ཉིན་བཞི་པ།
ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ5བླ་བྲང་ནས་གཙོས། ལམ་ཐག་སྤྱི་ལེ66བགྲོད་ལམ་གཙོ་བོ། S312 G568གཙོས་གྲོང་ཁྱེར། མཚོ་འཕགས། སྨི2936ཀུན་མཁྱེན་ཚང་གིས་དགེ་ཆོས་མཆོག་བླ་བྲང་དགོན་པའི་ནང་བཙུགས་པའི་ཆེད་ལས་སློབ་གྲྭའི་དགེ་རྒན་དུ་གདན་འདྲེན་ཞུས་པ།བླ་བྲང་བཀྲ་ཤིང་འཁྱིལ་དང་བསང་ཆུ་གྲོང་རྡལ་གཉིས་བསང་ཆུའི་འགྲམ་ན་གོང་འགབ་བྱས་ཏེ་ཡོད། དེར་བརྟེན་བསང་ཆུ་སྔོན་མོ་ནི་དགོན་གྲོང་གཉིས་ཀའི་མ་ཡུམ་གཙང་པོར་རང་བབ་ཤུགས་ལ་གྲུབ། གཙང་པོ་འདི་བླ་བྲང་ལྷོ་ནུབ་མཚམས་ཀྱི་བསང་ཁོག་གྱེས་མོ་གོང་བ་ནས་ཐོན་ཞིང་། ཏ་ནི(བྲག་དགོན་པས་དྭ་ན་ཞེས་བྲིས་སྣང)ཆུ་བོ་དང་རྒན་གྱའི་གཡོན་ཆུ་གཉིས་འཕྲོ་རིམ་འཕྲོར་རུམ་ནང་བླུགས་རྗེས། ཀ་ཆུ་བརྒྱུད་བྱང་ཤར་མཚམས་སུ་བབས་ཏེ། གོང་སྨྲས་ཙོང་ལ་རིང་མོའི་རི་རྒྱུད་འཛད་ས་དེར། ལིའུ་གྱ་འགག(刘家峡)གི་ཆུ་མཛོད་ནང་རྨ་ཆུ་དང་འདྲེས་ཏེ་གྲོང་ཁྱེར་ལན་གྲུའི་ཕྱོགས་ལ་སོང་ཡོད།
ཞོགས་པ་དེར། གུས་པ་གཙང་པོ་དེའི་ཁ་རླངས་གཡོ་བའི་གྲང་བསིལ་ཁྲོད། དྲིལ་ཆུང་སིལ་སིལ། བླ་བྲང་དགོན་པའི་ནང་མཇལ་དུ་བརྒྱུགས། འོན་ཀྱང་ཀུན་མཁྱེན་ཚང་སྔ་ཉིན་ལན་གྲུར་ཕེབས་ཏེ་མཇལ་སྐལ་མ་བྱུང་། སྣང་བ་མཐོ་པོ་དེ་ཅུང་ཞིག་མར་ཆག ལར་ཕྱི་རྟིང་གནམ་ལ་འགྱོག་འདོད་ཀྱང་མ་ཡིན་མོད། ཁོང་གི་འཁྲུངས་ཡུལ་ངེད་ཀྱི་ཕ་ཡུལ་བོང་སྟག་དང་འདབས་འབྱར་པའི་མཚོ་སྔོན་པོའི་བྱང་འགྲམ་རྐང་ཚ་སྡེ་བ་ཡིན་པས། གནས་འདིར་ལྷགས་དང་ལྷན་ཉེ་སྣང་ཏུར་ཏུར་པ་ཞིག་ངང་གིས་འོང་། མ་ཟད་རང་གི་འགྲུལ་བཞུད་འདི་ཚིག་རྐང་གཅིག་ཙམ་ལ་དྲིལ་ཏེ་ཞུ་རྩིས་ཀྱང་ཡིན། དེ་འབྲེལ་ཟིན་བྲིས་ཤིག་ཀྱང་བྲི་བར་སྙམ། འོན་ཀྱང་འདོད་དུ་མ་སྨིན།
