ཉིན་བཞི་པ།
ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ5བླ་བྲང་ནས་གཙོས། ལམ་ཐག་སྤྱི་ལེ66བགྲོད་ལམ་གཙོ་བོ། S312 G568 གཙོས་གྲོང་ཁྱེར། མཚོ་འཕགས། སྨི2936ཀུན་མཁྱེན་ལྔ་པ་ཚང་དང་འབྲེལ་འདྲིས་བྱུང་བའི་ཕྱི་གླིང་པ་གཉིས།
གོང་སྨྲས་ཇི་བཞིན། ཧ་ལམ་མདོ་ཁམས་ཡོངས་ལ་ཐེལ་གཏོང་ལུང་སྒྱུར་བྱེད་པས་མི་ཚད། བོད་རྒྱ་སོག་པོ་ཁ་ཆེ་མུ་སི་ལེན་བཅས། ཀྲུང་ཧྭ་མེན་གོའི་མི་རྒྱུད་ཆེ་བཞིའི་རིག་གནས་འདུས་མདོར་འཁེལ་པས། ཀུན་མཁྱེན་ལྔ་པའི་སྐབས་ཏེ། དུས་རབས18པའི་པའི་ལོ་རབས20པའི་ནང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོང་དང་བཅས་པའི་འདུ་སྒོ་ཧ་ལམ་རྒྱ་ནག་དར་རྩེ་མདོ་ལ་འགྲན་བཟོད་པ་ཞིག་ཡོད། ཨ་པ་ཨ་བློའི<<ཕྱིར་དྲན>>ནང་འཁོད་པ་ལྟར། སྐབས་དེར་བླ་བྲང་དུ་ཧེ་རིགས་ཚོང་བ་དུད་ཁྱིམ800ཡོད་ལ། ལོ་ཞིག་ཁོ་ཚོས་ཁ་ཆེ་ལྷ་ཁང་ཞིག་བཞེངས་རེ་བཏོན་པར་ཀུན་མཁྱེན་ཚང་གིས་ཆོག་མཆན་གནང་བར་མ་ཟད་། ཤིང་ཆ་དང་དངུལ་སྒོར་སོགས་མཐུན་རྐྱེན་མི་ཆུང་བ་སྦྱར། དེར་འདུས་ཡུལ་གྱར་རྒྱ་རིགས་ཚོས་བཀོན་ཡུན་ལྷ་ཁང་ཞིག་བཞེངས་རེ་བཏོན་པ་ཡང་དེ་བཞིན་འདོད་དུ་སྨིན། སྐབས་དེ་ཙམ་ནས་བཟུང་། ཨ་རིས་གཙོས་རིག་གནས་མྱུལ་དཔྱོད་པ་དང་ཡེ་ཤུའི་ཆོས་སྤེལ་མཁན་མི་ཉུང་བ་ཞིག་ཀྱང་སྔ་ཕྱིར་བླ་བྲང་དུ་འབྱོར། ཀུན་མཁྱེན་ཚང་གིས་དེ་ཚོར་ཡང་སོ་སོའི་རེ་བ་ལྟར། བསང་ཆུའི་ལྷོ་ངོས་དེར་ཡེ་ཤུ་ལྷ་ཁང་རྒྱག་ཏུ་བཅུགདེ་ལྟར་སྤྱིའི་ཆ་ནས། མཱ་ཇག་ཚང་གིས་བོད་མདོ་སྨད་འདིར་དམྱལ་ཁམས་དེ་འདྲ་ཞིག་བཟོས་པ་མེད་ཚེ། ཨུ་རུ་སིའི་མྱུལ་དཔྱོད་པ་ཁི་ཙི་ལོ་ཧྥུས (Kozlov) “ལྷ་ས་གཉིས་པ”རུ་བསྔགས་པའི་བོད་བླ་བྲང་དུ། ཀུན་མཁྱེན་ཚང་གི་གཞུང་རྒྱུད་ཀྱི་མཛེས་བྱིན་དང་དཀྱེལ་ཡངས་ཀྱི་ཐུགས་དགོངས་འོག རིག་གནས་སྣ་མང་ཞི་མཐུན་གནས་ཆོག་པའི་སྤྱི་ཚོགས་ཡག་པོ་ཞིག་ཡུན་རིང་ཆགས་ཡོང་ཁོ་ཐག་རེད། གནས་སྟངས་དེ་འདྲའི་འོག ཥ་ལིཀ་གིས་ལྷ་སར་ཇི་བཞིན། བླ་བྲང་ལ་འབྱོར་མཁན་ཕྱི་གླིང་པའི་ཁྲོད་ཨ་རི་པ་གཉིས་ཀྱིས་ཀྱང་ཀུན་མཁྱེན་ལྔ་པ་ཚང་ལ་བག་ཆགས་ཟབ་མོ་བཞག དེའི་སྐོར་ཕྱི་གླིང་པ་དེ་གཉིས་ཀའི་མི་ཚེའི་ཤུལ་བཞག་ཟིན་བྲིས་ནང་བཞུགས་པ་རང་རེའི་ཕྱི་རབས་པས་རྙེད། དེ་ནི་ཇི་འདྲའི་ལག་སོན་དཀའ་ལ་བརྗེད་དུ་ཕངས་པའི་ལོ་རྒྱུས་རྒྱུ་ཆ་རྩ་ཆེན་ཞིག་རེད་ཨང་།གཤམ་ལ། བླ་བྲང་དུ་འབྱོར་མཁན་ཕྱི་རྒྱལ་པ་དེ་གཉིས་གླེང་བ་བརྒྱུད། ཀུན་མཁྱེན་ལྔ་པ་ཚང་གི་མི་ཚེའི་གཏམ་རྒྱུད་རེ་གཉིས་ལ། རང་རེས་ཡང་བསྐྱར་དྲན་པ་ཉེ་བར་འཇོག༡ ཤེས་རབ་བརྟན་འཕེལ།
1920ལོར། དགུང་ལོ5ཙམ་བཞེས་པའི་ཀུན་མཁྱེན་ཚང་བླ་བྲང་གི་ཁྲིར་མངའ་གསོལ། 1921ལོར། ཕོ་ལོ22ཅན་གྱི་ཨ་རི་པ་ཤེས་རབ་བརྟན་འཕེལ་གྱིས་གཉེན་བསྒྲིགས་མ་ཐག་པའི་བག་གསར་འཁྲིད་དེ། ཤར་ལྷོའི་མཚམས་ཀྱི་ཅོ་ནེ་བརྒྱུད་བླ་བྲང་དུ་སླེབས། མ་ཟད་དུས་དེ་ནས་བཟུང་། ཁྱོ་ཤུག་གཉིས་བླ་བྲང་ཁོ་ནར་ཧ་ལམ་མི་ལོ་སུམ་ཅུར་གཞིས་སྡོད་བྱས། དེའི་རིང་། ཀུན་མཁྱེན་ཚང་དང་ཤེས་རབ་བརྟན་འཕེལ་བར་འབྲེལ་འདྲིས་ཡག་པོ་བྱུང་། ཕན་ཚུན་བར་ཤན་ཤུགས་ཐེབས་ཡོད་པའང་བཤད་ཅི་དགོས།རེད། ཤེས་རབ་བརྟན་འཕེལ་རེད། ཏག་ཏག་དགེ་ཆོས་བླ་བྲང་དུ་སྡོད་རིང་དབྱིན་ཡིག་དགེ་རྒན་དུ་བརྟེན་མྱོང་བཤད་པའི་ཕྱི་གླིང་པ་ཤེས་རབ་བརྟན་འཕེལ་དེ་རང་རེད། ཁོ་མ་གཞི་ཨ་རི་ནས་ཡིན་པའི་ཡེ་ཤུ་ཆོས་སྤེལ་མཁན་ཞིག་རེད། མིང་ངོ་མར་ཀི་རེ་པུ་ནོ(Griebenow, 季维善, 1899~1972)དང་། ཆུང་མ་པུ་ལན་ཆཱེའི (Blanche) བོད་མིང་ལ་བདེ་ཆེན་འཚོ་འབོད། བར་བར་ནས་ཨ་རིར་ལོག་ཐེངས་རེ་བྱུང་བའི་དུས་ཚོད་ཕུད་ན། 1921ནས1949ལོའི་བར། ཁྱོ་ཤུག་གཉིས་ཀས་བླ་བྲང་གཅིག་པུར། ཁྱོན་མི་ལོ་ཧྲིལ་པོ24བསྐྱལ་གནང་འདུག དེའི་རིང་། གཉིས་ཀས་འདྲ་པར་ལེན་པ་དང་ཟིན་ཐོ་སྐྱོན་པའི་ལག་ཐབས་གཙོ་བོར་སྤྱད་དེ། ཕྱིའི་ཁོར་ཡུག་ནམ་ཟླ་ནས་ནང་རིག་གནས་ལོ་རྒྱུས་བར། བོད་བླ་བྲང་གི་སྤྱི་ཚོགས་ལ་ཕྱོགས་མཐའ་སྒོར་མོ་ཡོངས་ནས་ཞིབ་འཇུག་གནད་སྨིན་བྱས་ཡོད།དེ་བཞིན་ཤེས་རབ་བརྟན་འཕེལ་དང་ཀུན་མཁྱེན་ལྔ་པ་ཚང་གི་བར་འབྲེལ་ལམ་བྱུང་ཚུལ་སྐོར། ཨ་པ་ཨ་བློས་མཛད་པའི<<ཀུན་མཁྱེན་ལྔ་པ་ཆེན་པོའི་མཛད་རྣམ་མདོར་བསྡུས>>ནའང་མཐོང་རྒྱུ་ཡོད། དེར་ཁོས་བྲིས་པར།“1920ལོར། ཡེ་ཤུའི་གྲུབ་མཐའ་འཛིན་པ་ཨ་རི་པ་ཅི་ཝེ་ཧྲིན་ནམ་བོད་སྐད་དུ་ཤེས་རབ་བརྟན་འཕེལ་དུ་འབོད་པ་བླ་བྲང་དུ་འབྱོར་ཞིང་། དེས་བོད་སྐད་དང་བོད་ཡིག་ཤེས་པས། རྗེ་ཉིད་དེ་དང་འབྲེལ་བ་མཛད་དེ་ཕྱི་གླིང་གི་གནས་ཚུལ་དང་ཡེ་ཤུ་ཆོས་ལུགས་ཀྱི་ཁུངས་སོགས་དྲི་གནང་མཛད་པ་དང་བསྒྲགས། པར་ལེན་པའི་རྩལ་ཡང་སྦྱངས……རྭ་ཤེལ་བཀྲུ་བའང་མཁྱེན་ནོ། །སའི་གོ་ལའི་བློས་བླངས་ཆུང་ཆུང་ཞིག་ཡོད་པ་ལ་ཞིབ་འཇུག་གནང་ཐོག་དེའི་སྟེང་གི་འཛམ་གླིང་ཡུལ་གྲུ་སོ་སོ་དང་གྲོང་ཁྱེར་ཆེན་པོ་དག་གི་མིང་རེ་རེ་བཞིན་བོད་ཡིག་ཐོག་བྲིས་ཤིང་། གཟིམ་ཆུང་གི་ཅོག་ཙེའི་སྟེང་དུ་བཤམས་ནས་འཇོག རྒྱ་ཡིག་གི་ཟླ་ཐོར(ཏག་སེ)དཔེ་བལྟས་ཏེ་བོད་ཡིག་གིས་ཀྱང་བསྒྲིགས་ཤིང་པར་དུ་བསྒྲུབས་ནས་བོད་ཁམས་སུ་འགྲེམ་གནང་མཛད……སྐུད་མེད་གློག་ཆས་ལའང་ཐུགས་མཉེས……རྒྱང་འཕྲིན་གྱི་འགྲེམ་སྡུད་ཀྱི་རྩལ་སྦྱངས་ཤིང་། དེ་བསྟུན་གྱི་བོད་ཡིག་གསལ་བྱེད་སུམ་ཅུར་བརྟེན་པའི་ཨང་ཡིག་ཀྱང་གསར་དུ་མཛད། དུས་རྒྱུན་ངེད་ཅག་ནང་ཁུལ་ནས་ཕན་ཚུན་བར་རྗེ་ཉིད་ནས་མཛད་པའི་བོད་ཡིག་གི་ཨང་སྤྱད་པ་ཡིན་པས། ཧ་ཅང་སྟབས་བདེར་མཐོང་ངོ་། །”དེ་མིན། ཤེས་རབ་བརྟན་འཕེལ་གྱི་ཡེ་ཤུ་ཆོས་ཁང་དེར་རླངས་འཁོར་ཞིག་ཀྱང་འདུག མ་ཟད་ཕྱིས་སུ་དེ་ཧྭང་སི་ལེན་ཨ་པ་ཨ་བློས་ཀྱང་བེད་སྤྱོད་གཏོང་། <<ཕྱིར་དྲན>>ནང་ཁོ་ཐེངས་ཤིག་ལན་གྲུ་ནས་བླ་བྲང་དུ་ལོག་སྐབས། “ཡེ་ཤུ་ཆོས་ཁང་གི་རླངས་འཁོར་ལ་བརྟེན་ཏེ་བླ་བྲང་དུ་ལོག་པར་བརྩམས”ཞེས་འཁོད། འདི་ལས་ཀྱང་ཀུན་མཁྱེན་བླ་མའི་ཡབ་གཞིས་ཚང་དང་ཤེས་རབ་བརྟན་འཕེལ་བར་འབྲེལ་ལམ་ཡག་པོ་ཡོད་པ་རྟོགས་ཐུབ།ཤེས་རབ་བརྟན་འཕེལ་ལའང་དེ་འབྲེལ་ཉིན་ཐོ་ཡོད། ཁོས་བྲིས་པར།“1935ལོའི་ཉིན་ཞིག ལོ་ན19ཙམ་ཡིན་པའི་ཀུན་མཁྱེན་ལྔ་པ་ཚང་ནམ་རྒྱུན་བཞིན་ངེད་ཀྱི་ལྷ་ཁང་ནང་ཕེབས་ཡོང་སྟེ་ང་ལ་འདྲ་པར་གྱི་རྭ་ཤེལ་འཁྲུད་ཐབས་དང་དཔར་ཐབས་འཁྲིད་ཤོག་ཟེར། འོན་ཀྱང་མུན་ཁང་ནང་འཛུལ་མ་ཐག ཁོས་གློ་བུར་དུ། ཁྱོད་ཚོའི་ཆོས་ལུགས་དེ་དོན་དམ་ག་འདྲ་ཞིག་ཡིན་ཞེས་དྲིས་བྱུང་། དེར་ངས་རྒྱས་བསྡུས་རན་ཙམ་ཞིག་སྨྲས་པར། ཁོས་རྗེས་མ་ཁྱོད་ཚོའི་ཆོས་དཔེ་ཞིག་ལྐོག་ལ་འཁྱེར་ཤོག་ཟེར།”ཡང་ཤེས་རབ་བརྟན་འཕེལ་གཏོགས་ཡུལ་ཨ་རིའི་ཆོས་སྒྲོག་ཚོགས་པ (Christian And Missionary Alliance) དེའི་ཡིག་ཚགས་ནང་འདི་འདྲ་འཁོད།“ནམ་རྒྱུན། ཤེས་རབ་བརྟན་འཕེལ་གྱིས་གོ་སྐབས་དམ་འཛིན་སྒོས་བསང་ཆུ་བརྒལ་ཏེ་ཡེ་ཤུ་ལྷ་ཁང་དུ་ཕེབས་མཁན་ཀུན་མཁྱེན་ཚང་ལ་ཡེ་ཤུ་ཆོས་ལུགས་ཅི་ནུས་སྒོས་འོས་སྒྲོག་བྱེད་མོད། ཀུན་མཁྱེན་ཚང་གི་སྤྲོ་བ་དེའི་སྟེང་ན་མེད་པར། ཏག་ཏག་ཁོའི་པར་ལེན་ཡོ་ཆས་སྣ་ཚོགས་དང་འདྲ་པར་ལེན་སྟངས། དེ་བཞིན་འདྲ་པར་འཁྲུད་ཐབས་སོགས་ལག་རྩལ་གྱི་སྟེང་ན་ཡོད་ཟེར།”གང་ལྟར། དེའི་ཕྱིས་ཀྱི1937ལོར། གནས་སྐབས་ཨ་རིར་ལོག་ཡོད་པའི་ཤེས་རབ་བརྟན་འཕེལ་ལ། གློ་བུར་དུ་ཀུན་མཁྱེན་ལྔ་པ་ཚང་གི་གློག་འཕྲིན་འབྱོར། གློག་འཕྲིན་ནང་། ཁོང་དབུས་ལ་སློབ་གཉེར་དུ་ཕྱིན་དགོས་བྱུང་བས་ཞབས་ཕྱིར་འཁྲིད་ཆོག་ཅེས་བྲིས་གནང་འདུག་ཟེར། གོ་སྐབས་ཡག་ཤོས་དེ་ཆུད་མི་འཛའ་ཕྱིར། ཤེས་རབ་བརྟན་འཕེལ་ཅི་མགྱོགས་གང་མྱུར་སླར་བླ་བྲང་དུ་ལོག དེར་མཐུད་ངལ་གསོ་ལོང་མེད་པར་དཔུང་ཆེན་པོའི་ཁ་ལོ་དང་འགྲོགས་ནས་དབུས་སུ་འགྲོ་བའི་ལམ་དུ་བཏེགས། སྐབས་དེའི་ཤེས་རབ་བརྟན་འཕེལ་གྱི་སྐྱིད་སྣང་དེ་སུ་ཞིག་དཔོག་ཏུ་ནུས། ལམ་སྐབས་ཁོས་ཐེངས་དང་པོར་ཨ་མྱེས་རྨ་ཆེན་མཐོང་། འོག་ལ་འཆད་འགྱུར་ཨ་རི་པ་གཞན་ཞིག་སྟེ། ཧ་རེ་སན·ཧྥོར་མན་ནི། ཨ་མྱེས་རྨ་ཆེན་ལ་མཇལ་འདོད་ཆེས་ཏེ་ཧ་ལས་པ་ཞིག་ལ་ཡོད་པས། གལ་སྲིད་ཉིན་དེར་ཁོ་ཡིན་ཚེ། ཅིས་ཀྱང་སེམས་དྲག་ཏུ་གཡོས་ཏེ་བཟོད་མི་གླགས་པ་ཞིག་ཡོང་ངེས། འོན་ཀྱང་ཤེས་རབ་བརྟན་འཕེལ་དེ་འདྲ་མིན། ཁོས་སྤྱི་ལེ160ཡི་ཕ་མཐའི་གངས་རི་དེར་རྒྱང་ཤེལ་བཙུགས་བསྡད་དེ། མཐོ་ཁྱད་ན་དབྱིན་ཁྲུ16000ཡོད་ངེས། ཙམ་གྱི་སྐད་ཆ་ལས་སྤྲོ་བ་ཡོད་པ་མི་མཐོང་། དེ་དང་བསྡུར་ན། ཁོས་ཀུན་མཁྱེན་ལྔ་པ་ཆེན་མོའི་དབུས་ཕེབས་ཀྱི་རུ་དཔུང་གཏོས་ཆེན་དེ་གསོན་ཉམས་ཅན་ལ་བྲིས་ཡོད།“མི་ལ་བག་ཆགས་ཟབ་མོ་འཇོག་པའི་རུ་དཔུང་གཏོས་ཆེན་འདིར། སྐྱ་དམག་དང་། གྲྭ་པ། སྤྲུལ་སྐུའི་སྐུ་འཁོར་ཞབས་འབྲང་སོགས་སྐྱེ་བོ་སྟོང་ཕྲག་འགའ་ཞིག་འདུ། ཞོར་ན་རྟ་དྲེལ་ཁལ་མ་རྫོགས་སུ་མེད་པ་བཤད་ཅི་དགོས། དར་འཕན་འཕྱར་མཁན་བཅུ་ཕྲག་སྙེད་ཀྱིས་རུ་སྔུན་གཤགས། དེར་མཐུད་འཇམ་དབྱངས་ལགས་དྲེའུ་གཉིས་ཀྱིས་འདྲོངས་པའི་མདོ་ལིའི་སྒང་ནས་ཕེབས་ཀྱི་ཡོད། མི་སྣ་དྲུག་ཙམ་གྱིས་ཆིབས་ཁ་འཁྲིད་པ་སོགས་ལམ་སྣ་འདྲེན། གཡས་གཡོན་དུ་སྐུ་སྲུང་རྟ་པ་བརྒྱ་སྐོར་དུ་མ་གཤར། གནས་གང་དུ་ཞག་སྡོད་བྱེད་རུང་། ཕྱི་ནང་ཀུན་ལ་སྒྲིག་ལམ་དོག་ཅིང་གོ་རིམ་ལྡན། གུར་ཚོམ་དུ་མས་གྲུབ་པའི་སྒོར་དབྱིབས་ཅན་གྱི་སྒར་ཆེན་གཉིས་དབུས་སུ་བྱས་པའི་མཐའ་བསྐོར་ཏེ། གུར་ཆུང་མང་པོ་ངེས་གཏན་གྱི་གནས་ལྟར་འཁོད། སྤྲུལ་སྐུ་ཁོང་སྒར་དབུས་གུར་ཚོམ་དེའི་གུར་དང་པོར་སྡོད། ཁོ་བོའི་གུར་ཡང་སྒོར་དབྱིབས་སུ་བྱས་ཡོད་སྒར་ཆེན་གཉིས་དེའི་གྲས་སུ་གཏོགས། བླ་བྲང་གི་གཉེར་པ་ཆེན་པོའི་གཡས་ངོས་དེ་ཡིན། གཟི་བརྗིད་ཅིག་ལ་བརྩིས་ཆོག