མི་ལ་ཙི་ཙི།|ཆོལ་གསུམ་ལམ་ཡིག །སྟོད་ཆ།༼༤༽

 ཉིན་གཉིས་པ།

ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ3
གཅན་ཚ་མར་ཁུ་ཐང་ནས་རེབ་གོང་ཞོ་འོང་དཔྱིས། ལམ་ཐག་སྤྱི་ལེ60
བགྲོད་ལམ་གཙོ་བོ། G213 ཞོན་ཐུན་གཞུང་ལམ། G316
རེབ་གོང་ཞོ་འོང་དཔྱིས། མཚོ་འཕགས། 2488གཅན་ཚའི་རྫོང་མཁར་འཆགས་ཡུལ་མར་ཁུ་ཐང་གི་མཚོ་འཕགས།

ཟིན་བྲིས——

དྲུག་པ།  མི་ལོ་སུམ་བརྒྱ་ཕྱིན་པའི་གནའ་བོའི་གཞི་མ་དེ།

ནངས་ཇ་ཟིན་རྗེས། ཤྭ་བོ་རྡོ་རྗེའི་རོགས་རམ་འོག ཨ་ཁུ་གཡུང་དྲུང་རྒྱལ་གྱི་བུ་སྟག་ལྷ་འབུམ་དང་འབྲེལ་བ་བྱེད་ཐུབ་པ་བྱུང་། བོད་མགོ་ནག་སྤྱིའི་ལས་དབང་གི་བར་སྣང་མི་ཁེབས་པའང་མེད་པའི་གཞི་མ་དེར་དངོས་སུ་མཇལ་རྒྱུ་བྱུང་བར་ཇི་འདྲའི་དགའ་བ་ལ།

འདི་ཙམ་ལ། དཔེ་ཀློག་ལ་ཅུང་ཟད་མྱོང་གོམས་ཡོད་མཁན་ཞིག་ཡིན་ཕྱིན། འུ་ཚོ་རང་གིས་ས་ལ་བརྡབས་ཏེ་ཧྲུག་བཅག་བཟོས་པའི་བེེཌཱུརྱའི་བུམ་པ་དེ་དྲན་ཡོང་ངེས—དགེ་འདུན་ཆོས་འཕེལ།

སྤྱིའི་ས་ཁེབས་ན་སྨི་ཁ་གང་མ475ལ་ཁྱོན་ཁང་མིག21ཅན་གྱི་གཞི་མ་འདི། དེ་རིང་བལྟས་ན་ཞན་ཙམ་དུ་སྣང་མོད་ཀྱང་། དུས་རབས19པའི་དཀྱིལ་ཙམ་གྱི་བོད་སྤྱི་ཚོགས་གནས་བབ་ཁྲོད་བཅུག་སྟེ་བསམས་ན། འཁོས་ཀ་རྒྱས་ཚད་དངོས་འབྲེལ་ཧ་ལས་དགོས་པའི་ཚོད་ཅིག་མིན་མི་སྲིད། མཆིལ་བ་ཞིག་ཡིན་ཚེ། བྱ་འདབ་འཕྱོར་མོ་འདིའི་འོག་ཚང་མལ་བདེ་མོ་ཞིག་བཅའ་སྲིད་མོད། ཁྱུང་ཆེན་ཞིག་ཡིན་སོང་བས། དགེ་ཆོས་ཚང་གིས་རིམ་གྱིས་བར་སྣང་བསྟད་སོང་བ་རེད། བར་སྣང་སྟོད་ཀྱིན་བེམ་གོག་འདྲ་བའི་བོད་པའི་འཇིག་རྟེན་དེའི་ནང་རོལ་གྱི་ནད་རོ་མཐོང་སོང་བ་རེད། དེ་ལ་འཆི་གསོས་ཀྱི་རིལ་བུ་ཞིག་ཀྱང་ཕབ་ཨེ་ཐུབ་ལ་ཚོད་ལྟ་བྱས་སོང་བ་རེད། འོན་ཀྱང་རླབས་ཆེ་བའི་ཚོད་ལྟ་དེས་མི་ཚེ་རྩམ་ཁུག་འབའ་ཞིག་ལ་བྲེས་ཡོད་པ་དེ་ཚོའི་ཁེ་ཕན་ལ་དོ་ཕོག་ཐེབས་སོང་བས། མཐའ་མཇུག་ཨ་དཀར་རུས་པའི་མཉེས་གཤིན་དེ་རྡོ་དང་ལྕགས་ཀྱིས་བརྡུངས་ནས་ས་མཐོའི་རླུང་ནང་སྤུར་སོང་བ་རེད།

