ཉིན་གསུམ་པ།
ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ4ཞོ་འོང་དཔྱིསནས་བླ་བྲང་། ལམ་ཐག་སྤྱི་ལེ74བགྲོད་ལམ་གཙོ་བོ། G316 ཐུན་ཞ(མཚོ་སྔོན་གྱི་རེབ་གོང་ནས་ཀན་ལྷོའི་བསང་ཆུ་རྫོང)གཞུང་ལམ།བླ་བྲང(བསང་ཆུ་རྫོང) མཚོ་འཕགས། སྨི2876ཟིན་བྲིས——
ཞོགས་པར། ཁལ་བོང་སུམ་ཅུ་ལྷག་ཅིག་འདེད་མཁན་སྐྱེས་མ་བགྲེས་གཞོན་གཉིས་དང་སྐྱ་རྐང་བསྲེས་ཏེ། ཤར་ལྷོའི་མཚམས་ཀྱི་བླ་བྲང་གི་ཕྱོགས་སུ་འགྲོ་བའི་གཞུང་ལམ་ལ་ཞུགས་ཏེ་ཕྱིན། མོ་གཉིས་ཀའི་གདོང་དང་ལག་པ་ནག་ལ་ཧྲགས། ལྷམ་དང་གྱོན་པ་དེ་བས་ངན། སྐད་ཆ་དྲིས་པར་མ་སྨད་གཉིས་སུ་འདུག ཞོ་འོང་གི་འབྲོག་ན་ཡོད་པའི་ནང་མིར་འཚོ་བའི་མཁོ་ཆས་དང་ཟ་མ། དེ་བཞིན་ཕྱུགས་ལ་གཟན་ཆག་སྐྱེལ་མཁན་རེད། ཉིན་གུང་ཕྱི་ཡོལ་ཙམ་ལ་དམིགས་སར་བསླེབ་ཐུབ་ལ། དེ་ནས་ཨོང་བ་དང་རིལ་མ་སོགས་བཀལ་ཏེ་ཕྱིར་ཞོ་འོང་གི་རོང་ལ་ལོག་དགོས་ཟེར། དེ་ལྟའི་ཁ་བརྡ་ཐན་ཐུན་ཁྲོད་ངེད་ཚོ་གནས་སྐབས་ལམ་གྱི་གྲོགས་སུ་ཤར་ཏེ་ལུང་པའི་ཕུ་ལ་འགྲོགས་ནས་ཕྱིན། ས་བབ་ཇེ་མཐོར་སོང་དང་བསྟུན། བྲག་གསེབ་ནགས་ཁྲོད་དག་ནས་ཁངས་སྨུག་དང་སྐྱིན་ཐང་སྐྱ་ལང་ལོང་འཁོར་ཡོང་། ངེད་ཀྱི་ཕ་ཡུལ་ནས་དེ་ལ་ཙག་ལྡོམ་ཟེར། མ་གཟབ་ན་ཏབ་གང་ལའང་འཁེང་ཉེན་ཡོད། ཉག་རྟིང་དེ་གར་ངེད་ཚོས་ཕན་ཚུན་གྱེས་མཇལ་ཞུས་ཏེ་རང་རང་སར་སོང་། མོ་གཉིས་ཀས་གཞུང་ལམ་བཏང་ནས་ཁ་ཤུ་བན་བུན་ཁྲོད་གཡོན་ངོས་རི་ལམ་སྐྱ་བོ་དེར་འཛེག་ཕྱིན་སོང་། ངས་གཞུང་ལམ་གྱི་འགྲམ་དེར་ངལ་གསོ་ཞོར་མོ་གཉིས་ལ་མིག་སྐྱེལ་བྱས། མདོག་ཤོར་བའི་མགོ་དཀྲིས་ལྗང་གུ་ཞིག་དང་གློ་དམར་ཞིག དེ་ལྟར་ཁལ་བོང་ཁྱུ་གཅིག་དང་ལྷན་དུ་རི་དེའུ་སྐྱ་བོ་དེར་ཐིམ་སོང་། ཏག་ཏག་མིག་མཐའ་བརླན་རུབ་བེར་ཡོང་བ་ཞིག་ཡོད། ཁོག་འདར་གཅིག་ནས་ཡར་ལྡང་སྟེ། ཁོ་བོས་མུ་མཐུད་ལྕགས་རྟར་བཞོན་འབབ་རེས་མོས་སྐོར་གྱིན་ཉག་ག་གཟར་མོ་དེར་འཛེག་མགོ་བརྩམས།སོང་གིན་ལྷམ་གྱི་ཁ་གདང་འཁེལ་སའི་རྐང་པའི་ཕྱི་ལྟག་ལ་རྨ་བརྡོལ། ཆུང་ངུའི་དུས་གནག་རྫིར་འགྲོ་སྐབས། སྲུབས་ཀ་མཁྲེགས་མོ་ནང་དུ་ཕྱོགས་པའི་ཀོ་གྱོང་རྐྱང་གི་བོད་ལྷམ་གྱིས་ཀྱང་གླགས་མི་འཁེལ་པའི་རྐང་པ་འདི་གཉིས། ད་ནི་ངན་ལང་ལ་སོང་སྟེ་བྱེ་རློན་བཞིན་གདོས་གདུག་ཏོག་ཙམ་ཡང་མི་ཐེག་པ་འདི་ངན། མཐར་ཐབས་ཟད་དེ་ཡང་བསྐྱར་ལས་བྱ་བརྐུ་འབྲི་བྱས——སྦག་སྦག་བཞོན་མཁན་ཡུལ་མི་ཞིག་གི་འཕོངས་ལ་རྐྱོང་སྐུམ་ནུས་པའི་སྒ་ཐག་བཀལ་ཏེ་ཁིས་ཁར་ཙེན་གྱིས་བུད། བཀའ་དྲིན་ཞུས་ཏེ་དྲིས་པར་ཉག་ཆེན་དེར“ཆག་གོང་བ”འབོད་སྐད། “རྐང་པ་ཆག”བོས་ན་དེ་བས་མི་འཕྲོད་དམ། དེ་ལྟའི་འཁང་ར་དང་བཅས་ཕར་གཞོགས་ཐུར་ལམ་ལ་ཉ་མོ་ལྟར་འཁྱུག་ནས་སོང་། གཞའ་ཚན་འཁྱེར་པའི་རླུང་བུ་རུས་པའི་རྐང་ལ་ལྕག་ཚན་བཞིན་འཁྱུག་ཡོང་།འདི་ཙམ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ནས་ཀན་སུའུ་ཞིང་ཆེན་གྱི་ས་ཁོངས་ལ་བརྒལ་པ་རེད། ལམ་སྐབས་སུ་རི་སྡིངས་ཤིག་ན་སེར་ཀྱམ་མེར་ཡོད་པའི་མགར་རྩེ་དགོན་དུ་ཕྱིན། ཁ་ལག་བསྲོས། ཁོང་རྣམ་པས་ལྟོ་ཡང་གང་ལེགས་སྦྱར། དགོན་འདིའི་མིང་ཆ་ཚང་ལ་མགར་རྩེ་གྱ་ས་དགོན་ཐུབ་བསྟན་ཆོས་འཁོར་གླིང་ཞུ། སྔོན་ཆད་དུས་དབང་སྣ་ཚོགས་ཀྱི་རྐྱེན་གྱིས་ཐེངས་འགར་དགོན་ས་བརྗེས་མྱོང་ཟེར། དུས་རབས18པའི་སྟོད་ཀྱི་ཆར། མགར་རྩེ་བླ་མ་སྐུ་ཕྲེང་གསུམ་པ་ཁྲི་རྒན་མཁས་མཆོག་རྒྱ་མཚོས་ད་ལྟའི་ཆགས་ཡུལ་རོང་ཅོང་མདོ་འདིར་དགོན་པ་གསར་དུ་བཏབ་པ་རེད། འོན་ཀྱང་སྐུ་ཕྲེང་བཞི་པའི་སྐབས་འཆད་ཉན་གྱི་རྒྱུན་ཡང་ཆད་དེ་དགོན་པ་ཉམས་མགོ་བརྩམས། ཕྱིས1770ལོར། བསེ་ཁྲི་རྒན་ཚང་གིས་བསྐྱངས་ཏེ་དགོན་པ་ཧ་ཅང་དར་ཟེར། འོན་ཀྱང་དུས་འགྱུར་ཁྲོད། མཆོད་ཁང་འགའ་ཞིག་མགར་རྩེ་ཀུང་ཧྲེའི་ལས་བྱེད་གཞུང་ལས་ཁང་དུ་སྤྱད་པ་ཕུད་བྱིངས་རྣམས་ཡོངས་སུ་འཇིག