སྤྱིར་ཁོ་བོ་སྡོད་སའི་གུར་ཚོམ་འདིར། མང་ཆེར་སྤྲུལ་སྐུའི་སྐུ་སྲུང་གི་འཁོར་རྣམས་སྡོད། འགྲུལ་བཞུད་ཁྲོད་ཁོ་ཚོ་ནམ་རྒྱུན་སྤྲུལ་སྐུའི་མདོ་ལིར་བཅར་ཏེ་སྐྱོད་མཁན་འབའ་ཞིག་ཡིན། གཞན། ཀུན་མཁྱེན་ཚང་གི་དབུས་ཕེབས་ཐོས་ཏེ། ལམ་སྐབས་ངེད་ཚོའི་རུ་དཔུང་ནང་ཞུགས་ཏེ་སྐྱོད་མཁན་འབྲོག་པ་ཇེ་མང་ནས་ཇེ་མང་དུ་འཕེལ། ལན་རེར་སྡེ་བ་གཅིག་ཙམ་ནས་ཕོ་མོ་བརྒྱ་སྙེད་རེ་ངེད་ཚོའི་ཁྲོད་ཞུགས་ཡོང་།”ཤེས་རབ་བརྟན་འཕེལ་དེ་ལྟར་དགའ་ལྷང་ལྷང་ཀུན་མཁྱེན་ཚང་དང་འགྲོགས་ཏེ་མགོ་ལོག་ས་ཐོག་ཏུ་སྐྱོད་ཀྱིན་པའི་ཉིན་ཞིག གློ་བུར་དུ་ལྷ་སའི་ཕྱོགས་ནས་ཁོ་ཡོང་མི་ཆོག་གི་ཉེན་བརྡ་འབྱོར། ཕངས་སེམས་ཚད་མེད་དང་བཅས་ཤེས་རབ་བརྟན་འཕེལ་ཕྱིར་བླ་བྲང་དུ་ལོག་དགོས་བྱུང་། ཀུན་མཁྱེན་ཚང་གིས་ཁོར། ལྷ་སར་འབྱོར་མ་ཐག་ལམ་ཡིག་ཅིག་རག་ཐབས་བྱས་ཆོག་པས། ཕྱི་ལོར་ཁོ་གཉིས་ཕྲད་ཐུབ་ཅེས་སེམས་གསོ་ཙམ་མ་ཡིན་པར་ཞེ་ཐག་པ་ནས་ཞལ་གྱིས་བཞེས། འོན་ཀྱང་དེ་འདོད་ཐོག་ཏུ་སྨིན་མེད། བལྟས་ན་དབུས་སུ་ཀུན་མཁྱེན་ཚང་ལའང་ཁ་དབང་དེ་ཙམ་མི་ཆེ། འོན་ཀྱང་། ཀུན་མཁྱེན་ཚང་གིས་ལྷ་ས་ནས་དམག་གི་གློག་འཕྲིན་ཁང་བརྒྱུད། ཤེས་རབ་བརྟན་འཕེལ་གྱི་མིང་མགོ་ལ་འཁོད་ཐོག ཁོ་ཚོ་ལྷ་སར་འབྱོར་ཡོད་ཅེས་པའི་གློག་འཕྲིན་ཞིག་བཏང་འདུག འདི་ལས་ཀྱང་། ཀུན་མཁྱེན་ཚང་གིས་ཤེས་རབ་བརྟན་འཕེལ་དངོས་འབྲེལ་ཐུགས་ལ་བཏེགས་ཡོད་པ་ཤེས་ཐུབ། ལན་རེར་ཁོ་བོའི་སེམས་ལ། གལ་སྲིད་ལམ་ལྷོངས་བྱུང་སྟེ་ཤེས་རབ་བརྟན་འཕེལ་དབུས་སུ་ཕྱིན་ཐུབ་ཡོད་ཚེ། གཞན་བཤད་པ་མིན། མ་མཐར་ཡང་དགེ་ཆོས་ཚང་དང་ཀུན་མཁྱེན་ཚང་རྣམ་གཉིས་ལྷན་དུ་བཞུགས་པའི་འདྲ་པར་ཞིག་མེད་མི་སྲིད་སྙམ་ལ། བྱས་ན་དེའང་མཐོང་དཀོན་ལ་སྙིང་ཉེ་བའི་ལོ་རྒྱུས་དྲན་རྟེན་ཞིག་མ་རེད་དམ།གང་ལྟར། 1944ལོར་ཀུན་མཁྱེན་ཚང་མ་གྲོངས་བར་གྱི་མི་ལོ24ཡི་རིང་། རྩོམ་འབྲི་དང་པར་ལེན་ལག་རྩལ་དཔྱིས་ཕྱིན་ཁར། མིའི་རིགས་རིག་པའི་སྦྱོང་བརྡར་ཡང་ཡག་ཤོས་ཐོབ་ཡོད་པའི་ཨ་རི་པ་ཀི་རེ་པུ་ནོ་ཟེར་བ་འདིས། སྐད་སྣ་བཞིས་མཚོན་རིག་གནས་ཆེ་བཞིའི་འདུས་མདོའམ། སྐབས་དེའི་མདོ་ཁམས་ལུང་པའི་ཆོས་སྲིད་དཔལ་འབྱོར་བཅས་ཀྱི་ལྟེ་བའི་བདག་པོ་ཀུན་མཁྱེན་ལྔ་པའི་ཐུགས་ལ། ནུབ་ཕྱོགས་རྒྱལ་ཁམས་ཀྱི་རིག་གནས་དང་བསམ་བློ་གསར་པའི་བག་ཆགས་གང་ཟབ་བཞག་ཡོད་པ་གཏན་འཁེལ་རེད། ཐ་ན་ཁོང་གཉིས་བློས་ཐུབ་ཀྱི་གྲོགས་པོ་གཉིས་སུ་ཆགས་འདུག་སྨྲས་ཀྱང་མི་འགལ་སྙམ། གཙོ་བོར། སྐབས་དེར་བླ་བྲང་ལ་འབྱོར་མཁན་ཕྱི་གླིང་པ་གཞན་དག་དང་མི་འདྲ་བར། ཤེས་རབ་བརྟན་འཕེལ་ཁྱོ་ཤུག་གཉིས་ཀས། མི་རིགས་གཞན་ལ་འཚེ་བ་གང་ཡང་མེད་པའི་སྒོ་ནས། སོ་སོའི་མི་ཚེའི་ཁྲོད་ཀྱི་ལོ་ན་ཡག་ཤོས་དེ་བླ་བྲང་དུ་བསྟིམས། འདི་ཁོ་ནས་ཀྱང་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་ཡོད། ཀུན་མཁྱེན་ཚང་གིས་ཀྱང་འདི་མི་མཁྱེན་པ་ག་ལ་སྲིད། དེར་བརྟེན། ཤེས་རབ་བརྟན་འཕེལ་ཁྱོ་ཤུག་ཡུན་རིང་བླ་བྲང་དུ་སྡོད་ཆོག་པར་མ་ཟད། བླ་བྲང་ཁོངས་གཏོགས་ས་ཆ་གར་ཡང་ཅི་དགར་ཕྱིན་ཆོག་གི་དགོངས་པ་འཁྲོལ་ཡོད། དོན་ལ་བླ་བྲང་ཁོང་གཏོགས་ས་ཆ་ཟེར་དུས་ཧ་ལམ་མདོ་ཁམས་ཧྲིལ་པོར་ཡོང་། སྐབས་དེའི་ཕྱི་གླིང་པ་ཞིག་ལ་མཚོན་ན། འདི་ལས་ལྷག་པའི་གཟིགས་བཟོས་རུས་པ་གསེར་ལ་བརྗེས་རུང་ཡོང་རྒྱུ་མེད།དེའི་རིང་། ཁྱོ་ཤུག་གཉིས་ཀར་བྱིས་པ་བུ་གསུམ་བུ་མོ་གཅིག་བཅས་སྐྱེས། བུ་སྤུན་ཆེ་བ་གཉིས་ལོ་བཅུ་ཡས་མས་སྟེང་ཨ་རིར་བསྐྱལ། ཐ་ཆུང་ལོ་གཉིས་སྟེང་མ་འཚམས། ཆུང་ཐ་བུ་མོ་ལོ་དྲུག་སྟེང་ཨ་རིར་བསྐྱལ། དེ་ལྟར་ཁྱིམ་ཚང་ནང་ཤི་གསོན་འདུ་འབྲལ་ཅི་བྱུང་རུང་། ཤེས་རབ་བརྟན་འཕེལ་ཁོས་ཐང་ལྷོད་མེད་པར་བླ་བྲང་ཁོ་ནར་བོད་སྤྱི་ཚོགས་ཞིབ་འཇུག་གི་ལས་ཀ་རྒྱ་ཆེར་གནང་མུས་ལ། ཀྲུང་གོར་སྲིད་དབང་གསར་པ་བྱུང་བས་གཟོད་འབྲལ་མི་ཕོད་པ་ལྟར་ཕྱིར་ཨ་རིར་ལོགཡང་། ཤེས་རབ་བརྟན་འཕེལ་ཁོའི་ཐོག་མའི་དམིགས་ཡུལ་ནི། ཡེ་ཤུ་ཆོས་ལུགས་སྤེལ་འདོད་ཡིན་པ་བཤད་མ་དགོས་མོད། འོན་ཀྱང་དེ་འདོད་དུ་སྨིན་ཨེ་ཡོད་ཅེ་ན། མེད་དོ་ཞེས་ཁ་ཚོན་གཅད་ཐུབ། དེར་ཡང་། 