གང་ལྟར། གུས་པ་ལྟ་བུར་མཚོན་ན། ཤོམ་ར་ཆེ་བའི་ལྷ་སའི་བར་སྐོར་བྱང་ངོས་ཀྱི་དྲན་གསོ་ཁང་དེ་ལ་བལྟས་ནའང་། ལོ་ཟླའི་ཁ་ཆར་གྱིས་སྐྱ་རྦབ་ལ་བཏང་ཡོད་པའི་གཞི་མ་འདི་ནས། ཏག་ཏག་བོད་ཡུལ་ལུང་པ་གསེར་དུ་བརྗེས་རུང་བླུ་ཐབས་གཏན་མེད་ཀྱི་མི་ཕོ་དེར་བློ་བག་བརྡལ་ཏེ་དྲན་གསོ་ཞུ་ཐུབ་པ་ཞིག་ཡོང་།

“ངའི་ཕ་གཡུང་དྲུང་རྒྱལ་གྱི་ཨ་མ་སྟེ་དགེ་འདུན་ཆོས་འཕེལ་གྱི་ཚ་མོ་དེ། ང་ལོ་བདུན་བརྒྱད་ཅིག་ཡིན་དུས་ལོག(འདས)ཐལ། དེ་ངའི་ཡིད་ལ་རབ་རིབ་ཅིག་དྲན་ཐུབ། འདི་ད་ཁོང་ཚང་གི་ཁང་པ་ངོ་མ་བོ་རེད། ཐིགས་ཆུ་ཟགས་ཏེ་ཀླད་ཤིང་གི་སྟེང་འགྱིག་ཤོག་ཅིག་བཏིང་བ་མ་གཏོགས། ཅི་ཡང་བསྣོག་ཡོད་པ་མ་རེད། སྔོན་མ་བཞིན་བསྐྱུར་ཡོད་པ་རེད། སྔོན་ཆད་སྲིད་ཇུས་སླར་གུ་ཡངས་སུ་ཕྱིན་པ་ནས་ངའི་ཕ་ཡིས་བདག་བྱས་ཏེ་ཞིག་ཏུ་མ་བཅུག་པ་རེད། དེའི་རིང་ཁོས་ཐག་ཉེ་རིང་ནས་ལྟད་མོར་ཡོང་མཁན་སུ་ལའང་པཱ་སེ་གཅིག་ཀྱང་འཚོང་མྱོང་མེད། ལོ་བཅུ་དྲུག་གི་ཡར་སྔོན(1999)ནས་བཟུང་ངས་བདག་བྱས་པ་ཡིན། ངས་ཀྱང་པཱ་སེ་གཅིག་ཙམ་འཚོང་མྱོང་མེད། ད་ལྟའི་བར།”