ལོ་རྒྱུས་སྟེང་། བླ་བྲང་བཀྲ་ཤིས་འཁྱིལ་དང་། དེའི་བདག་པོ་ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་རིམ་བྱོན་གྱིས་ནི། བོད་མདོ་ཁམས་བྱིངས་ལ་ཤན་ཤུགས་ཐེབས་ཚུལ་བཤད་ན་ཧ་ལས་དགོས་པའི་ཚོད་ལ་ཡོད། དེར་ཡང་ཐོག་མའི་དུས། གོང་སྨྲས་བཞིན་ཁ་གྱ་ཚོ་དྲུག་གིས་ཤིང་ཆ་ཕུལ་བའི་སྟེང་། ཆོས་འཁོར། ཟམ་ཚ་རོང་འབྲོག་ཚོ་དྲུག རོང་ཚོ་ཆེན་བཅོ་བརྒྱད། རོང་བོ་ཡར་ནང་མར་ནང་། རྡོ་སྦིས། བིས་མདོ། རྔ་བ། ར་མདོ། ཚ་ཁོ་སོགས་ནས་ཀྱང་འུ་ལག་བསྡུས་ཐོག ཀུན་མཁྱེན་སྐུ་ཕྲེང་དང་པོ་ཚང་ལ་བླ་མའི་བྲང་ས་སྟེ—“བླ་བྲང་བཀྲ་ཤིས་འཁྱིལ”བཞེངས་པར་གྲགས། དེའི་ཕྱིས་སྐབས་དེའི་སོག་བོད་གཉིས་ཀའི་བདག་པོའི་ལུང་ཅན་གུ་ཤྲཱིར་རྒྱུད་པ་ཨེར་རྟི་ནི་ཇུ་ནང་རྒྱལ་པོ་སྦྱིན་བདག་ལ་བུད་ཅིང་། 1709ལོར་བླ་བྲང་དགོན་བཀྲ་ཤིས་འཁྱིལ་གཞི་ནས་བཞེངས་གྲུབ། མ་ཟད་མིང་གི་མགོར་སྔར་བཞིན“བླ་བྲང”སོར་ལ་བཞག དགོན་མ་ལག་བརྒྱ་རྩ་བརྒྱད་བྱུང་། དགོན་གཏོགས་ཚོ་ཤོག་ལ། ལྷ་སྡེ། མི་སྡེ། ཆོས་སྡེ། ཚོ་མཐུན། ཞེས་རིམ་པ་བཞི་དབྱེ་སྲོལ་ཆེ། དེ་ལས། དགོན་འདིའི་ལྷ་སྡེའམ་ལྷ་འབངས་ནི། སྐབས་དེའི་སོག་བོད་སྐུ་དྲག་ཅི་ཆེའི་རུ་ཤོག་རེད་ལ། དེའི་ཁོངས་སུ་སོག་པོ་མདའ་བཅུ་གཅིག དགོན་མཐའི་རུ་སྡེ་བཅུ་གསུམ། བསང་ཁོག རྒན་གྱ་ཚོ་བཞི། ཁོ་ཚེ། དངུལ་རྭ། མཛོད་དགེ་ཉིན་མ། རྔ་བ་ཚོ་དྲུག རྡོ་དཀར་བཅས་འདུ་ཟེར། གཙོ་བོར་དེ་ཚོའི་ཞིང་ཕྱུགས་ཀྱིས་གཙོས་དཔལ་འབྱོར་ཅི་མཆིས་དགོན་པར་དབང་ངོ་། །མི་སྡེ་ཞེས་པ་སྲིད་འབངས་དང་འདྲ། དེའི་ཁོངས་སུ་ཨ་མཆོག