2008ཀྱི་ལོར། ཀན་སུའུ་ཞིང་ཆེན་ནས་ཆེད་མངགས་མི་སྣ་རྩ་འཛུགས་ཐོག བླ་བྲང་ས་ཆའི་ཡེ་ཤུ་ཆོས་ལུགས་ཀྱི་གནས་སྟངས་ལ་རྩད་ཞིབ་བྱས་པའི་ཁྲོད། ད་ཕན་རྒྱ་རིགས་ཀྱིས་གཙོས་ཡེ་ཤུ་ཆོས་ལ་དད་མཁན་ཁྱིམ་ཚང50ལ་མི་འབོར300ཙམ་མ་གཏོགས་མེད་ཅིང་། སོ་སོའི་ཁྱིམ་ནང་ཙམ་ལས། ཐ་ན་ཐུན་མོང་ཆོས་ར་ཟེར་བ་ཞིག་ཀྱང་མི་འདུག་ཟེར། འདི་ནི། གཤེགས་ཟིན་པའི་ཤེས་རབ་བརྟན་འཕེལ་ཁྱོ་ཤུག་ལ་མཚོན་ན་སེམས་ངོ་ཅུང་ཞིག་འཁྱག་བྱེད་དུ་ཡོང་སྲིད་མོད། འོན་ཀྱང་ཁྱོ་ཤུག་གཉིས་ཀ་ཕ་ཡུལ་དུ་སྟོང་ལོག་བྱས་པ་ག་ལ་ཡིན། བོད་བླ་བྲང་གིས་གཉིས་ཀར་ཏག་ཏག་རང་དགར་རྙེད་དུ་མེད་པའི་མི་ཚེའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྩལ་ཡོད། དེ་ཡང་གཉིས་ཀའི་བརྩེ་ཞེན་དང་བརྩོན་འགྲུས་ལ་རག་མ་ལས་པའང་མིན།ལེགས་སྐྱེས་དེ་ཅི་ཞིག་རེད་ཅེ་ན། 1989ལོར། གཉིས་ཀའི་ཚ་མོས། སྤོ་བོ་དང་རྨོ་མོའི་བོད་བླ་བྲང་སྐོར་གྱི་ཞིབ་འཇུག་གཏོས་ཆེན་དེ་བེད་མེད་འཕྲོ་བརླག་ཏུ་མི་གཏོང་ཕྱིར། ཤུལ་བཞག་འདྲ་པར་དང་ཟིན་བྲིས་ཆ་ཚང་། ཉུག་ཡོག་ཏུ་གཞེས“བོད་ཁྱིམ”ཞེས་པའི་ཚོགས་པར་རིན་མེད་ཞལ་ཐེབས་སུ་ཕུལ། ཚོགས་པ་དེས་ཀྱང་རྒྱུ་ཆ་དེ་དག་ཡོངས་སུ་རིན་མེད་དུ་ཨ་རིའི་རྗོན·ཁ་རོལ (John Carroll) སློབ་ཆེན་གྱི་འབུམ་རམས་པ་ཕའོ་ལོ (Paul Nietupski) ལ་སྤྲད། ལྷག་བསམ་ཁྲོད་སྟབས་ལེགས་སྟེས་དབང་དེ་འདྲ་བྱུང་བས། གཟོད<<བླ་བྲང—རིག་གནས་ཆེ་བཞིའི་འདུས་མདོའི་བོད་བརྒྱུད་དགོན་ཆེན>>ཞེས་བྱའི་དེབ་དེ་བྱུང་ཞིང་། དེ་ལས་ཨ་རིས་མཚོན་ནུབ་ཕྱོགས་རྒྱལ་ཁམས་ནས། ཡང་བསྐྱར་ཤེས་རབ་བརྟན་འཕེལ་ཁྱོ་ཤུག་གི་ཞིབ་འཇུག་བརྒྱུད། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུའི་སྟོད་ནས་བཞི་བཅུའི་ཟད་མཐའི་བར་གྱི་བོད་མདོ་སྨད་བླ་བྲང་དང་། དེའི་བླ་མ་ཀུན་མཁྱེན་ལྔ་པ་ཚང་གིས་མཚོན། བོད་སྤྱི་ཚོགས་བྱིངས་ཀྱི་ལོ་རྒྱུས་འཕོ་འགྱུར་ལ་བལྟ་ཐུབ་པའི་གོ་སྐབས་བྱུང་། དེ་ལས་གྱ་ནོམ་པའི་མི་ཚེའི་ལེགས་སྐྱེས་གང་ན་ཡོད། གཙོ་བོར་ཁྱོ་ཤུག་གཉིས་ཀས་གསོན་གྱི་དུས་ཚོད་ནང་ངང་ཚུལ་དེ་མ་མཐོང་བར་ཕངས།དེ་བཞིན། སྐུ་ཚེ་མ་ཟིན་པའི་ཀུན་མཁྱེན་ལྔ་པ་ཚང་། དེང་སང་སྐུ་ཕྲེང་དྲུག་པའི་རྣམ་པར་བཞུགས་པས། དག་སྣང་ཅན་ལ་དབུགས་དབྱུང་འཐོབ་ཏུ་ངེས་མོད། བླ་བྲང་ལ་མི་ཚེའི་བཟང་སྒང་སྐྱེལ་མཁན་ཤེས་རབ་བརྟན་འཕེལ་ཁྱོ་ཤུག་གི་རྗེས་ཤུལ་ཙམ་ཞིག་བཙལ་དགོས་ན—གུང་ཐང་མཆོད་རྟེན་ཙམ་ལས་མེད་པ་འདྲ། དེར་ཡང་། དུས་རབས་སྔོན་མའི་ལོ་རབས90པའི་ནང་། བླ་བྲང་དུ་དུས་འགྱུར་ཁྲོད་འཇིག་ཟིན་པའི་གུང་ཐང་མཆོད་རྟེན་ཆེན་མོ་སླར་བཞེངས་བསམ་དུས། དེའི་མ་དཔེ་དྲན་མཁན་ཞིག་མ་བྱུང་། བར་གླགས་དེར་སུ་ཞིག་གི་ཡིད་ངོར་ཤེས་རབ་བརྟན་འཕེལ་དྲན། མཐར་ཁོ་ཚོས་ཨ་རིའི་ཕྱོགས་ལ་དེ་འབྲེལ་གྱ་གྱོག་ཆེ་བའི་འབྲེལ་ལམ་གང་མང་བཙུགས་མཐར། དངོས་འབྲེལ་ཤེས་རབ་བརྟན་འཕེལ་གྱིས་བསྐྱོན་པའི་མཆོད་རྟེན་དེའི་འདྲ་པར་མི་ཉུང་བ་ཞིག་ལག་སོན་བྱུང་། མ་ཟད་དེ་དག་ཕྱི་མོར་བཟུང་སྟེ། མཆོད་རྟེན་དེ་སྔ་མའི་བཟོ་ལྟར་ཡོངས་སུ་རྫོགས། དེང་སང་ཡང་རང་རེའི་མཇལ་སྐལ་དུ་མངོན་པ་དེ་རེད།ཡང་ན། མཆོད་རྟེན་དེ་ཁོ་ན། ཤེས་རབ་བརྟན་འཕེལ་ཁྱོ་ཤུག་གཉིས་ཀས་མི་ཚེའི་སུམ་ཆ་བོད་མདོ་སྨད་བླ་བྲང་ལ་བསྐྱལ་པའི་དཔང་པོར་ཡོང་། ཡང་ན། མཆོད་རྟེན་དེ་ཁོ་ནས། སྔར་མུས་ཇི་བཞིན་ཤེས་རབ་བརྟེན་འཕེལ་ཁྱོ་ཤུག་ཐུགས་ནས་མ་བརྗེད་པར་དྲན་ཏེ་ཡོད། གང་ལྟར་བྱས་རུང་། གུས་པ་ལྟ་བུར་མཚོན་ན། ཁོང་ཁྱོ་ཤུག་བོད་ཀྱི་གྲོགས་པོར་མི་བརྩི་ནའང་། དགྲ་རུ་ནམ་ཡང་འཛིན་བློ་མེད།༢ ཧ་རེ་སན· ཧྥོར་མན།