གོང་གསལ་ཚན་པ་འདི་ནི། དགེ་ཆོས་ཚང་གི་ཡང་ཚ་སྟག་ལྷ་འབུམ་ལགས་ཀྱིས2013ལོར་ད་གཟོད་རིམ་པ་དགུ་པའི་ཞིང་ཆེན་རིག་དངོས་ཀྱི་ཐོ་ཁོངས་སུ་བཅུག་པའི་དགེ་ཆོས་ཚང་གི་གཞི་མའི་ངོ་སྤྲོད་སྒྲ་བཤུས་ཡི་གེར་ཕབ་པ་ཡིན། གཞན། མང་མས་འདི་ལ་དགེ་ཆོས་འཁྲུངས་གཞིས་འབོད་པར་འདུག དོན་ལ་དགེ་ཆོས་ནི་ཡབ་ཡུམ་ལྷ་སར་མཇལ་ནས་སླར་ཨ་མདོར་འཁོར་ཏེ་ཙོང་ལ་རིང་མོ་བརྒྱུད་སྐབས་ལམ་བར་བཙས་པར་བཤད་པས། སྡོད་གཞིས་མ་གཏོགས་འཁྲུངས་གཞིས་ལ་བཤད་ཐབས་མི་འདུག དེ་མིན། སྔོན་མ་ནས་གཞི་མ་འདིར་གཏོགས་ཟེར་བའི་ཅ་ལག་གང་མང་ལྡེབས་སྒམ་ནང་བྱུར་བྱུར་དུ་བཤམས་འདུག་པར་བལྟས་ནའང་གཞི་མའི་ཉར་ཚགས་ལེགས་ཙམ་དུ་ཡོད་པ་མཐོང་ཐུབ། དེའི་ཁྲོད་ཀྱི་ཅ་དངོས་གསུམ་ཡིད་ནས་མི་འབོར་བ་ཞིག་ཡོད། གཅིག་ནི། ཞོང་བིན་པེན(熊文斌)གྱིས་གཙོ་སྒྲིག་བྱས་པའི<<2012ལོའི་འཚོལ་སྙེག>>ཅེས་པའི་དེབ་ནང་བཀོད་པ་ལྟར། 1928ལོའི་ཡར་སྔོན་དགེ་ཆོས་ཕྱག་དངོས་ཀྱིས་བཟོས་པར་བཤད་པའི་བུམ་པ—ཀླད་དུ་པད་འདབ་གློ་སྐྱ་དྲུག་གི་དབུས་རྒྱལ་བ་ཚེ་དཔག་མེད་ཀྱི་ཟངས་སྐུ་ཆུང་ངུ་བཞུགས་ཡོད་པ་དེའི་འཇུག་སྣོད་རྒྱ་གར་ནས་བསྣམས་ཡོང་ཟེར་བའི་སྒམ་བུ་དེའོ། །སྟག་ལྷ་འབུམ་ལགས་ཀྱིས་བཤད་ན། བུམ་པ་དེ་སྒམ་ནང་འཕྲེད་དུ་བསྙལ་ན་ལྟོ་འབུར་སྒམ་ལས་མཐོ་བས་ཁ་ལེབ་ཡོངས་སུ་བསུམ་མི་ཐུབ་པར་སྲུབས་ཀ་སོར་གང་ཙམ་ཤོར་ཡོང་ཟེར། དེ་མིན། འདྲ་འདྲར་གནས་འདིར་འཁྲུངས་པའི་རྣལ་འབྱོར་པ་ཆེན་མོ་ཞབས་ཚོགས་དྲུག་རང་གྲོལ་ཚང་གི་གདན་ས་གཡའ་མ་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཡོད་དུས་དགེ་ཆོས་ཀྱིས་སྤྱད་མྱོང་ཟེར་བའི་སམ་ཊ་གཉིས་ཙམ་མཇལ་རྒྱུ་ཡོད། ཁོང་གིས་དེའི་སྟེང་རིག་པའི་འོད་རྣོན་འཕྲོ་བའི་ཡི་གེ་ག་ཙམ་བྲིས་མྱོང་ཡོད་པ་སུ་ཞིག་དཔོག་ཏུ་ནུས། སྐབས་དེར་གུས་པའི་སེམས་ནང་བཅར་འདྲིའི་ཁྲོད་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་སྨྲས་པའི་སྐད་ཆ་ཞིག་དྲན་བྱུང——

“གཞུང་བ་ཞིག་གི་ནང་དུ་རྩམ་པ་འདྲ་ཞིག་འཁྱེར་ཡོང་ནས་དེར་ཡི་གེ་འདྲ་ཞིག་བྲིས་ནས་བསྡད་ཀྱི་འདུག ཧ་གོ་ཡ་ཞིག་རེད་མི་འདུག དེ་འདྲ་བྱས་ནས་བསྡད་ཀྱི་རེད་མ་གཏོགས་འཇིག་རྟེན་ང་རང་ཚོའི་ལས་ཀ་དང་ཁ་ལག་བཟོ་ཡ་དེ་འདྲའི་སྐོར་ལ་ཁོས་བྱུས་གཏོགས་ཁྱོན་ནས་བྱེད་ཀྱི་མ་རེད……ནམ་རྒྱུན་སྐད་ཆ་བཤད་ཀྱི་མ་རེད། ཡི་གེ་འབྲི་གི་རེད། མཚན་ལའང་དབྱིན་ཇིའི་ཡི་གེ་འདི་འདྲ་བྱས་ནས་གཉིད་ཁུག་པའི་བཟོ་འདྲ་ཞིག་བྱས་ནས་འབྲི་གི་རེད། ཞོགས་པར་བལྟ་དུས་ཏག་ཏག་དེ་འདྲ་ཞིག་འདུག”