ཙ་ཡུས། འབོ་ར། ཀླུ་ཤོད། དམེ་ཤོག་ཁག་ལྔ། ཁྲོ་ཁོ་ཁག་གསུམ་སོགས་འདུའོ། །ཆོས་སྡེ་ཞེས་པ་ཆོས་འབངས་རེད། དེའི་ཁོངས་སུ་དམེ་སྐོར། མཛོད་དགེ་སྟོད་མ། བཞག་སྡོམ། ཐང་སྐོར། གནམ་ལྷ་སྟོད། དཀྱིལ་འཁོར། དམུ་ར་ཕྱོགས་སྐྱོང་། སྨན་ལུང་། ཁ་གྱ་སྨད། ལྕང་ཤར། སེ་ཆང་། ཀྭ་རིང་། ཤིང་ལི་ཁ་སྡེ་བཞི་བཅས་འདུ། འོན་ཀྱང་ཆོས་སྡེ་མི་སྡེ་གཉིས་ཀའི་ཞིང་ཕྱུགས་ཀྱིས་གཙོས་དཔལ་འབྱོར་ཡུལ་དེའི་དཔོན་རྒྱུད་ལ་དབང་བས་དགོན་པས་ཐེ་ཇུས་མི་ཡོང་། ཡང་ཚང་མས་ཀུན་མཁྱེན་ཚང་སྐྱབས་མགོན་དུ་བརྟེན་པས། མགོ་ནས་མཇུག་བར་དགོན་པའི་བཀའ་ཕེབས་མཆིས་དགུ་སྤྱི་བོར་ལེན་ནོ། །ཐ་མ་ཚོ་མཐུན་ཞེས་པ་བླ་བྲང་དགོན་དང་ཆོས་འབྲེལ་ཡོད་ཚད་ལ་གོ་དགོས་པར་འདུག ཐ་ན་ཞྭོན་ཧ་རྫོང་ཁོངས་ས་ལར་རིགས་ཀྱང་དེའི་ནང་ཐེ་བར་བཤད། ཤེས་དགོས་པ་ནི། ཞིང་ཆེན་ལམ་ལུགས་བཙུགས་ཚུན་ནས་བླ་བྲང་འདི་ཞོན་ཧྭ་ཐེན་གྱི་ཁོངས་སུ་གཏོགས། དེ་ཚོ་གོང་སྨྲས་མི་སྡེ་ལུང་པ་དག་ལས་བར་ཐག་ཅུང་ཞིག་རིང་མོད། བརྒྱ་ལ་དགོན་པས་བསྐུལ་པ་ཡིན་ཚེ་མིན་ཟེར་མཁན་མེད་ཟེར། མདོར་ན་སྐབས་དེའི་བླ་བྲང་དགོན་པས་ཧ་ལམ་དེང་གི་མཚོ་སྔོན་དང་། ཀན་ལྷོ། སི་ཁྲོན་གྱི་སུམ་གཉིས་ཟིན་པའི་དཀར་མཛེས་དང་རྔ་བ་བཅས་ཀྱིས་མཚོན་མདོ་ཁམས་ཡོངས་རྫོགས་དབང་འོག་ཏུ་བསྡུས་ཡོད་པ་ལྟར་སྣང་། འོན་ཀྱང་ཀུན་མཁྱེན་བཞི་པ་འདས་ཏེ་ལྔ་པ་མ་བྱོན་གྱི་བར་གླགས་དེར། ཟི་ལིང་ཕྱོགས་ཀྱི་མཱ་དམག་གིས་དགོན་པའི་གླིང་ལ་དམག་སྒར་བཙན་གྱིས་བརྒྱབ། མ་ཟད་ལྔ་པ་ཚང་བླ་བྲང་གི་ཁྲི་ཁར་བྱོན་དུས་ཀྱི1920ནས1927ལོའི་བར་དེ་ལྟའི་ངང་གནས་དགོས་བྱུང་ཡོད། དེ་ལྟར་ཆོས་ལུགས་ཁོ་ནས་བསྐྱེད་པའི་བོད་སྤྱི་ཚོགས་ཀྱིས་ཅི་ལྟར་དཔའ་ངར་བསྐྱེད་རུང་། མཱ་ཚང་ལ་སྲོག་སྐྱེལ་བ་ཙམ་ལས་དེའི་འགྲན་ཟླར་གཏན་ནས་ཡོང་མེད། ཉམས་མྱོང་དེ་དག་ལས་བསླབ་བྱ་ཐོབ་སྟེ། ཀུན་མཁྱེན་ལྔ་པ་ཚང་གིས་རང་སྟེང་ནས་བཅོས་སྒྱུར་བྱ་རྒྱུར་བསམ་བློ་བཏང་འདུག