གོང་སྨྲས་ཇི་བཞིན། ཤེས་རབ་བརྟན་འཕེལ་ལམ་ཀི་རེ་པུ་ནོ་ཕུད། བླ་བྲང་དུ་འབྱོར་མཁན་ཕྱི་གླིང་པའི་ཁྲོད། ད་རུང་མྱུལ་དཔྱོད་པ་གཞན་ཞིག་གིས་ཀུན་མཁྱེན་ལྔ་པ་ཚང་དང་། དེ་བཞིན་ཡབ་མགོན་པོ་དོན་གྲུབ། སྐུའི་གཅེན་པོ་ཨ་པ་ཨ་བློ། སྐུའི་གཅེན་མོ་རྒན་པ་དཔོན་མོ་ཨ་སྒྲོལ(མགོ་ལོག་དཔོན་པོ་ཁང་པཎ་ཆེན་གྱི་ཆུང་མ)དང་བཅས། སྤྱིར་ན་བོད་བླ་བྲང་གི“ཁྱིམ་ཚང་ཨང་དང་པོ”འདི་དང་འབྲེལ་ལམ་ཟབ་མོ་ཚུགས། དེ་ནི་སུ་རེད་ཅེ་ན། ཟིན་བྲིས་གོང་མའི་ནང་སོང་བའི་ཨ་རིའི་ཉུག་ཡོག་ཚགས་པར་གྱི་གསར་འགོད་པ་ཧ་རེ་སན·ཧྥོར་མན་ནོ། །ཧྥོར་མན1932ལོར་བླ་བྲང་དུ་འབྱོར། ཁོས་དེ་གར་ལོ་གཅིག་ལྷག་ཙམ་རིང་བཅར་འདྲིའི་ལས་ཀ་རྒྱ་ཆེན་བསྐྱངས། གོང་སྨྲས་མཁའ་འགྲོ་མའི་བཅར་འདྲི་ཡང་སྐབས་དེར་བྱུང་། ལྷག་པར་ཁོས་ཨ་མྱེས་རྨ་ཆེན་ལ་འགྲོ་ཐབས་ཅི་དྲག་བརྟེན། འོན་ཀྱང་འདོད་དུ་བྱུང་མེད། མཐར་རེབ་ཐེངས་དེའི་བོད་བླ་བྲང་གི་འགྲུལ་བཞུད་གཙོར་བྱས་ཏེ། 1936ལོར། <<བཀག་ཡུལ་བོད་ལུང་འཕྲེད་གཅོད—སྦས་ལྗོངས་ཤིག་གི་ཉེན་བཞུད>> (Through Forbidden Tiber—An Adventure into the Unknown) ཅེས་པའི་དེབ་པར་འགྲེམ་བྱས། དེའི་ཞོར་ལ། དེ་མཚུངས་བོད་ཀྱི་འདྲ་པར་དང་བརྙན་ཡང་བང་མཛོད་ལྟར་ཚགས་བགྱིས་ཡོད་པས། ཁོ་དེ་མ་ཐག་བོད་ཀྱི་ཞིབ་འཇུག་རྒྱུ་ཆ་དང་པོ་ཐོགས་མཁན་གྱི་ངོས་ནས་ནུབ་གླིང་རྒྱལ་ཁམས་ལ་ཤུགས་ཆེར་གྲགས། དེ་ལྟའི་ལག་རྗེས་དང་། ལྷག་པར་སྙན་གྲགས་ལ་བསམ་སྟེ། ལོ་དེར། ཅེམ་སི·ཧེའོ་ཊུན་གྱིས་ཀྱང་རང་གི་བོད་འབྲེལ་སྒྲུང་གཏམ<<ཡལ་གྱུར་གནམ་སའི་མཚམས་ཐིག>>གློག་བརྙན་དུ་བཟོ་བའི་འཁྲབ་གཞུང་བློ་འདྲིར་ཧྥོར་མན་གདན་ཞུས། གང་ལྟར་ཧྥོར་མན་ཕལ་བ་ལར་ནས་མ་རེད།འདིར་ཐོག་མར་རང་རེས་ཧྥོར་མན་གྱིས་བླངས་པའི་འདྲ་པར་གཉིས་ཡོད་པ་གླེང་ཙམ་བྱེད། འདྲ་པར་དང་པོ། ཚོགས་གུར་ཁྲ་བོ་ཞིག་གི་མདུན་ཐད་དུ། ཀུན་མཁྱེན་ཚང་གཅིག་པུར་ཡོད་པའི་འདྲ་པར་ཞིག འདྲ་པར་གཉིས་པ། ཀུན་མཁྱེན་ཚང་དང་ཁོའི་གཅེན་པོ་ཨ་པ་ཨ་བློ། ཕ་གཅིག་ལ་མ་མི་གཅིག་པའི་གཅུང་པོ་དབལ་མང་སྤྲུལ་སྐུ་ཚང་། ད་རུང་གྲྭ་པ་གཞན་གཅིག་བཅས་ཡོད་པའི་མཉམ་བསྐྱོན་འདྲ་པར་ཞིག གཙོ་བོར་འདྲ་པར་གཉིས་ཀའི་གཤམ་ལ་གཅིག་མཚུངས་སུ། “1937ལོར་ཧྥོར་མན་གྱིས་པར་དུ་བསྐྱོན།” ཞེས་ཞབས་མཆན་བཏབ་ཡོད། ཟླ་ཚེས་དེ་ལ་གཞི་བཅོལ་ཏེ་དཔྱད་པ་བཏང་ན། ཧ་ལམ་ཧྥོར་མན་དང་ཀུན་མཁྱེན་ཚང་གི་བར། ཉུང་མཐར་ཡང་མི་ལོ་ལྔ་དྲུག་ཅིག་ལ་ཉེ་དང་རྒྱང་གི་འབྲེལ་ལམ་བྱུང་ཡོད། དེ་ཡང་དུས་ཚོད་ཐུང་ཐུང་མ་རེད། དེའི་རིང་ཕན་ཚུན་བར་གནའ་དེང་ཤར་ནུབ་བྱ་དངོས་ཐད་བསམ་བློ་བརྗེ་རེས་མེད་ག་ལ་སྲིད། དེ་ནི་ཆབ་སྲིད་ལའང་འཇུག་དགོས་པའི་བོད་ཀྱི་བླ་སྤྲུལ་ཅིག་ལ་མཚོན་ན། དགེ་བཤེས་ཕལ་ལས་བསླབ་མི་ཡོང་བའི་ཚན་རིག་བློ་སྦྱོང་ཞིག་ཅིས་མིན།གོང་སྨྲས་ལོ་ཚིགས་ནང་ཧྥོར་མན་བླ་བྲང་དུ་འབྱོར་དུས། ཀུན་མཁྱེན་ཚང་གིས་དགུང་ལོ17བཞེས། ཐུག་ཕྲད་ལ་གནང་བ་ལོན་རྗེས། ཧྥོར་མན་གྱིས་ཁོང་ལ་མཇལ་རྟེན་ལེགས་སྐྱེས་སུ། ཤེལ་ཏོག་ལྔ་ཅན་ལག་སྒྲོན་གཅིག་དང་། ལག་འདོགས་ཆུ་ཚོད་འཁོར་ལོ་སྨག་འོད་མ་གཅིག་བཅས་ཕུལ། མཚར་སྣང་བཟློག་མ་ཐུབ་སྟེ། ཀུན་མཁྱེན་ཚང་གིས་ཉིན་ཤས་རྒྱབ། ནུབ་གླིང་གི་ཆས་ཡག་ཤོས་དེ་གཉིས་སིལ་སིལ་ཁྲོལ་ཁྲོལ་གཏོར་ཏེ་ནང་རོལ་འཕྲུལ་གྱི་འཇིག་རྟེན་ལ་ཞིབ་འཇུག་གནང་ཟེར། འོན་ཀྱང་སླར་བསྒྲིག་མ་ནུས་ཏེ་ཧྥོར་མན་བོས། དེས་ཀྱང་ལག་སྒྲོན་གྱི་ལྷུ་བསྐྱར་དུ་བསྒྲིག་ཐུབ་སོང་མོད། ཆུ་ཚོད་འཁོར་ལོ་གསོན་དུ་འཇུག་མ་ཐུབ་ཟེར། དེ་མིན། ཤེས་རབ་བརྟན་འཕེལ་དང་ལྷན་དུ་ཡོད་སྐབས་ནང་བཞིན། ཀུན་མཁྱེན་ཚང་གཅིག་མཚུངས་པར་ཆས་ལ་སྤྲོ་སྣང་ཆེ་བས། ཧྥོར་མན་གྱིས་ཀྱང་ཁོར་པར་ལེན་ཐབས་བསླབས་ཤིང་། ཞོར་བྱུང་ཁ་བརྡའི་ནང་ཞི་བདེ་རྒྱ་མཚོ་དང་གནམ་གྲུ་སོགས་ཀྱང་ཅི་དྲག་མཚམས་སྦྱོར་བྱས། དེར་ཁོས་གོང་འཁོད་དཔེ་དེབ<<བཀག་ཡུལ་བོད་ལུང་འཕྲེད་གཅོད>>ནང་བྲིས་པར།“གནམ་གྲུ་ནི་དོན་ལ་འཕྲུལ་འཁོར་གྱི་བྱ་ཆེན་ཞིག་རེད། དེའི་ཁོག་པའི་ནང་ཁྱོད་དང་ཁྱོད་ཀྱི་འཁོར་གཡོག་ཆ་ཚང་བསྡད་དེ་ལྷ་སར་འཕུར་ཆོག མ་ཟད་ཆུ་ཚོད་འགའི་ནང་བསླེབ་ཐུབ། ཁལ་རྟའི་གོང་ནས་ཕྱིན་ན་ཟླ་བ་འགའ་དགོས་པ་མ་ཡིན་ནམ། ཐང་དཀར་རྒོད་པོ་ནང་བཞིན། འཕྲུལ་གྱི་བྱ་ཆེན་དེས་བདེ་ལྕག་དོད་པོར་མུ་རུ་འབྲེལ་བའི་རི་ཀློང་སྐད་ཅིག་ཉིད་ལ་བརྒལ་ནུས།”ཧྥོར་མན་གྱིས་ད་རུང་། ཁོས་དེ་ལྟ་བུའི་གླེང་མོལ་བྱས་ན། བོད་ཀྱི་གཞོན་ནུ་དེའི་དྲན་པ་རྦད་དེ་ནུབ་ཕྱོགས་རྒྱལ་ཁམས་ཀྱི་ཚན་རིག་སྟེང་འཁོར་ཡོང་ཟེར། འདི་ལ་བལྟས་ནའང་། སྔོན་ཆད་ཧོར་གཙང་འཇིགས་མེད་ཀྱིས། “ཀུན་མཁྱེན་ལྔ་པ་ཚང་གིས་སའི་གོ་ལ་གྱད་མི་ཞིག་གི་ལག་ཏུ་ཐོགས་པ་ཞིག་ཕྱག་བཟོས་གནང་ཡོད་པ་དེང་སང་ཡང་བླ་བྲང་འགྲེམས་སྟོན་ཁང་དུ་ཡོད་ཅིང་། ཨ་རིའི་དམག་མིའི་གྱོན་ཆས་མནབས་པའི་འདྲ་པར་ཡང་བསྐྱོན་ཡོད་པ་དངོས་སུ་ཐོས།” སོགས་དེབ་ཏུ་བཀོད་ཡོད་པའང་བདེན་པའི་གཏམ་རེད་སྙམ།དེ་མིན། ཡབ་མགོན་པོ་དོན་གྲུབ་ཀྱིས་དམག་འཁྲུག་རྒྱག་ལུགས་ཀྱིས་མཚོན་ཨ་རི་ཟེར་བ་དོན་དམ་རྒྱལ་ཁབ་ག་འདྲར་ཡོད་པར་དྲི་བ་མང་པོ་བཏོན་པར། ཧྥོར་མན་གྱིས་གོ་སྐབས་དམ་འཛིན་ཐོག་ཤེས་ཚོད་ཅི་དྲག་ལབ་པས། རིམ་བཞིན་གཉིས་ཀའི་བར་འབྲེལ་ལམ་ཡག་པོ་ཚུགས། ཧྥོར་མན་གྱིས་ཏག་ཏག་འབྲེལ་ལམ་དེ་བརྒྱུད། སྐབས་དེའི་བླ་བྲང་ཕྱོགས་ཀྱི་ཆོས་སྲིད་གཉིས་ཀའི་ཁ་ལོ་བ་སྐུའི་གཅེན་པོ་ཨ་པ་ཨ་བློ་ཚང་གི་ཡིད་རྟོན་ཡང་ཁུག