ལོ་རབས་བརྒྱད་ཅུའི་བསྟན་པ་ཡང་དར་སྐབས་སླར་གསོས། བུ་དགོན་ཁྲོད་དགེ་ཆོས་བཞུགས་མྱོང་གཡའ་མ་བཀྲ་ཤིས་འཁྱིལ་དང་། ཤེལ་དགོན། ལུག་ར་སྒར་གསར། སྒེའུ་སྟེང་དགོན་སོགས་འདྲེན། ལྷ་སྡེ་ལ་ཨ་བུར། ཐེ་བུ། ཚོ་འདུ་བྱང་ཆུབ། མྱང་དར། ཞོ་འོང་བཅས་རོང་འབྲོག་ཚོ་ལྔ་བརྩི་སྲོལ་ཆེ། མགར་རྩེ་ཆེ་བ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་པ་རྒྱ་མཚོ་དང་། ཆུང་བ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་རྒྱ་མཚོ་རྣམ་གཉིས་རྒྱུན་པར་གདན་སར་བཞུགས། གུས་པ་མཇལ་ཡུལ་དེ་སྐུ་ཆུང་ཚང་ཡིན་ཚོད། གང་ལྟར་མཇལ་རྟེན་དུ་སྒོར20བཏེགས་པར་ཁ་གཡང་དང་བཅས་ཕྱིར་སྒོར200ལམ་རྫོང་དུ་གནང་སོང་། ཅུང་ཙམ་ངོ་ཚ་བ་བྱུང་།བླ་སློབ་རྣམས་ལ་བཀའ་དྲིན་ཞུས་ཏེ་ཆར་སྨུག་ཁྲོད་ཡང་བསྐྱར་ལམ་དུ་ཆས། ཉག་ཆེན་ཞིག་གིས་དེ་ཙམ་མི་སྤྲོ་བའི་ཀུ་རེ་རྩེ་འདོད་དང་བཅས་མདུན་ཐད་དེར་ཁ་ཚུར་འཁོར་ཏེ་འགྱིང་། ཡང་སྦག་སྦག་བཞོན་མཁན་ཁྱོ་ཤུག་གཉིས་ཀྱི་འཕོངས་ལ་སྔོན་མ་ནང་བཞིན་འཇུས་ཏེ་བདེ་ལྕག་ཁྱུག་གེར་ཁིས་ཁར་ཐར། ངོ་ཚ་རྒྱུ་ཇེ་ཆུང་ནས་ཇེ་ཆུང་རེད། དེ་གར་མཚོ་འཕགས་སྨི3600ལ་སོན། ངེད་ཀྱི་ཕ་ས་བེའུ་ཧ་གཞུང་ལས་སྨི200ཙམ་གྱིས་མཐོ་བར་སྣང་། མིང་ལ་དགོན་སྣ་ལ་ཁ་འབོད།དགོན་སྣ་ལ་ཁ་ནས་མར་བབས་ན། དགེ་ཆོས<<གསེར་ཐང>>ནང་། “ཁ་རྒྱ་རྒན་རྒྱའི་བར་ནི་རིང་བ་སྟེ། །”ཞེས་པའི་ནང་གི་མདོ་སྨད་རྒན་རྒྱའི་ས་ཆར་སླེབས་པ་རེད། ཁོང་གནས་འདི་ལ་བག་ཆགས་མི་སྲབ་ཚོད། སིངྒལའི་ནེེབརེལིཡ་བྱ་བའི་ཡུལ་དེར་འབྱོར་མཚམས་ཡང་ཁོང་གིས“དེའི་ཤར་ངོས་ཕར་ལ་སྤང་གི་རི་ལྗོངས་ཆེན་པོ་རྒན་རྒྱའི་གཞུང་དྲན་བཟོད་པ་ཙམ་ཡོད”ཅེས་བྲིས་སྣང་། འོན་ཀྱང་གུས་པ་འགྲོ་དུས་སོས་མགོ་ཡིན་པས་རི་ལྗོངས་མཐོང་ཚད་སྐྱ་ཐ་ལེར་སྐྱིད་སྣང་ཆེར་མི་སྟེར། ཀུན་པོར་རྣ་འཇགས་སུ་སོང་བའི“ཁ་གྱ་ཚོ་དྲུག”ནང་རྒན་གྱའང་འདུ། “གྱ”ནི་བོད་བཙན་པོའི་དུས་ཀྱི་དམག་རུའི་སྡེ་ཚན་གྱི་མིང་ཞིག་ཡིན་པར་ཡང་བཤད། ཀུན་མཁྱེན་སྐུ་ཕྲེང་དང་པོས་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་དུས། བྲག་དགོན་པས་གསུངས་པ་ལྟར། གོང་གསལ་ཚོ་པ་གཉིས་ཀྱི་སྟེང་རྐང་ཚ(ད་ནའི་དང་མཛོད་དགེའི་རྐང་ཚ་གཉིས་ཀ་གཅིག་ཏུ་བརྩིས་ཡོད་ཚོད)། གཙོས། ཙ་ཡུས། གནམ་ལྷ་བཅས་བརྩིས་པའི་ཁ་གྱ་ཚོ་དྲུག་གིས་དགོན་ས་དང་ཤིང་ཆ་ཕུལ་ཟེར། སྐབས་དེའི་ཁ་གྱ་ཚོ་དྲུག་གི་མངའ་ཁོངས་བཤད་ན། ལྷོ་རུ་བ་ཙེའི་བར(甘南临潭)དང་། ནུབ་ཏུ་ཡ་རྫིའི(青海循化)བར། བྱང་ལ་ཀ་ཆུའི(临夏)བར་བཅས། ནར་ཟླུམ་དབྱིབས་ལ་ས་ཁེབས་ཧ་ལམ་ཐེ་ཝན་གླིང་ཕྲན་ཙམ་ཞིག་ལ་ཡོང་། ནང་གསེས་རྒན་གྱར་ཡང་བིའུ་ཙུག་བདུན་ནམ་རྒན་གྱ་ཚོ་དྲུག་བརྩི་རྒྱུ་འདུག དེའི་རིང་། ལུང་པ་འདིར་རྒན་གྱའི་བླ་མ་དཀར་དཀར་དང་རྒན་གྱའི་དཔོན་པོ་དམར་དམར་སོགས་སྐད་གྲགས་རྒྱ་བོད་ཧོར་ལ་ཆོད་པའི་མི་སྣ་མཚར་མོ་ཆེ་མི་ཉུང་བ་བྱུང་ཡོད་མོད་འཕྲོས་ཐལ་ཆེ་བས་བྲིར་མ་བཟོད།རྒན་གྱ་ཡུལ་ཚོ་ནས་གུང་ཇ་འཐུང་ཞིང་ངལ་བསོས་རྗེས། འཆར་གཞི་ལྟར། ཁ་ལྷོ་ལ་བལྟས་ཏེ། སྐབས་དེར་བཤིག་སྟེ་སླར་བཟོས་མེད་པའི་གཞུང་ལམ་འདེད་ཀྱིན་འདར་ར་ར་ལམ་དུ་ཆས། དལ་དྲགས་ཏེ་རི་ནས་ལུས་རྒྱུ་རེད་སྙམ་ན་ཡི་མུག་པ་ཞིག་ཡོང་། བླ་བྲང་སྐད་པ་ད་རུང་གང་གི་གང་ཚོད་ཅིག་རེད། གནམ་རྒན་མ། བར་ཞིག་རླངས་འཁོར་དཀར་ཆུང་ཞིག་འཁྲིས་ནས་ཏན་སེར་བསྡད་པ་ལས་གྲྭ་བ་གཟུགས་རིང་སྟོབས་པོ་ཆེ་གཉིས་ཀྱིས་ཁ་བཏགས་འདོམ་འཇལ་མ་རེ་བཟུང་ནས་འཛུམ་དམུལ་དམུལ་ཚུར་ཕེབས་བྱུང་། གཞན་གྱི་སྐད་འཕྲིན་ནས་མཐོང་ཡོད། ཉིད་ཀྱི་སྤོབས་པ་ལ་ཡི་རང་ཞེས་ཁོང་རྣམ་པ་གཉིས་ཀྱིས་ཐུགས་དགའ་དགའ་གནང་བྱུང་། ངེད་ཚོས་རྡུལ་དམར་གནམ་དཀྲུག་གི་རླུང་ཆེན་དེའི་གསེབ་ནས་མཉམ་པར་ཞིག་བསྐྱོན་རྗེས་ཕན་ཚུན་ཁ་གཡང་བོས་ཏེ་སོང་། ལམ་ངོས་སྔར་ལྟར་ཁམ་ཁུམ་རང་རོང་དུ་ཡོད་མོད། རྒྱུ་མཚན་མེད་པར་ཞེ་བློ་ཇེ་བཀན་ལ་སོང་འདུགརྒན་གྱ་གོང་མར་མ་བསླེབ་ཙམ་ལ་གནམ་ངོ་ཡོངས་སུ་རུབ་སྟེ་ས་མདོག་ནག་རོག་གེར་ཆགས། ལུང་པ་དེའི་འབྲོག་མོ་ཕལ་གྱིས་བོད་ལྭའི་སྟེང་པང་ཁེབས་སྔོན་པོ་རྒྱག དེའི་གོང་ཆབ་མ་ཞེས་སྐེད་ཆིངས་དངུལ་གྱི་གཟེར་བུ་ཅན་ཕྲའུ་ཞིག་བསྣར། རྡེའུ་ཧྲུག་ཐོར་ཐོར་བྱེ་ཟེགས་ཕྱུར་ཕྱུར་ལམ་གོག་དེ་འདེད་ཀྱིན་དཀའ་ཚེགས་ངང་སྔོན་དུ་སྐྱོད་སྐབས། རྒྱུག་ཆུ་ནག་པོ་ཞིག་གི་གླེ་བར་སྤང་ངོགས་དེར། དེ་ལྟའི་ཆས་ཅན་འབྲོག་མོ་ཞིག་གིས