ཧྭང་ཀྲིན་ཆིན་བློ་བཟང་ཚེ་དབང(གཤམ་ལ་བྱུང་ཚད་མདོ་ཁམས་ཡོངས་ཁྱབ་ཀྱི་འབོད་སྟངས་ལྟར་ཨ་པ་ཨ་བློར་སྐོང་པར་བྱེད)གིས་དགུང་གྲངས་གྱ་གསུམ་སྟེང་ཕྱིར་དྲན་ཁྲོད་ངག་ཐོག་ནས་གསུངས་པའི<<ཨ་བློ་སྤུན་མཆེད་ཀྱི་རྣམ་ཐར>>(གཤམ་ལ་བྱུང་ཚད<<ཕྱིར་དྲིན>>དུ་སྐོང་བར་བྱེད)ཁྲོད། “ཀུན་མཁྱེན་ལྔ་པ་ཆེན་པོ1940ལོར་དབུས་གཙང་ཆོས་ཀྱི་ཞིང་ས་ནས་གདན་ས་རང་དུ་འབྱོར་བ་ནས་བཟུང་སྟེ་བཅོས་བསྒྱུར་གྱི་དབུ་བཙུགས།” ཟེར་བས་ཀྱང་དེ་བསྟན་ཡོད། དེའི་ཁྲོད་མོས་གུས་ལྷག་པར་འདྲེན་པ་ཞིག་ལ། ཀུན་མཁྱེན་ཚང་གིས་བླ་བྲང་དགོན་པའི་ནང་དེང་རབས་ཅན་གྱི་ངོ་བོ་དང་ལྡན་པའི་ཆེད་ལས་སློབ་གྲྭ་ཞིག་གཟུག་འཆར་ཐུགས་ལ་བཅགས་ཏེ་དབུས་སུ་སློབ་གཉེར་ལ་ཕྱིན་སྐབས་ཏག་ཏག་དགེ་ཆོས་དང་ཞལ་མཇལ། མ་ཟད་དགེ་ཆོས་སློབ་གྲྭ་དེའི་དགེ་རྒན་དུ་གདན་འདྲེན་ཞུས།རྣམ་ཐར་སོགས་གང་ལ་བལྟས་ནའང་། ངང་ཐུང་བའི་མི་ཚེའི་ཁྲོད། ཀུན་མཁྱེན་ལྔ་པ་ཚང་ཐེངས་གཅིག་ལ་མ་གཏོགས་དབུས་སུ་ཕྱིན་པ་མེད། ཐེངས་དེ་ནི་ཁོང་གི་དགུང་ལོ22ནས25ཡི་བར་གྱི་དབུས་ཀྱི་སློབ་གཉེར་སྐབས་ཏེ་སྤྱི་ལོ1937ནས1940ཡི་བར་ལ་འཁེལ། ཡང1938ལོར། དགེ་ཆོས་རྒྱ་གར་ནས་རཱ་ཧུ་ལ་དང་མཉམ་དུ་སླར་བོད་ལ་རྒྱ་དཔེ་ཞིབ་འཇུག་གི་ལས་ཀར་ལན་ཅིག་འཁོར་ཡོད་པས། རྣམ་པ་གཉིས་ཀའི་དབུས་ཀྱི་ཞལ་མཇལ་ཁོ་ན་ཉིད་དེ་དེ་དུས་ཡིན་ན་ཁྲིགས་སེར་ཐོ་ཐུག་པར་སྣང་།