ལར་འདུམ་འགྲིག་བྱུང་སྟེ་ཕྱིར་ལྡོག་པ་རེད་མ་གཏོགས། ཨ་པ་ཨ་བློས་ཧྥོར་མན་ཡང་ཞབས་ཕྱིར་འཁྲིད་དེ་དམག་གི་དཔུང་དང་བཅས་རྔ་བའི་ངོ་ལོག་བཅོམ་ལ་ཆས་མྱོང་འདུག དེའི་སྐོར་ཡང་གོང་འཁོད<<བཀག་ཡུལ་བོད་ལུང་འཕྲེད་གཅོད>>ན་ལྷག་པར་གསལ་ཟེར། ཕངས་པ་ནི། དེབ་དེ་ཕལ་བའི་ལག་ནང་བསླེབ་ས་མ་རེད། གང་ལྟར་འགྲུལ་སྐྱོད་དེའི་རིང་། གཅིག་མཚུངས་གཉིས་ཀའི་བར་དམག་དོན་ཆབ་སྲིད་ཚན་རིག་བཅས་ཀྱིས་མཚོན་ཁ་བརྡ་ཉིན་ཞག་མགོ་སྦྲེལ་དུ་བྱུང་ཟེར།གཞན། ཧྥོར་མན་ནི་མཐའ་གཅིག་ཏུ་ཨ་མྱེས་རྨ་ཆེན་ལ་འགྲོ་འདོད་ཆེ་བ་ཞིག་ཡིན་ཚུལ་གོང་ལའང་ལབ་སོང་། མགོ་ལོག་དཔོན་པོ་ཁང་པཎ་ཆེན་གྱི་ཆུང་མ་སྟེ། ཀུན་མཁྱེན་ཚང་གི་སྐུའི་གཅེན་མོ་རྒན་པ་དཔོན་མོ་ཨ་སྒྲོལ་བླ་བྲང་དུ་ཁམས་གསེང་ལ་ཡོང་སྐབས། ཧྥོར་མན་གྱིས་གཅིག་མཚུངས་མོ་དང་འབྲེལ་ལམ་ཡག་པོ་ཚུགས། མ་ཟད་མགོ་ལོག་དཔོན་མོ་དེས་ཧྥོར་མན་མགོ་ལོག་ཏུ་བཏང་ཆོག་པའི་ངག་འཕྲིན་ཞིག་བརྫང་རྒྱུའང་ཁས་བླངས། ཡང་། ཤེས་རབ་བརྟན་འཕེལ་གྱིས་ལོ་རབས40པའི་ནང་། “ཨ་པ་ཨ་བློ་དང་ཁོའི་སྲིང་མོ། —དུས་རབས20པའི་ལོ་རབས40པའི་སྟོད་ལ་པར་དུ་བཏབ།” ཅེས་གཤམ་ལ་མཆན་བཀོད་ཡོད་པའི་འདྲ་པར་ཞིག་བླངས་ཡོད། འདྲ་པར་དེའི་ནང་། ཤིང་སྒོ་སེར་པོ་མཐོ་ཞིང་མཆོོར་པ་ཞིག་གི་མདུན་ངོས་ཉི་འོད་ནང་འཇེབ་འཁོར་ནག་པོ་ཞིག་བཞག་ཡོད་ལ། གོས་ཚར་ཁམ་དམར་སྲམ་གྱི་ཁ་ལྕགས་ཅན་གྱོན་མཁན་བུད་མེད་ཤ་ཁ་གང་བ་བསོད་མདངས་ཅན་ཞིག་འཇེབ་འཁོར་དེ་ལ་འཁེན་ནས་ཡོད། གཟུགས་བོངས་ཕལ་ལས་ཧ་ཅང་རགས་པའི་ཨ་པ་ཨ་བློ་མོའི་རྒྱབ་ལ་བྲག་ཐོ་ཞིག་ལྟར་ལངས། གུས་པས་བཤད་འདོད་པ་ནི། དེ་ནི་གོང་སྨྲས་དཔོན་མོ་ཨ་སྒྲོལ་བླ་བྲང་དུ་ཡོང་ཐེངས་དེར་ངེས་པས། ལོ་ཚིགས་གུང་བསྒྲིགས་ཏེ་དཔྱད་པ་བཏང་ན། ཤེས་རབ་བརྟན་འཕེལ་དང་ཧྥོར་མན་གཉིས་བླ་བྲང་དུ་ངོ་འཕྲད་མེད་མི་སྲིད་སྙམ། འོན་ཀྱང་། གུས་པོའི་རྒྱུ་ཆ་ཙམ་པོའི་ནང་དེའི་སྐོར་མ་རྙེད།དེ་མིན། ཡེ་ཤུ་ཆོས་ལུགས་སྒྲོག་སྤེལ་མཁན་ཤེས་རབ་བརྟན་འཕེལ་ཁྱོ་ཤུག་དང་མི་འདྲ་བར། ཧྥོར་མན་གྱི་དམིགས་ཡུལ་ནི་མཐའ་གཅིག་ཏུ་ཨ་མྱེས་རྨ་ཆེན་ཡིན་པས། དང་ཐོག་ཁོས་བླ་བྲང་ཕལ་ཆེར་ཚ་ཕོག་རྒྱག་ས་ཙམ་དུ་བཟུང་ཡོད། མཐར་དཔོན་མོ་ཨ་སྒྲོལ་གྱི་ལམ་འཇུག་ངག་འཕྲིན་ཡང་ཐོབ་པ་རེད་མོད། དུས་འགྱུར་ཡོ་ལང་སོགས་ལ་རྐྱེན་བཅོས་ཏེ། ཁོ་ཨ་མྱེས་རྨ་ཆེན་དུ་བསླེབ་ཐུབ་པ་མེད། དེའི་སྐོར་ཡང་ཁོས་ཕངས་སེམས་ཚད་མེད་དང་བཅས་གོང་སྨྲས་དེབ་ཏུ་འཁོད་ཡོད་པར་བཤད། འོན་ཀྱང་། སྐབས་དེའི་བོད་མདོ་སྨད་ཆོས་སྲིད་རིག་འབྱོར་ཡོངས་ཀྱི་གཙོ་བདག—ཀུན་མཁྱེན་ལྔ་པ་ཚང་དང་། དེ་བཞིན་ཁོང་གི་ཡབ་མགོན་པོ་དོན་འགྲུབ། གཅེན་པོ་ཨ་པ་ཨ་བློ་སོགས་ཀུན་མཁྱེན་ཡབ་གཞིས་ཀྱི་ནང་མིའི་བར་གཤིབ་འདྲིས་ཡག་པོ་བྱུང་བ་དེ། ཨ་མྱེས་རྨ་ཆེན་མཇལ་བའི་ལྷག་ཅིག་ཏུ་ག་ལ་མི་ཡོང་། དེར་བརྟེན་ཁོ་ལ་ཕངས་སེམས་དེ་ཙམ་ཆེ་དོན་མེད་སྙམ། མདོ་གཅིག་ལ་མདུད་པ་བརྒྱབ་ན། ཀུན་མཁྱེན་ལྔ་པ་ཚང་དང་འབྲེལ་ལམ་བྱུང་མེད་ཚེ། ཧྥོར་མན་ཁོ་ནུབ་གླིང་ལ་གྲགས་བྱེད་དེབ་དེའི་ལྗིད་ཚད་ཀྱི་སྲང་མདའ་ཡང་། ཅུང་ཞིག་མས་སུ་ཞུར་གྱིས་ལྷུང་མི་འགྲོའམ་མི་སྙམ།མཇུག་སྡུད།
གོང་འཁོད་ནི། འགྱུར་ལྡོག་སྐྱེན་པའི་ལོ་ཟླ་འཚུབ་པོ་དེའི་ནང་། ཀུན་མཁྱེན་ལྔ་པ་ཚང་དང་འདྲིས་གཤིབ་ཆེ་བའི་ཕྱི་གླིང་པ་དེ་གཉིས་ཀྱི་འབྲེལ་ཡོད་ཟིན་བྲིས་ཡིན། མ་ཟད་འདི་གཉིས་ཕུད། ད་རུང་དམིགས་ཡུལ་འདྲ་མིན་འཆིང་མཁན་ཕི་གླིང་བ་མི་ཉུང་བ་ཞིག “ལྷ་ས་གཉིས་པ”རུ་བསྔགས་པའི་གནས་མཆོག་འདི་རུ། རང་གི་ཁྱུ་ལས་ལོགས་སུ་མགོ་འཁོར་བའི་ཁྲུང་ཁྲུང་རེ་རེ་ཇི་བཞིན་སྔ་འཕྲོ་ཕྱི་མཐུད་དུ་སླེབས། མ་ཟད་ཀུན་མཁྱེན་ཡབ་སྲས་ཏེ—ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཨ་ལགས་གུང་ཐང་ཚང་སྐུ་ཕྲེང་རེ་འགའི་བར་འབྲེལ་འདྲིས་ངེས་ཅན་རེ་བྱུང་ཡོད། དེའི་སྐོར་རོབ་བསྡུས་ཤིག་གཤམ་ལ་ཐོ་རུ་བཏབ་པ་འདི་ཡིན།༡ 1885ལོར། ཨུ་རུ་སིའི་མྱུལ་དཔྱོད་པ་གྲགས་ཅན་ཕཱོ་ཐ་ཉིང (Potanin) བླ་བྲང་དུ་འབྱོར། ཀུན་མཁྱེན་བཞི་པ་ཚང་དང་མཇལ།༢ 1900ལོར། ཨུ་རུ་སིའི་ཤར་ཕྱོགས་རིག་པ་སྨྲ་བ། ས་རྒྱུས་རིག་པའི་མཁས་དབང་། མྱུལ་དཔྱོད་པ། པུ་རེ་ཨ་ཐེའི་སོག་པོ་མགོན་པོ་སྐྱབས·ཚེ་པི་ཁོ་བེ (Gombojab Tsybikov) བླ་བྲང་དུ་འབྱོར། ཏག་ཏག་གནས་ཆུང་གི་ལྷ་འབེབས་ཆོ་ག་སྤེལ་དང་སྟབས་འཁེལ། ཁོས་ཟིན་བྲིས་ནང་། སྐབས་དེར་དགུང་གྲངས44ལ་སོན་པའི་ཀུན་མཁྱེན་འཇམ་བཞད་ཚང་གྲྭ་པ་བཞིས་འདེགས་པའི་འགྱོགས་བྱམས་ལ་བཞུགས་ཏེ་ཕེབས་བྱུང་ཚུལ་བྲིས་ཡོད། དེ་མིན་ཁོས་ད་རུང་། “བླ་བྲང་གི་སྲང་ལམ་དོག་ལ་གྱ་གྱོག་ཆེ། འོན་ཀྱང་དགོན་པ་གཞན་དང་མི་འདྲ་བར། གད་བདར་འཐོན་ཏེ་གཙང་ཞིང་གྲལ་དག ཁྱི་ལྡོམ་དང་མིའི་གཅིན་སྐྱག་སོགས་མཐོང་ལམ་དུ་མི་ཡོང་།” ཞེས་བྲིས་ཡོད།འདི་ལ་བལྟས་ན། མགོན་པོ་སྐྱབས་སླེབས་ཡུལ་སྐབས་དེའི་བོད་ཡུལ་ལུང་པའི་དགོན་པ་མི་ཉུང་བ་ཞིག་ཁྱི་ལྡོམ་དང་གཅིན་སྐྱག་གིས་བཀང་ཡོད་པ་རྟོགས་ཐུབ། དོན་ལ། དུས་རབས་ཉེར་གཅིག་པ་མ་ཚེས་ཡར་སྔོན། ཇོ་ཁང་དང་འདབས་འབྱར་པའི་གྲགས་ཅན་ལྷ་སའི་བར་སྐོར་ཡང་། གཏན་གཏན་ཁྱི་ལྡོམ་དང་གཅིན་སྐྱག་གིས་བཀང་མེད་དམ་ཅི། དེང་སང་ཁྱི་ལྡོམ་དེ་ཚོ་མི་མཐོང་། ལ་ལས་བཤད་ན་ཕྱི་ཡོང་མི་རིགས་ཀྱིས་ཟོས་སོང་ཟེར། གསང་སྤྱོད་མཆོར་མོ་ག་སར་བཟོས་ཡོད་པས་གཅིན་སྐྱག་ཀྱང་ས་འོག་ལ་ཐིམ་སྟེ་ཕལ་ཆེར་སྣ་ལམ་དུའང་མི་ཡོང་། དེ་ཙམ་གྱིས་མགུ་ན། དེང་གི་ལྷ་སའི་བར་སྐོར་ལ་བག་ཕབ་པོར་ཕེབས་ཆོག་གདའ།༣ 1906ལོར། པུ་རེ་ཨ་ཐེའི་སོག་པོ་བོད་རིག་པ་ཞིབ་འཇུག་མཁན་བཛྲ·དཔལ་ལྡན (Bazar B.Baradin) བླ་བྲང་དུ་འབྱོར། ཁོ་བླ་བྲང་དུ་ལོ་གཅིག་ལ་བསྡད། ཕྱིར་ལོག་ཁར་བོད་ཡིག་གི་བསྟན་བཅོས200ལྷག་བསྣམས་ཕེབས། ཕྱིས་སུ་ཡུལ་དེའི་བོད་བརྒྱུད་ནང་བསྟན་ལ་མོས་གུས་ཆེ་མཁན་ཚོའི་དགའ་བསུ་ཐོབ་པའི་དེབ<<བླ་བྲང་ལམ་ཡིག>>ཟེར་བ་དཔར་དུ་བཏོན། དེ་ལྟར། གཤམ་ལ་གླེང་ཡོང་བའི་ཁི་ཙི་ལོ་ཧྥུས“ཨུ་རུ་སིའི་སོག་པོ་མི་རིགས་ཀྱི་སེམས་ཁོང་དུ་བླ་བྲང་ནི‘ལྷ་ས་གཉིས་པ’རེད”ཅེས་པའི་གཏམ་བྱུང་།༤ 1908ལོར། ཕྱིས་ཀྱི་ཧྥིན་ལན་སྲིད་འཛིན(སྲིད་འགན་འཁུར་ཡུན1944~1946)མཱ་ནེ་ཧུ་མེ (Mannerheim) བླ་བྲང་དུ་འབྱོར། མོས་ཟིན་བྲིས་ནང་འཁོད་དོན།“ཧི་ཀྲིག(ཀ་ཆུ)ལ་བགྲོད་སྐབས། ངས་ཏོ་ཐེའི(ཆིན་རྒྱལ་རབས་ཀྱི་ཁམས་སྡོད་རིམ་བཞི་དཔོན་རིགས)ས་ནས་ལམ་ཡིག་ལོན་ཡོད། འོན་ཀྱང་བླ་བྲང་ལ་ངོ་སྤྲོད་པའི་ཡི་གེ་རག་མ་སོང་། དོན་ལ་ཧི་ཀྲིག་དཔོན་རིགས་ཀྱིས་ཐད་ཀར་བླ་བྲང་ལ་འཕྲིན་བཏང་ཆོག་པ་མེད། དེ་ལྟའི་ངོ་སྤྲོད་ཡི་གེ་ཞོན་ཧྭ་ཐེན་གྱིས་བརྒྱུད་སྤྲོད་གནང་དགོས་པར་ཡོད། སྐབས་དེའི་རང་གི་གནས་བབ་ལ་བསམ་བློ་བཏང་མཐར། ངས་ཕྱི་འབྲེལ་ལག་ཐབས་སྤྱད་ནས་དཀའ་ཁག་སེལ་དགོས་རྒྱུ་རེད་སྙམ། དེ་མིན་ཡུལ་མིས་ང་ཚོའི་སྟེང་མི་རངས་པའི་རྣམ་འགྱུར་འཛིན། ང་ཚོ་ཕྱི་ལོགས་སུ་འགྲོ་བ་མཐོང་ན་ཁོ་ཚོ་ཕྱོགས་ཕྱོགས་ནས་རུབ་སྟེ་ཡོང་། མ་ཟད་ཁ་ཤུ་འདེབས་པའམ་སྐད་འགྲགས་བརྒྱབ་ནས་ང་ཚོར་འཇིགས་སྣང་ཅི་རིགས་སྐུལ། ལམ་དུ་ཆས་ཁར། ངས་ལེགས་སྐྱེས་ཆུང་གྲས་སྣ་ཚོགས་དང་གོས་ཆེན་དམར་པོ་ཡུག་ཅི་སྙེད་ཅིག་ཤར་མོར་དྲས་ཏེ་གྲ་སྒྲིག་བྱས་ཡོད། ལུང་པ་དེ་རུ་ཕན་ཚུན་མཇལ་ཕྲད་སྐབས་གོས་ཡུག་གམ་ཁ་བཏགས་ཕན་ཚུན་བར་བརྗེ་སྲོལ་ཆེ།”འདི་ནི་མཱ་ནེ་ཧུ་མེའི1908ལོའི་ཟླ3པའི་ཚེས26ཉིན་གྱི་ཟིན་བྲིས་རེད། ནང་ལོགས་ན་ལོ་རྒྱུས་བརྡ་འཕྲིན་མི་ཉུང་།༥ 1909ལོར། ཨུ་རུ་སིའི་ས་རྒྱུས་མཁས་ཆེན་དང་གནའ་དཔྱོད་རིག་པ་བ་ཁི་ཙི་ལོ་ཧྥུ (Kozlov) བླ་བྲང་དུ་འབྱོར། ཁོས་ཟིན་བྲིས་ནང་འཁོད་པར།“བླ་བྲང་དགོན་པ་མཚོ་འཕགས་སྨི3040ལ་སླེབས་པའི་སོ་ནམ་རིག་གནས་ཀྱི་ཟད་མཐར་ཆགས། མ་ཟད་བོད་ཨ་མདོའི་ཆོས་ལུགས་བློ་འབྱེད་དང་དཔལ་འབྱོར་གྱི་ལྟེ་བར་གྲུབ། གནས་འདི་ནས་ལྗོངས་རྒྱུ་པ་ཚོ་དུས་ངེས་མིན་ནང་བོད་སོག་གི་དད་ལྡན་དང་། དེ་བཞིན་རྒྱ་དང་ཁ་ཆེའི་ཁེ་པར་འཕྲད་རྒྱུ་ཡོད་་་་་་མདོར་ན། བླ་བྲང་དགོན་པ་ནི་གཟི་བྱིན་དང་རྔམ་བརྗིད་ཀྱི་གཞི་ལ་ཀུན་ནས་རྫོགས་ཏེ་མཆིས་་་་་་ཡང་བླ་བྲང་དགོན་པར་དེ་འདྲའི་སྙན་གྲགས་འབར་དོན་ནི། མཐར་གཏུགས་ན་མི་སྣ་གཉིས་དང་འབྲེལ། མི་སྣ་དེ་གཉིས་སུ་རེད་ཅེད་ན། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དང་ཁོང་གི་སློབ་མ་གུང་ཐང་བསྟན་པའི་སྒྲོན་མེའོ་་་་་་”དེ་ལྟར་ཁི་ཙི་ལོ་ཧྥུ་བླ་བྲང་དུ་འབྱོར་དུས། ཀུན་མཁྱེན་བཞི་པ་ཚང་ཕྱོགས་སུ་ཕེབས་ཏེ་མཇལ་སྐལ་མ་བྱུང་བས། དགུང་ལོ60ཙམ་བཞེས་པའི་གུང་ཐང་ཚང་གིས་སྣེ་ལེན་བྱས་ཟེར། ལོ་ཚིགས་ལྟར་བྱས་ན་གུང་ཐང་སྐུ་ཕྲེང་ལྔ་པ་བསྟན་པའི་ཉི་མ་ཚང་དང་ཐོ་ཐུག