུང་ཡོད། དེ་དག་ནི་རིགས་གཉིས་སུ་བགར་ན་རིགས་ཏེ། རྒྱ་མོ་ཞིག་གིས་དྲ་ཐོག་ཏུ་བོད་པ་བཙོག་རབས་དང་དབུལ་རབས་བཤད་དུས་གྲི་ཚུན་ཆད་ངོམ་པ་དང་།
རྒྱ་མི་འཁྲབ་སྟོན་པ་ཞིག་བླ་མའི་ཁྲི་ལ་བཀོད་པར་ཧ་ལས་ལས་བྱས་ནས་དྲ་བ་ཡོངས་རྫོགས་སྡིགས་དམོད་ཀྱིས་གང་བར་བྱེད་མཁན་གྱི།
བོད་ཡིག་གཙོ་བོའི་སློབ་གསོ་མ་མྱངས་པའི་བོད་པ་ཁག་དང་། རིགས་གཞན་པ་དེ་ནི། ནམ་རྒྱུན་ཆོས་རིག་ཁ་ལ་འཁྱེར་བའི་སེར་མོ་པའི་སྡེ་རེད།
རིགས་སྔོན་མ་འདི་དག་གིས། ཁོང་ཚོས་ངོ་གདོང་དམར་པོར་གྱུར་ནས་སྲུང་སྐྱོབ་བྱེད་དགོས་ཞེས་རྩོད་པའི་རིག་གནས་འདིའི་རྒྱུན་ཐག་བོད་ཡིག་ལ་ཐུག་ཡོད་པ་མཁྱེན་མེད་པ་ཡིན་ནམ།
ཡང་ན་མཁྱེན་ཡང་སྤྱན་གཅིག་བཙུམས་ནས་བཞུགས་པ་གང་ཡིན་མ་ཤེས། འོན་ཀྱང་། སེར་མོ་པའི་སྡེ་རུ་རྒྱ་ཡིག་མཁྱེན་མཁན་ཉུང་པས་ད་ཐེངས་ཀྱི་གནས་ཚུལ་གྱི་གནད་མ་རྟོགས་པ་ཡིན་ཤས་ཆེ།
3.དེ་བས་སྐབས་བབས་ཀྱི་རྩོམ་ཡག་འདི་འདྲ་བོད་ཡིག་ཏུ་བསྒྱུར་རྒྱུ་ནི་ཧ་ཅང་གལ་ཆེ་མོད།
ད་ནངས་བར་དུ་ཅི་ཡང་བསྒྱུར་མཁན་མེད་ལ། དྲང་མོར་བཤད་ན་སྔོན་མའི་རྒྱ་ཡིག་ཐོག་གི་རྩོམ་ཡག་ཁག་ཀྱང་བོད་ཡིག་ཏུ་བསྒྱུར་མཁན་ཕལ་ཆེར་མ་བྱུང་།
དེ་བས་རྒྱ་ཡིག་ལས་ཞོར་ནས་སྦྱངས་པའི་དབྱིན་བོད་ལོ་ཙཱ་བ་ངས་འགན་འདི་དང་དུ་མི་ལེན་རང་ལེན་དུ་གྱུར་སོང་།
ཚིག་ནོར་དོན་ནོར་ཡོད་ན་རྩོམ་པ་བོ་ཁོང་དང་ཀློག་པ་ཡོངས་ལ་དགོངས་དག་ཞུ།