གཞན། དགེ་ཆོས་ཀྱིས་སྤྱད་མྱོང་ཟེར་བའི་འཁུར་སྒ་སྟེ་རྒྱའི་སྐད་དོད་དུ“ཅ་ཙི”ཟེར་བ་དེ་འདྲ་ཞིག་བཞུགས། ཉིན་འགའི་རྒྱབ་ལ་རི་ཆེན་རྩེ་ཡི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལ་མཇལ་དུ་འགྲོ་བའི་ལམ་སྐབས་གྲྭ་བ་གཉིས་ཀྱིས་ཏག་ཏག་དེ་འདྲ་ཞིག་གི་སྒང་ཁྲེས་པོ་བསྡམས་ནས་རི་ལམ་སྙེག་གིན་པ་མཐོང་། དེ་མ་ཐག་ངའི་སེམས་ངོར་གློ་བ་དགའ་བའི་དགེ་ཆོས་ཀྱི་རྒྱབ་གཟུགས་དེ་འཁོར་ཙམ་འཁོར་ཙམ་བྱུང་། དེ་ཙམ་པོའང་གུས་པ་ལྟ་བུའི་འགྲུལ་བཞུད་ཕྲན་བུ་འདིའི་སྤོབས་པའི་རྒྱུ་རུ་ཤུགས་ཀྱིས་ཡོང་ཞིང་ཡོང་།

མ་གཞི། ཞོ་འོང་དཔྱིས་སམ་དགེ་ཆོས་དང་འབྲེལ་བའི་ཟིན་བྲིས་འདི་ནས་མཇུག་རྫོགས་སོང་ན་རེད་མོད་ཀྱང་། གཅིག་ནས་ད་རུང་ཅི་ཞིག་སེམས་ནས་མ་ཤོད་པ་ལྟར་ལུས་ཡོད་ལ། ཕྱོགས་གཞན་ཞིག་ནས། ཕལ་ཆེར་ཁོ་བོ་དང་ལོ་མ་ཟད་ཟླ་བའང་མཉམ་པའི་ནང་། བོད་པ་ཞིག་གིས་སིངྒ་ལའི་མཚོ་གླིང་དུ་འགྲུལ་བཞུད་རྒྱ་ཆེར་གནང་འདུག་ལ། ལྷག་དོན། དེ་དགེ་ཆོས་ཀྱི་མི་ཚེའི“གསང་བ”ཞིག་དང་འབྲེལ་ཡོད་པ་ལྟར་སྣང་བས། ཡང་བསྐྱར་སྙུ་གུ་ལག་ཏུ་བླངས་ཏེ། “ཞོ་འོང་དཔྱིས་ནས་རྒྱང་རིང་སེང་གླིང་གི་དགེ་ཆོས་ལ་ལན་ཅིག་བལྟས”ཞེས་པའི་གཤམ་གསལ་ཟིན་བྲིས་འདི་ཁ་བསྐངས་པ་ཡིན།

བདུན་པ། ཞོ་འོང་དཔྱིས་ནས་རྒྱང་རིང་སེངྒ་གླིང་གི་དགེ་ཆོས་ལ་ལན་ཅིག་བལྟས།

གླེང་སློང་།

གོང་སྨྲས་བཞིན། ཏག་ཏག་གུས་པས་རྐང་འཁོར་འགྲུལ་བཞུད་བཏང་བའི་ཉིས་སྟོང་བཅོ་ལྔའི་ལོ་དེར། ཧ་ལམ་དུས་ཚོད་ཀྱང་གཅིག་ཏུ་འཁེལ་པའི་ནང་། མཚན་ལ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང(གཤམ་ལ་བྱུང་ཚད་རྗེ་སྤྲུལ་ཚང་དུ་བསྐོང་བར་བྱ)ཞུ་བ་ཞིག་གིས་ཀྱང་སིངྒལ་རྒྱལ་ཁབ་ཏུ་ལྗོངས་རྒྱུ་གནང་གིན་འདུག གཙོ་བོར། དེའི་རིང་ཁོང་གིས་སིངྒལའི་ཉེ་རབས་ལོ་རྒྱུས་ལ་ཤན་སྟོབས་འགངས་ཆེན་འཇོག་གནང་མྱོང་མཁན་བོད་མི་ཞིག་གསར་དུ“རྙེད”ཡོད་པ་རེད། རིམ་གྱིས་འགན་འཁྲི་དང་བརྩེ་ཞེན་ཞིག་གིས་བཏེགས་ཏེ། རྗེ་སྤྲུལ་ཚང་གི་ཡུལ་སྐོར་དཀྱུས་མ་དེ་མཐའ་མཇུག་རླབས་ཆེན་བོད་མི་ཞིག་གི་ཞབས་རྗེས་འཚོལ་ཅིང་སྙེག་པའི་ལས་ཀ་རྒྱ་ཆེ་ལ་ཚེགས་ལྕི་བ་ཞིག་ཏུ་ཆགས་ཚར་འདུག མ་ཟད2015ལོར། རྗེ་སྤྲུལ་ཚང་གིས་རེབ་ཐེངས་དེའི་དཔྱད་ཞིབ་ཀྱི་ངལ་འབྲས<<སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞིག>>ཅེས་པའམ། ཁ་བྱུང་ཆུང་ངུར“མཧཱེཎཌའི་མི་རིགས་ཀྱི་ལར་ཞེན་དང་དགེ་འདུན་ཆོས་འཕེལ་གྱི་གསང་བ”ཞེས་པའི་དེབ་ལ་བསྐྲུན་ཏེ་ལས་ཀ་དེའི་མཇུག་ལེགས་པོར་བསྐྱངས་འདུག