་སྒྱེའུ་ཞིག་མཆན་ཞབས་འཚིར་ཏེ་ལུག་ལ་གཟས་ཆས་སྟོར་གྱིན་པ་དང་ཕྲད། ཕྱོགས་དེའི་ལུག་ཡོངས་སུ་བོད་ལུག་ལས་དངུར་རྭའི་ལུག་རྒྱུད་ལ་ཡོད། ཤ་ཁོག་ཆེ་གྲས་ལ་རྒྱ་མ90ཡོང་བར་བཤད། ངེད་ཀྱི་ཕ་ཡུལ་མཚོ་སྔོན་པོའི་ལུག་ནི་བོད་ལུག་ལས་མདོ་ལའི་ལུག་རྒྱུད་རེད། ཡང་དེ་གཙོ་བོར་མིང་དུ་གྲགས་སྤྱད་ནི། ཨ་ལོང་སྟོང་འཁྱིལ་ཅན་གྱི་ཚ་རུ་དེས་རེད། སྔོན་ཆད་མཱ་ཚང་གིས་མཚོ་སྔོན་ལ་མི་ལོ་བཞི་བཅུར་དབང་སྒྱུར་སྐབས། རྒན་པ་ཚོས་འབྲོག་ནས་དེ་ལྟའི་ཚར་ཁྲལ་བསྡུས་པ་རྩིས་ཀྱིས་མི་དཔོག་ཅེས་མགོ་འདར་བར་བྱེད། དེ་མིན། མ་ཤེས་པ་མ་གཏོགས། རྒན་གྱ་ཐང་འདི། མཱ་ཚང་གིས་མཚོ་སྔོན་དང་ཀན་ལྷོ་ལ་དབང་སྒྱུར་སྐབས། ཧ་ལམ་དུས་རབས་ཕྱེད་ཅིག་རིང་། ཧེ་དམག་དང་བོད་དམག་ལག་ཐུག་ས་དམར་པོ་ཁྲག་གི་གཞུང་ཆེན་ཞིག་ཏུ་འདུག དེའི་སྐོར་ཟིན་བྲིས་རྗེས་མར་བྲི་འཆར་ཡིན་པས་འདིར་མི་སྤྲོ།ཆུ་ཕྲན་ཕར་ཁའི་འབྲོག་མོར་སྐད་བཏང་སྟེ། བླ་བྲང་ལ་འགྲོ་ན་ལ་མཐོན་པོ་ཡོད་མིན་དྲིས་པར། མོས་གཟན་ཆས་ཀྱི་སྒྱེའུ་ཐང་ལ་བཞག་སྟེ་ལག་པ་གཡུག་གིན། འོ། ཡོད་ནི་རེད། ན་རིང་ལ་ཟེར་བའི་རི་རྒྱུད་དེ་ཡོད་ནི་རེད། ད་ས་རུབ་ཐལ། ཁྱོད་བསླེབ་ཐུབ་རྒྱུ་མ་རེད། གནས་ཚང་ཞིག་གཡར་ཏེ་བསྡད་ན་རེད་ཟེར། སྐད་ཆ་དེ་ཐོས་འཕྲལ་ཁོ་བོའི་ཁོག་པའི་ནང་ནས་ཅི་ཞིག་མར་ལ་ལྗིད་ཀྱིས་དཔྱངས་སོང་། འོན་ཀྱང་དཔའ་མདོག་མ་ཤོར་བའི་ངང་མོ་དང་གྱེས་མཇལ་ཞུས་ཏེ་ཡང་འདར་ར་ར་སྔུན་ལ་བུད་སོང་། རི་དེའུ་ནར་མོ་དེའི་ཕར་རྒྱབ་ལ་སླེབས་མཚམས་གྱོ་མོ་འདྲུད་མཁན་རླངས་འཁོར་ཞིག་རྒྱབ་ནས་འཇུར་བྱུང་། བཀག་སྟེ་རྒྱབ་གཞོང་ལ་བསྡད་དེ་ན་རིང་ངམ། ལ་ལས་རྣ་རིང་འབོད་པའི་རི་རྒྱུད་དེའི་ཁིས་ཁར་བུད། ཁིས་ཁ་ནས་སླར་ས་ལ་བབས་ཏེ་ཐུར་ལམ་གྲུ་གུ་བཞིན་སྒྲིལ་ཏེ་སོང་།རྒྱང་མིག་མ་ཆད་སྔོན་བླ་བྲང་དུ་སླེབས།
ཨ་རིའི་མྱི་དཀར་ཞིག་གིས་མཐོང་བའི་བོད་ཀྱི་མཁའ་འགྲོ་མའི་ལུས་སྦྱིན།
ལྟ་ཡང་ཅི་སྨོས། རྒན་གྱའི་ཡུལ་ལ་གྲགས་ཆེ་བའི་ལོ་རྒྱུས་མི་སྣ་ལ་གུང་རུ་མཁའ་འགྲོ་མ་ལས་སུ་ཞིག་མཆིས། དེ་བཞིན་གནས་ལ་གྲགས་ཆེ་བར་ཡང་མཁའ་འགྲོ་མ་དེའི་སྐྱེ་བ་ཡང་རྒྱུད་ཀྱི་གདན་ས་རྒན་གྱའི་བྲག་དཀར་རམ་བྲག་དཀར་དགོན་པའོ། །“ཨ་མདོའི་འདུ་ཁང་ཀ་མེད”དུ་བསྔགས་པའི་གནས་མཆོག་འདི་རྒན་གྱ་གྲོང་རྡལ་གྱི་བྱང་ཤར་ངོས་སྤྱི་ལེ་བཅུ་གཅིག་གི་མཚམས་ན་མཆིས། མཐོང་མ་ཉིད་ལྷོ་ཨ་རིའི་དབྱིན་ཇ་བཙན་རྒྱལ་ཆགས་ཡུལ་མཱ་ཁྲུ་ཕུ་ཁྲུ(Machu Picchu)ཡིད་ངོར་འཆར་བཟོད་པ་ཞིག་ཡོད།ཡང་རེབ་འདིའི་འགྲུལ་བཞུད་ཁྲོད། དུས་ཚོད་དང་སྟོང་ཁམས་ལ་ལྟེབ་རྩེག་བརྒྱབ་སྟེ། གུས་པ་བོད་ཀྱི་མཁའ་འགྲོ་མ་གཉིས་དང་ཡང་མཇལ། དེ་ལས་གཅིག་ནི་དབུས་ཀྱི་བསམ་སྡིངས་རྡོ་རྗེ་ཕག་མོ་ཡིན། དེ་སྣ་དཀར་རྩེའི་སྐབས་སུ་འཆད་པར་བྱ། ཅིག་ཤས་ནི་ད་ལྟའི་གླེང་གཞི་གུང་རུ་མཁའ་འགྲོ་མ་ཡིན། དོན་ལ་གུང་རུ་ནི་ཁམས་ལྷོ་རོང་དང་མདོ་སོག་གི་ཡུལ་སྤྱིའི་མིང་ཡིན་པར་བཤད། མཁའ་འགྲོ་མ་འདིའི་སྐུ་ཕྲེང་དང་པོ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་ཞུ་བ། དུས་རབས17པའི་ནང་ལུང་པ་དེར་འཁྲུངས་པས་སྐུ་ཕྲེང་རིམ་པའི་མཚན་གྱི་ཐོག་མར“གུང་རུ”ཞེས་པའི་བརྡ་ཆད་འདི་བྱུང་བ་རེད། <<མདོ་སྨད་ཆོས་འབྱུང>>དུ། སྐུ་ཕྲེང་འདི། “རྫུ་འཕྲུལ་དང་མངོན་ཤེས་ཐོགས་པ་མེད་པའི་གྲུབ་ཐོབ་ཚད་ལྡན་དུ་རྗེ་སྐལ་ལྡན་རྒྱ་མཚོས་གསུངས།” ཞེས་འཁོད། བདེན་པར་འཛིན་མིན་སོ་སོའི་བློ་ཁ་ལྟར་གྱིས། སྐུ་ཕྲེང་གཉིས་པ་དང་བཞི་པ་རྒན་གྱ་རུ་འཁྲུངས། སྐུ་ཕྲེང་ལྔ་པ་དཀོན་མཆོག་བསྟན་པའི་དབང་མོ་ནི། 1892ལོར། རྡོ་སྦིས་ལྕང་ཤར་དུ་འཁྲུངས། ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་བཞི་པས་གུང་རུ་ཚང་གི་ཡང་སྲིད་དུ་ངོས་འཛིན་གནང་བ་རེད། ཟིན་བྲིས་འདིའི་ཁ་བྱང་ཁྲོད་ཀྱི་མཁའ་འགྲོ་མ་སྐུ་ཕྲེང་འདི་པ་ཚང་ཡིན།དེར་ཡང་། ཨ་རིའི་ཉུག་ཡོག་ཚགས་པར་གྱི་གསར་འགོད་པའམ། མིང་དུ་གྲགས་པའི་མྱུལ་དཔྱོད་པ་ཧ་རེ་སན.