མཚམས་འདིར་སྙུག་ཁ་བླ་བྲང་གི་ཕྱོགས་ལ་ཁྱུག་ཙམ་འཁོར་འགྲོ། དེར་ཡང་ཕོ་ལོ17སོན་པའི་ལོ་དེར། “ཆུ་ཐོམ་གང་ནང་ཉ་འདོམ་གང་ཤོང་རབས་མེད།” ཅེས་དགེ་ཆོས་དྷིཿཚ་ནས་ཐོན་ཏེ་བླ་བྲང་ལ་ཕྱིན་ཞིང་། རིག་པའི་གློག་ལྕེས་དགེ་བཤེས་ཚོ་སུན་དུ་ཡང་དབྱུང་། འོན་ཀྱང་རྒན་པོ་ཤེར་རྒྱམ་གྱིས་བཤད་པ་ལྟར། ཀུན་མཁྱེན་ཚང་དགག་གཞག་ཁྲོད་ཕམ་པར་བྱས་ཟེར་བ་དེ་ཨེ་བདེན་ནམ་སྙམ་པ་ཞིག་ཡོང་། རྣམ་ཐར་དངོས་དང་། ལྷག་པར<<ཨ་བློ་སྤུན་མཆེད་ཀྱི་རྣམ་ཐར>>ནའང་ཀུན་མཁྱེན་ལྔ་པའི་ལོ་རེའི་སློབ་གཉེར་དང་ལས་ཀ་གཙོ་བོ་ཐོ་རུ་མཐར་ཆགས་སུ་བཏབ་འདུག་མོད། “སྐུ་འབུམ་དུ་རིགས་ཆེན་རྒྱུགས་སྤྲད”ཅེས་པ་ཞིག་མཐོང་མ་སོང་། ད་རུང་། ཕལ་གྱིས་དགེ་ཆོས་ཕོ་ལོ25ཡི་སྟེང་བླ་བྲང་ནས་དབུས་སུ་ཕྱིན་ཟེར་བས། ལར་ཆོས་རྩོད་དེ་འདྲ་ཞིག་ལོ་དེ་ག་རང་དུ་བྱུང་བའི་དབང་དུ་བྱས་ནའང་། དགེ་ཆོས1903ལོ་དང་ཀུན་མཁྱེན་ལྔ་པ་ཚང1916ལོར་འཁྲུངས་པ་རེད་པས། རྣམ་པ་གཉིས་ཀྱི་བར་ན་ལོ13ཡོད་ཅིང་། དེ་དུས་ཀུན་མཁྱེན་ཚང་དགུང་ལོ12ཡིན་དགོས་འདུག བྱས་ན་དགེ་ཆོས་བྱིས་པ་ཞིག་ལ“ཐུབ་ཚོད”བཏང་འདྲར་ཡོད་པས་རྒན་པོ་ཤེར་རྒྱམ་གྱིས་བསྟོད་མ་ཤེས་པ་མིན་འགྲོ་སྙམ། དེ་ལ་ཧོར་གཙང་འཇིགས་མེད་ཀྱིས་ཀྱང་། “ཁོ་རང(རྒན་པོ་ཤེར་རྒྱམ)དགེ་ལུགས་སྤྱི་དང་ཁྱད་པར་ཀུན་མཁྱེན་བླ་མ་ལ་མི་དགའ་བའི་སྒེར་གྱི་ན་ཚ་ཞིག་ཡོད་པ་དགེ་ཆོས་ཀྱི་ལོ་རྒྱུས་བཤད་ཞོར་ལ་གོ་སྐབས་བཙལ་བ་ཞིག་ལས། དོན་དངོས་སུ་ཀུན་མཁྱེན་ལྔ་པ་འདི་ཉིད་གུ་ཤིན་ཏུ་ཡངས།” ཞེས་ཁས་བླངས་མེད། དེ་ལྟར་གུས་པས་བལྟས་ན། རྣམ་པ་གཉིས་ཀའི་བར་སྔོན་ཆད་བཟང་ལ་བརྩི་རྒྱུ་མེད་ན་ངན་ལ་རྩོད་རྒྱུ་མི་འདུག ཏག་ཏག་དབུས་སུ་མཇལ་ཐེངས་དེ་ལས་ཕན་ཚུན་གྱི་ཡོན་ཏན་དང་གཞུང་རྒྱུད་མཐོང་ཞིང་། ལྷག་པར་གཉིས་ཀར་འདྲ་འདྲར་ཡོད་པའི་བོད་ལ་ཨེ་ཕན་གྱི་འདུན་མ་དེ་སེམས་ཐོག་ཉི་ཤར་བཞིན་གཅིག་ཏུ་བྱུང་བས། གཟོད་སུ་གང་ལ་རང་དགར་མི་འདུད་པའི་དགེ་ཆོས་ཀྱིས་ཀྱང་། “དཔལ་མཉམ་མེད་སྣར་ཐང་ཆོས་སྡེ་རུ། །རྗེ་ཀུན་མཁྱེན་མཆོག་སྤྲུལ་དེ་དང་མཇལ། །མི་དམན་ཆུང་གི་སྣང་ཚུལ་མི་འཛིན་པར། །ཐུགས་དགྱེས་པའི་བཀའ་མོལ་ལྷུག་པར་བསྩལ། །”ཅེས་གསུངས་པ་ཡིན་གྱི། དགེ་ཆོས་སྐོར་བཅར་འདྲིའི་ཁྲོད་ཨ་ལགས་ཙ་ཡུས་ཚང་གིས་ཀྱང་། “སྣར་ཐང་ནས་མཇལ་དུས་ཀུན་མཁྱེན་ཚང་གིས་དགེ་ཆོས་ལ། ད་ལམ་ངེད་གཉིས་ཐུག་པ་ཡག་བྱུང་། ང་རང་ལྷ་ས་ནས་སློབ་གཉེར་ཚར་ལ་ཡོད། ཕྱིར་བླ་བྲང་དུ་ལོག་རྗེས་དགོན་པའི་ནང་རྒྱ་ཡིག་དང་། བོད་ཡིག སྒྲ་དབྱངས། ཟློས་གར། རྩིས་རིག་སོགས་བསླབ་སྣ་ཡོད་པའི་དེང་རབས་ཀྱི་སློབ་གྲྭ་ཞིག་འཛུགས་འཆར་ཡོད། ཁྱོད་སྔོན་མ་བླ་བྲང་གི་གྲྭ་བ་རེད། སློབ་གྲྭ་འགྲུབ་ན་ཁྱོད་མར་དགེ་རྒན་དུ་ཕེབས་ན་ཡག་པོ་རེད། ངེད་ཚོའི་སློབ་གྲྭ་དེས་རྗེས་མར་ན་གཞོན་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱ་དགོས་ཞེས་གསུངས་པ་རེད། དགེ་ཆོས་ཀྱང་། དེ་ཡིན་དང་ཡིན། ང་ཡོང་གི་ཡིན། ཞེས་ཁས་བླངས། ཕྱིས་སུ་ཀུན་མཁྱེན་ཚང་གིས་སློབ་གྲྭ་དེ་འདྲ་ཞིག་དངོས་འབྲེལ་བཙུགས་གནང་། འོན་ཀྱང་རྣམ་པ་གཉིས་ཀྱི་ཐུགས་འདུན་སྨིན་ལོང་མ་བྱུང་བར། 1947ལོར་ཀུན་མཁྱེན་ཚང་དགུང་ལོ32སྟེང་དགོངས་པ་རྫོགས། 1951ལོ་སྟེ་དགུང་ལོ48སྟེང་དགེ་ཆོས་དབུས་ནས་སྐུ་གྲོངས(ཡིག་ཟོར་བསྐྱུང་ཕྱིར་ཀློག་བདེར་བཅོས་ཡོད)།” ཞེས་གསུངས་ཡོད། བྱས་ན་དགེ་ཆོས་བཤད་པའི“བཀའ་མོལ”དེའང་གཙོ་བོ་འདི་བསྟན་པ་མིན་མི་སྲིད་སྙམ། འདི་དང་འདྲ་བ་ཧོར་གཙང་འཇིགས་མེད་ཀྱིས་ཀྱང་། “ཀུན་མཁྱེན་ལྔ་བ་དབུས་སུ་ཕེབས་སྐབས་དགེ་ཆོས་དང་མཇལ་འཕྲད་གནང་བར་མ་ཟད། མར་མདོ་སྨད་དུ་མགྱོགས་པོར་ཤོག་ལ་ངའི་སློབ་གྲྭའི་དགེ་རྒན་གྱིས(བྱོས)ཞེས་བཀའ་གནང་བར་དགེ་ཆོས་ཀྱིས་དགའ་སྤྲོའི་ངང་ཁས་ལེན་ཞུས་ཞེས་བླ་བྲང་ཕྱོགས་སུ་གྲགས་པ་བདེན་པར་འདུག” ཅེས་དེབ་ཏུ་འཁོད་ཡོད།