དེའི་ཁྲོད་གུས་པའི་མིག་ཟུང་ཐོགས་ས་གཙོ་བོ་ནི། ལྟ་ཡང་ཅི་སྨོས། “དགེ་འདུན་ཆོས་འཕེལ་གྱི་གསང་བ”ཞེས་པ་འདི་ཡིན་ནོ། །དེ་བཞིན། རྗེ་སྤྲུལ་ཚང་གི་དེབ་དེའི་བརྗོད་བྱ་གཙོ་བོ་གནད་དུ་དྲིལ་ན། དགེ་ཆོས་མ་སླེབས་ཡར་སྔོན་རིང་མོ་ཞིག་ལ། ཁྱད་དུ་འཕགས་པའི་བོད་མི་གཞན་ཞིག་ཀྱང་སིངྒལར་སླེབས་ཡོད་པ་དེ་རེད། རང་རེ་སུ་ཡིན་རུང་སེམས་ལ་རང་དབང་མེད་པར། འོ་ན་དགེ་ཆོས་དེའི་སྐོར་ཚིག་ཟུར་ཙམ་མི་གླེང་དོན་ཅི་ཡིན་ནམ་ཞེས་པའི་དྲི་བ་འདི་འཁོར་ཡོང་སྲིད།

གཤམ་དུ་རིམ་པར་དེ་ལ་དྲིས་ལན་ཞིག་ཨེ་ཡོང་བལྟ།

༡ སྤེན་པ་དོན་གྲུབ་ནས་དགེ་སློང་མཧཱེཎཌ།

སིངྒལ་ཞེས་པའི་མིང་བརྡ་འདི་ཏག་ཏག་རྣ་བར་འཇེབས་པ་ཞིག་ཡོད། དེ་ནི་དགེ་ཆོས་ཀྱི་ལམ་ཡིག་ལས་བྱུང་བའི་བག་ཆགས་ཀྱིས་ཡིན་པའང་ལྟ་ཅི། སྟོན་པས་ལན་གྲངས་གསུམ་ལ་ཞབས་ཀྱིས་བཅག་ཟེར་བའི་མཚོ་གླིང་འདི་ལ། སྔོན་གྱི་ཚེ་ལངྐ་འབོད་པ་རེད། “ལངྐར་གཤེགས་པའི་མདོ”ཞུ་བའང་དེ་ལས་བྱུང་ཟེར། ཕྱིས་སུ་སྒྲ་འཕོས་ཏེ་སིངྒལར་ཆགས། དགེ་ཆོས་ཀྱིས་དེ“སིངྒེ་འཛིན”བྱ་བར་གོ་དགོས་ཟེར། ངག་རྒྱུན་ཁྲོད། གླིང་འདིའི་རྒྱལ་པོ་ཐོག་མ་དེའང་གཅན་གཟན་སེང་གེ་ཞིག་དང་རྒྱལ་པོའི་སྲས་མོ་གཉིས་འདུས་པ་ནས་མཆེད་པར་གྲགས། དེ་མིན་མཚར་བ་ཞིག་ལ། དགེ་ཆོས་ལམ་ཡིག་ནང་འཁོད་པ་ལྟར། གླིང་དེའི་རྒྱལ་པོ་འོད་སྲུང་ཞུ་བ་ཞིག་གིས་སེངྒེ་རི་བྱ་བར་ཐོག་ཚད་བཞི་བཅུ་ལྷག་ཡོད་ཅིང་མིང་ལའང་སེངྒེ་མཁར་འབོད་པ། བྲག་སྐེད་དུ་ཕྱེ་བའི་མཁར་སྒོ་དེའང་སེང་མགོའི་དབྱིབས་སུ་དོད་པའི་ཕོ་བྲང་ཞིག་བཞེངས་མྱོང་འདུག་ལ། དགེ་ཆོས་ཕྱིན་པའི་སྐབས་དེར་ཁོས། “སེང་མགོ་ཞིག་ཟིན་ཀྱང་སྡེར་མོ་གཡས་གཡོན་གཉིས་གླང་ཆེན་གྱི་རོ་འདྲ་བ་རེ་ད་དུང་ཡང་ལུས་པ་འཇིགས་ཤིང་རྔམ་ཆགས།” ཞེས་བྲིས་འདུག ཁོ་བོས་དྲྭ་ལམ་ལས་འཚོལ་སྐབས་དེའི་འདྲ་པར་རྙེད་པ་ཏག་ཏག་དགེ་ཆོས་བཤད་པ་ནང་བཞིན་རེད། དེ་ཙམ་ལས་ཀྱང་དགེ་ཆོས་ཀྱི་ལྟ་དཔྱོད་རིག་པའི་ཞིབ་ཚགས་མཇལ་དུ་བཏུབ།