ཧྥོར་མན(1904~1978Harrison Forman)1933ལོར་བླ་བྲང་དུ་སླེབས་སྐབས། དགུང་ལོ40ལྷག་ཙམ་ལ་སོན་པའི་མཁའ་འགྲོ་མ་འདི་པ་ཚང་ལ་བཅར་འདྲིའི་ཕྱིར་རྒན་གྱ་བྲག་དཀར་དགོན་དུ་སླེབས་ཡོད། མ་ཟད་མཐོང་སྣང་ཡ་མཚན་ཞིག་བྱུང་ཡོད་པ་ཁོའི་ཟིན་བྲིས་རྒྱ་འགྱུར་མ་ནས་རྙེད་པ་ཀློག་བདེའི་ཕྱིར་ཅུང་ཟད་བཅོས་ཏེ་འདིར་བཀོད་པ་ཡིན།“……ངའི་རེ་བ་བཏོན་པ་ལྟར། མཁའ་འགྲོ་མ་ངེད་གཉིས་ཀྱིས་ལག་ཏུ་དཔལ་འབར་རེ་ཐོགས་ནས་གྱ་གྱོག་ག་གུག་མང་བའི་བྲག་དཀར་མཚམས་ཁང་གི་གཏིང་སར་ཕྱིན་པ་ཡིན། རིམ་བཞིན་རྡོག་སྒྲ་བྲག་ཅར་འཁོར་གྱིན་ཡོང་། མུན་པ་ཇེ་སྟུག་ལ་སོང་སྟེ་མིའི་སེམས་ལ་སྔངས་སྐྲག་སྟེར། གློ་བུར་དུ། ཨག་སྐད་དང་རྡེབ་སྒྲ་དྲག་པོའི་ཁྲོད། འཚུབ་མ་ནག་པོ་ཞིག་ལྟར། ངེད་གཉིས་ཀྱི་མགོ་ཐོག་ཏུ་ཕ་ཝང་ཁྱུ་གཅིག་ལྡིང་བྱུང་། མཚམས་དེར། ངའི་སྔུན་གྱི་མཁའ་འགྲོ་མས་འགྲོ་མཚམས་བཞག་སྟེ་ཁ་ཕྱིར་འཁོར་བྱུང་། མ་ཟད། ལག་པ་ཡ་གཅིག་གིས་དཔལ་འབར་མཐོ་རུ་བཏེགས་ཤིང་། ལག་པ་ཡ་གཅིག་གིས་ལུས་ཀྱི་ཆས་དང་གོས་དག་རེ་རེ་བཞིན་བཀྲོལ་སོང་། ལང་ཚོས་བཏང་བ་མེད་པའི་ཤ་རྗེན་གྱི་གཟུགས་པོ་དེ་འབུར་ཀོང་དོད་པོར། མེ་ཀི་ལེང་ཇེ་ལོ(Michelangelo)ཡི་ཕྱག་ནས་ཐོན་པའི་རྡོ་ཀ་མ་རིའི་འབག་བཟོ་ཞིག་དང་དབྱེར་མ་མཆིས། ཏན་ཏན་སྐྱེས་པར་འདོད་སྲེད་སློང་བ་ཞིག་ཡོད། སྐབས་དེར་མོས་མིག་ཟུང་བར་སྣང་དུ་བགྲད་ཅིང་ངག་ཐུན་སྐྱོར། ཕ་ཝང་དེ་ཚོ་ལས་སྐོར་ཞིག་ཇེ་དམར་བབས་ཡོང་སྟེ་མོའི་ལུས་ལ་གཤོག་པས་བྱིལ་བྱིལ་འདྲ་ཞིག་གཏོང་བཞིན་ཡང་བསྐྱར་བར་སྣང་ལ་འཕུར་བར་བྱེད། མཚམས་ཤིག ཨ་ཁ་ཁ། མོའི་ལུས་ཡོངས་ལ་ཕ་ཝང་བབས་ཏེ་ནག་ཟེལ་ཟེལ་བྱེད། དེ་ཚོས་རེས་མོས་སྐོར་གྱིན། སྟེང་འོག་བརྗེ་བཞིན། མོའི་ལུས་ལ་སོ་བརྒྱབ་སྟེ་རྨ་ཁ་བཟོས་པ་ལས་ཤ་ཁྲག་ལ་རྔམ་སྟབས་ཀྱིས་རོལ། མོའི་ལུས་ཡོངས་ནས་ཁྲག་དམར་ཤམ་ཤམ་ཆིལ་ཆིལ་དུ་བཞུར་གྱིན་འདུག