དེར་ཁོས་ཟིན་བྲིས་ནང་འཁོད་པར།“བླ་བྲང་དགོན་པའི་དགོན་བདག---འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་ནི་ཐོས་བསམ་རྒྱ་ཆེར་རོལ་མཁན་བུདྡྷའི་རྗེས་འབྲང་རྣལ་མ་ཞིག་ཏུ་ཀུན་གྱིས་ཁས་ལེན། ཨ་མདོའི་ཆོས་སྲིད་གཉིས་ཀའི་བྱ་བའི་ཁྲོད་ཁོ་ལ་ཁྲུན་གཅོད་རང་བཞིན་གྱི་དབང་ཟིལ་དང་ལྡན་་་་་་འོན་ཀྱང་ཁོ་ནི་དཔེར་སོན་པའི་དཀའ་ཐུབ་པ་ཞིག་དང་རང་རྒྱུད་ལེགས་འཆོས་མཁན་ཞིག་ཏུ་ཡོད། ནམ་རྒྱུན་ཉེ་འཁོར་ཉམས་དགའི་རི་ཁྲོད་དུ་སྒོམ་སྒྲུབ་ལ་བརྩོན་རྒྱུར་བློ་རྩེ་འཇོག་པ་མ་གཏོགས། ཁོས་ཐ་ན་དགོན་པའི་ནང་སོ་སོར་བླ་བྲང་འཕྱོར་མོ་ཞིག་ཀྱང་བཀོད་སྒྲིག་བྱས་པ་མེད།”འདི་ལྟའི་ཟིན་བྲིས་སྔོན་ལ་བཏང་རྗེས། ཁི་ཙི་ལོ་ཧྥུས་སྨྱུག་ཁ་གཅིག་དཀྱུས་ཏེ། “ཀུན་མཁྱེན་ཚང་དང་ཁོང་གི་སློབ་མ་གུང་ཐང་ཚང་ནི“བོད་ཀྱི་ལོ་མོ་ནོ་སོ་ཧྥུའོ”ཞེས་གདེང་འཇོག་གནང་། ལོ་མོ་ནོ་སོ་ཧྥུ (Lomonosov) ནི་དུས་རབས་བཅོ་བརྒྱད་པར་བྱུང་བའི་ཨུ་རུ་སིའི་རིག་བརྒྱའི་གཏེར་མཛོད་ལྟ་བུའི་ཚན་རིག་པ་དང་། སྐད་བརྡ་རིག་པ་བ། མཚན་ཉིད་རིག་པ་བ། སྙན་ངག་པ་བཅས་རེད། གཙོ་བོར། རང་རེས“ལྷ”འབའ་ཞིག་ལ་མཐོང་བའི་ཀུན་མཁྱེན་ཡབ་སྲས། རྒྱུ་དང་རྐྱེན་གང་ཞིག་གིས་གཟོད་ལོ་ཕྱེད་ཙམ་གྱི་འགྲོགས་འདྲིས་བརྒྱུད། མི་ཚེ་ཧྲིལ་པོ་ཨེ་ཤ་ཡའི་དཀྱིལ་རྒྱུད་མྱུལ་དཔྱོད་ལ་སྟིམ་མཁན་ཁི་ཙི་ལོ་ཧྥུའི་མིག་ནང་ནས། དེ་ལྟར“བོད་ཀྱི་ལོ་མོ་ནོ་སོ་ཧྥུ”རུ་གྱུར་སོང་བ་ཡིན་ནམ། འདི་ལ་རང་རེས་དྲན་པ་ནང་དུ་བཀུག་སྟེ་བསམ་བློ་ཞིག་བཏང་ན་འགྲིག་ཚོད་རེད།༦ དེ་ལྟར། ཁི་ཙི་ལོ་ཧྥུས་བཅུ་གསུམ་པ་ཆེན་པོ་སྐུ་འབུམ་ལ་བསླེབ་རྒྱུ་ཡིན་པའི་གཏམ་སྙན་གུད་ནས་ཐོས་མ་ཐག གུང་ཐང་ཚང་དང་གྱེས་མཇལ་ཞུས་ཏེ། བསྒུག་མི་བཟོད་པར་ཉེ་ལམ་གཅོད་ཀྱིན་སྐུ་འབུམ་དུ་བརྟོལ། མ་ཟད་བསམ་ཐོག་ཏུ་སྨིན་ཏེ་ཡང་བསྐྱར་བཅུ་གསུམ་པ་ཆེན་མོ་དང་གླེང་མོལ་བྱེད་པའི་གོ་སྐབས་ཐོབ།དེ་ཙམ་ལ། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཐེ་ཁི་མན (Teichman) ཡང་བླ་བྲང་ལ་འབྱོར། གཅིག་མཚུངས་གུང་ཐང་ཚང་དང་མཇལ། ཁོས་ཟིན་བྲིས་ནང་འཁོད་དོན།“ན་ཚོད་ཡོལ་བའི་བཙུན་པ་ཁོང་ལ་རིག་གཞུང་སྨྲ་བ་པོ་ཞིག་གི་ཉམས་བག་ཀུན་ནས་རྫོགས་ཏེ་མཆིས།”འོན་ཀྱང་བོད་ཀྱི་བླ་མ་དགེ་བཤེས་ཟེར་དུས། རང་རེས་ཁྲོད་མང་ཆེས་མིག་ཟུང་བཙུམས་ཏེ་གཏུན་ཤིང་དང་མཚུངས་མགོ་བོས་ཤུགས་ཀྱིས་གཏུག་པར་བྱེད་ལ། ཉུང་ཟད་མཁས་རློམ་མགོ་ལེབ་འགའ་རེས་དམར་སེར་ཐམས་ཅད་ཕྱགས་མ་གཅིག་ལ་ཆུན་དྲིལ་བརྒྱབ་སྟེ་གཉའ་ཤེད་རྒྱོང་། བར་མ་དོ་འགའ་རེ་ཡོད་པ་ཅི་འདི་མེད་པར་འཐོམས། འདི་གསུམ་ལས་གང་ཅན་པོ་ཡིན་རུང་། ཁོང་ཏ“རིག་གཞུང་སྨྲ་བ་པོ”ཞིག་ཏུ་བཟུང་སྟེ་བགྲོ་གླེང་ཨེ་ཡོང་བལྟ་རྒྱུ་ཕར་ཟད། དེ་འདྲའི་སེམས་ཁམས་ནས་ཐད་ཀར་བལྟས་མྱོང་ཡོད་པ་ག་ཚོད་མཆིས་ན། ལར་རང་རེ་སུ་ཞིག་ཡིན་རུང་། ཞིབ་འཇུག་ལ་རྫི་རྣོ་བའི་མགོ་སེར་ཚོའི་དཔྱད་སྟོབས་རང་རྐྱ་ཅན་དེ་འདྲ་བེད་དུ་སྤྱོད་ན། བདེན་མཐའ་གཅོད་ཐེངས་གོལ་སར་དེ་ཙམ་མི་ལྷུང་ཚོད།༧ 1925ལོར། ཨ་རིའི་ཆེད་ལས་རྟོག་དཔྱོད་མཁན་ཅོ་སེ་ཕུ·རོ་ཁི (Joseph Rock) བླ་བྲང་དུ་འབྱོར། མཱ་ཚང་གི་ཉེན་ཁར་གཡོལ་ལ་རྒན་གྱ་བྲག་དཀར་དགོན་དུ་སྐུང་སྡོད་བྱེད་མཁན་ལོ་ན12ཅན་གྱི་ཀུན་མཁྱེན་ལྔ་པ་ཚང་དང་མཇལ།……
ད་དེ་རེད། ངལ་གསོ་ལྟ་བུའི་གཤམ་རོལ་ལྷུག་མ་ལྷེབ་མོ་དེ་གཅིག་མ་གཏོགས། བླ་བྲང་སྐབས་ཀྱི་ཟིན་བྲིས་འདི་ནས་ཆ་ཚང་མཇུག་རྫོགས། ཅི་ཡིན་ཆ་མི་ཆོད་མོད། མི་ངེས་པའི་སྐྱོ་ཤས་ཤིག་སེམས་ནང་ཉལ་ཏེ་ཕར་མི་ཕྱིན། ཡང་ན་ད་རུང་ཅི་ཞིག་ཤོད་མི་འདུག ཡང་ན་ཉིད་ཀྱི་གཟབ་ཀློག་ཁྲོད་དེ་རྣམས་ཤུགས་ལ་ཁ་བསྐང་འགྲོ་ཡང་སྲིད་ཀྱི། དེ་མིན་འདིར་དམིགས་སུ་ཁ་གསལ་དགོས་པ་ཞིག་ལ། བླ་བྲང་བཀྲ་ཤིས་འཁྱིལ་བཞེངས་ཏེ་མི་ལོ300ལོན་པའི་རྗེས་དྲན་ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཆེད་མངགས<<བླ་བྲང་རིག་གནས་དཔེ་ཚོགས>>ཞུ་བ་ཞིག་དཔར་འགྲེམ་བྱས་ཡོད་པར། སྐབས་འདིའི་ཟིན་བྲིས་འབྲི་བའི་ཁྲོད་ཟུར་ལྟ་བྱེད་ཐེངས་མང་། འདིར་དཔེ་ཚོགས་དེའི་རྩོམ་སྒྲིག་སྐུ་འཁོར་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ།༼མུ་འགོད།༽
སྐྱིད་རྟག་འཕྲིན་སྟེགས་ནས་དྲངས།