འོན་ཀྱང་ཡིད་ཤིན་ཏུ་ཕངས་པ་ནི། དེ་ལྟའི་ཐུགས་འདུན་གང་ཡག་སྨིན་ལོང་མ་ཕྱིན་པར། བོད་ཀྱི་བུ་ཕོ་གླག་ཕྲུག་འདྲ་དེ་གཉིས་གངས་རིའི་རྨི་ལམ་ཐུན་གཅིག་ལྟར་ཡལ་སོང་བ་རེད།
ཨ་པ་ཨ་བློའི<<ཕྱིར་དྲན>>ནང་འཁོད་པ་ལྟར། ཀུན་མཁྱེན་ལྔ་པ་ཚང་གི་དེ་འབྲེལ་དགོངས་འཆར་རིམ་གྱིས་ལག་བསྟར་བྱས་ཐོག ཀྲུང་ཧྭ་མེན་གོའི་སློབ་གསོ་པུའུ་ཡི་ཆོག་མཆན་ཡང་རག་པ་བརྒྱུད། 1945ལོའི་ཟླ4པར། གྲྭ་བཙུན་ཆེད་ལས་སློབ་གྲྭ་དེ་གཞི་ནས་ཚུགས། གཞུང་གི་འོས་བསྐོའི་ཡི་གེ་དང་བཅས་ཀུན་མཁྱེན་ཚང་རང་གིས་སློབ་གཙོའི་འགན་བཞེས། ད་རུང་ཁོང་གི་བཀའ་ལྟར་བླ་བྲང“ནོར་འཛིན་ཕོ་བྲང”གནས་སྐབས་རིང་སློབ་གྲྭར་བཅོས། དེར་མཐུད་གྲྭ་ཚང་ཡོངས་ནས་གྲྭ་གཞོན་རིག་ཡག་ཆིག་བརྒྱ་ཐམ་པ་བསལ་འདེམས་ཐོག་རིམ་པ་དང་པོའི་འཛིན་གྲྭ་གྲུབ། སློབ་སྟོན་བྱ་བའི་འགན་འཁུར་མཁན་གྱི་མིང་ལ་ཧྭང་མེན་ཞིན་ཏེ་བོད་སྐད་དུ་བསོད་ནམས་རྒྱ་མཚོ་འབོད། དེར་ཡང་། སྐྱེས་ཡུལ་ཧོ་པེ་ཞིང་ཆེན་ཡིན་པ། ཆིན་ཧྭ་སློབ་ཆེན་ནས་སློབ་མཐར་ཕྱིན་པ། སྐབས་དེར་པེ་ཅིན་དཔེ་མཛོད་ཁང་ཆེན་མོར་ཕྱག་ལས་གནང་བཞིན་པ་བཅས། ཁོ་བོས་ཆ་རྐྱེན་འདི་དག་ནས་བརྩམས་ཏེ་དྲྭ་སྟེང་དུ་བཙལ་བར། ངོ་མ་རྙེད་བྱུང་། “黄明信”ཞེས་བྲིས་སྣང་། ཁོང་ཕལ་བའི་སྐྱེ་བོ་ལར་ནས་མ་རེད། ངོ་སྤྲོད་ནང་ཁོང་གིས་བླ་བྲང་ནས་ལོ་ངོ་བརྒྱད་རིང་ནང་ཆོས་ལ་ཞིབ་འཇུག་བྱས་ཤིང་དགེ་བཤེས་ལྷ་རམས་པའི་བསླབ་གནས་བླངས་ཡོད་ཅེས་འཁོད། གུས་པས་ཞུ་འདོད་པ་ནི། མཛངས་མི་བརྟེན་ལུགས་འདི་འདྲ་ནས་ཀྱང་ཀུན་མཁྱེན་ལྔ་པ་ཚང་གི་སྤྱན་རྒྱང་ཅི་བས་རིང་བ་མཐོང་དུ་ཡོད། སློབ་གྲྭའི་བསླབ་སྣར་བོད་རྒྱ་རྩིས་དབྱིན། ཚན་རིག་རྒྱུན་ཤེས། རོལ་དབྱངས་སྒྱུ་རྩལ། སློབ་གསོ། གསོ་རིག་སོགས་འདུ། དེ་མིན། ཀུན་མཁྱེན་ཚང་གིས་ད་རུང་གླིང་སྤྲུལ་སྐུ་ཞུ་བ་དང་མཉམ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་གྱི་འཁྲབ་གཞུང་བརྩམས་ཏེ་སློབ་ཕྲུག་ཚོར་འཁྲབ་ཏུ་བཅུག་པ་རེད། མ་ཟད་དེ་ནས་བཟུང་མདོ་ཁམས་སུ་ཟློས་གར་དེ་འཁྲབ་པའི་སྲོལ་བྱུང་ཟེར། གང་ལྟར་ཀུན་མཁྱེན་ཚང་གིས་ལྷ་སྒྲུང་ལྟ་བུ་མ་ཡིན་པར་སྲིད་སྐྱོང་རྒྱལ་པོ་ཞིག་གི་གཏམ་རྒྱུད་བཤད་པ་འདི་ཁོ་ནར་ཡང་བསམ་བློ་གཏང་རྒྱུ་མེད་པ་མ་རེད་སྙམ། འོན་ཀྱང་ཨ་པ་ཨ་བློའི<<ཕྱིར་དྲན>>ལྟར། ཁ་དབང་བཙན་པའི་དགེ་བཤེས་རྙིང་ཞེན་ཅན་ཚོས་སློབ་གྲྭ་དེའི་སློབ་སྦྱོང་ལ་དྲག་ཏུ་རྒོལ་ཅིང་། ཐ་ན་ལོག་ཆོས་སུ་ཁྱད་གསོད་བྱེད། དེ་དག་ལ་གཡོལ་ཕྱིར་ཀུན་མཁྱེན་ཚང་གིས་སློབ་གྲྭ་དེ“བཀྲ་ཤིས་རབ་བརྟན”ཞེས་པར་གནས་སྤོས་ཐོག་སློབ་ཁྲིད་ཆག་མེད་དུ་བསྐྱངས། ཞོར་ལ་སློབ་ཁང་གསར་པ་ཞིག་བཟོ་རྒྱུར་འཆར་གཞི་བཀྲམ། འོན་ཀྱང་ཡིད་ཤིན་ཏུ་ཕངས་པ་ནི། དེ་ནས་བརྩིས་པའི་ལོ་ངོ་གཉིས་ཀྱི་འཕྲོ་སྟེ1947ལོར། གོང་སྨྲས་བཞིན་དགུང་གྲངས32ཙམ་བཞེས་སྟེང་ཀུན་མཁྱེན་ཚང་གློ་བུར་སྐུ་གྲོངས། སློབ་གྲྭ་དེའང་མ་མེད་དྭ་ཕྲུག་ཁྱུ་གཅིག་ལྟར་རིང་མིན་ཁ་འཐོར།མཚམས་འདིར། དངན་པ་རིང་མོ་ཞིག་དང་བཅས། མཐོ་སྒང་གི་རྒུད་མུན་སེལ་ལ་ཕྱོགས་མྱོང་བའི་མེ་སོན་ཕོན་གཅིག་དེ་ལྟར་ཁུ་སིམ་མེར་གཞིལ་སོང་བར་གཟི་བོར་གནས་མཁན་སྐྱེ་བོ་སུ་མི་སྐྱོ་ཞེས་ཀྱང་སྨྲ་བར་འདོད་དོ། །
༼མུ་འགོད།༽
སྐྱིད་རྟག་ཅེས་པའི་འཕྲིན་སྟེགས་ནས་བླངས།