ཅི་ཡིན་འདི་ཡིན་མེད་པར། ངས་སྐགས་ནས་དཀྲུམ་མདའ་ཕྱུང་སྟེ་བར་སྣང་ན་འཚུབ་འཁོར་རྒྱག་པའི་ཕ་ཝང་གི་ནང་དུ་མདེའུ་བརྒྱབ་པ་ཡིན། ཕ་ཝང་གི་བེམ་པོ་ཁ་ཤས་མར་བྲག་ཕུག་གི་རྡོ་གཅལ་སྟེང་ཟགས་བྱུང་། བར་དེར་ངའི་རྣ་ལམ་མམ། ཡང་ན་སེམས་ནང་དུ་བུད་མེད་ཅིག་གིས། “རྒྱོབ་དང་། གྲོགས་པོ། ད་རུང་མེ་མདས་རྒྱོབ་ཡ”ཞེས་པའི་སྐད་སྒྲ་ཞིག་ཐོས་པའམ། ཡང་ན་ཚོར་བྱུང་། འོན་ཀྱང་མདེའུ་བསྟར་པ་གང་པོ་བརྒྱབ་ཚར་ཟིན་པས་ང་ལ་བྱ་ཐབས་ཅི་ཡང་མ་བྱུང་། སྐབས་དེར་ང་ལྷག་པར་རང་གི་མིག་ལའང་ཡིད་མི་ཆེས་པར་གྱུར། གཅལ་གྱི་བེམ་པོ་ནག་ཆུང་དེ་ཚོ་རང་རང་གི་ཁྲག་ཁུའི་ནང་ནས་ཡར་ལྡང་སྟེ། ལྡེམ་ལྡེམ་ལྡེམ། ཡང་བསྐྱར་བར་སྣང་དུ་འཕུར་སོང་། དེ་ཚོར་སླར་ཡང་གསོན་དབུགས་རྒྱས་འདུག རིམ་བཞིན། མཁའ་འགྲོ་མའི་ཤ་ཁྲག་ལ་རོལ་མཁན་མཇུག་མཐའི་ཕ་ཝང་དེ་དག་ཀྱང་ངེད་གཉིས་ཀྱི་མགོ་ཐོག་ན་ཨ་ལོང་དབྱིབས་སུ་གཡས་བསྐོར་སྒོས་འཕུར་ལྡིང་བྱེད་པའི་འཚུབ་མ་ནག་པོ་དེའི་ནང་ཞུགས་སོང་། དཔལ་འབར་གྱི་འོད་སྣང་ཁྲོད། མིག་འཕྲུལ་ཇི་བཞིན། མཁའ་འགྲོ་མའི་ལུས་ཡོངས་ཀྱི་རྨ་ཁ་སོས་མགོ་བརྩམས། རིང་མིན་ལུས་ཡོངས་སྔར་ལྟར་སོར་དུ་ཆུད། དེར་མོས་ཚམ་ཚོམ་མེད་པར་ཆས་དང་གོས་སླར་ལུས་ལ་བགོས། དེ་ལྟར་ངེད་གཉིས་ཕྱིར་དོང་ཁར་ཐོན་ཏེ་བལྟས་དུས། ངའི་དཀྲུམ་མདའི་ནང་གི་མདེའུ་ཁ་ཚང་དུ་འདུག གཅིག་གིས་ཀྱང་ཉུང་བ་མེད……”འདི་ལྟའི་ཟིན་བྲིས་ཕུད། ཧྥོར་མན་གྱིས་མཁའ་འགྲོ་མར་འདྲ་པར་ཡང་མང་པོ་བསྐྱོན་འདུག འོན་ཀྱང་ཕྱི་ལོ་སྟེ1934ལོར་མོ་ཚང་སྐུ་གྲོངས་སོང་བ་རེད། སྐུ་ཕྲེང་དྲུག་པ1936ལོར་རེབ་གོང་རྒྱལ་བོར་འཁྲུངས། མཚན་ལ་སྐལ་བཟང་དམ་ཆོས་སྒྲོལ་མ་ཞུ། 1961ལོར། དུས་ཀྱི་འགྱུར་བ་དང་ལེན་སྒོས་ནུབ་བྱང་མི་རིགས་སློབ་ཆེན་འགྲིམ། ལོ་གཉིས་ཀྱི་རྗེས་ཀན་སུའུ་ཞིང་ཆེན་གུང་གཞོན་ཚོགས་པའི་ཨུ་ཡོན་ལའང་བདམས། འོན་ཀྱང་རིང་མིན་བྱུང་བའི“དུས་འགྱུར”ཁྲོད་བསམ་བློའི་ངན་ཤན་སྦྱང་ཕྱིར་ཡིན་ཞེས་ངལ་རྩོལ་ལའང་མངགས། རྣམ་པ་སླར་ལྷོད་ལ་འཁོར་རྗེས། ཁོང་མོས་རྒན་གྱ་སློབ་གྲྭའི་སློབ་གཙོའི་འགན་ཁུར། རིམ་གྱིས་སླར་གདན་ས་བྲག་དཀར་བསྐྱངས། ཕྱི་ལོ2012ཏེ་དགུང་གྲངས76སྟེང་དགོངས་པ་རྫོགས། སྐུ་ཕྲེང7པ་འཁྲུངས་ཡོད་མིན་གུས་པས་རྩད་བཅད་པ་མེད།༼མུ་འགོད།༽