རྗེ་སྤྲུལ་ཚང་གི་ཞིབ་འཇུག་ལྟར་ན། དེ་ལྟའི་ངོ་མཚར་ཆེ་བའི་མཚོ་གླིང་དེར་ཐོག་མར་ཕེབས་མཁན་བོད་མི་དེའི་མིང་ལ་བྱིས་པའི་དུས་སྤེན་པ་དོན་གྲུབ་འབོད་ཅིང་། 1901ལོར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་འཁྲུངས་པར་བཤད། 1903ལོར་མདོ་སྨད་ཙོང་ཁ་སྐྱེས་རིར་སྐུ་འཁྲུངས་པའི་དགེ་ཆོས་ལས་ལོ2ཙམ་གྱིས་བགྲེས། གཉིས་ཀའི་འདས་ལོ་གཅིག་མཚུངས1951ལ་འཁེལ། རྗེ་སྤྲུལ་ཚང་གི་དེབ་ལྟར་ན། སྤེན་པ་དོན་གྲུབ་ཀྱི་མི་རྒྱུད་མཆེད་ཁུངས་ཁམས་མི་ཉག་ནས་ཡིན་ཞིང་། དུས་རབས་བཅོ་ལྔ་པའི་ནང་འབྲས་ལྗོངས་སུ་གཞིས་སྤར་པ་རེད། ཕྱིས་སུ་ཁྱིམ་དེར་མི་རྒྱུད་རྩ་ལག་གཙོ་བོ་གཉིས་བྱུང་བ་ལས་གཅིག་ལ་འབྲས་ལྗོངས་ཀྱི་ཆོས་རྒྱལ་ན་རིམ་བྱུང་། ཅིག་ཤས་ལས་མཆེད་པའི་སྤེན་པ་དོན་གྲུབ་ཀྱི་མི་རབས་དེའི་ནང་སྲིད་ཁྲིར་བཞུགས་མཁན་ཆོས་རྒྱལ་བཅུ་པ་བཀྲ་ཤིས་རྣམ་རྒྱལ་རེད། ལོ13སྟེ1914ལོར། སྤེན་པ་དོན་གྲུབ་ཏག་ཏག་སྐུ་མཆེད་ཡིན་པའི་ཆོས་རྒྱལ་དེའི་བཀའ་ལུང་ལྟར་སིངྒ་ལར་ཕྱིན་ཏེ་གནས་བརྟན་སྡེ་བའི་ཆོས་སྒོར་ཞུགས་པ་རེད། ཆོས་མིང་ལ་ཨཱེ་སཱེ་མཧཱེཎཌ་ཧི་མི(S· Mihinda Himi)གསོལ། རིམ་བཞིན་བོད་ཀྱི་དགེ་སློང་མཧཱེཎཌ་ཞེས་པའི་མཚན་གནས་བྱུང་། དེ་མིན་མཚར་སྣང་འགུག་པ་ཞིག་ལ། སིངྒལའི་ཉན་ཐོས་སྡེ་བའི་ཆོས་གོས་གསོལ་སྟངས་ཐད་དགེ་ཆོས་ཀྱིས་སིང་གླིང་ལམ་ཡིག་ནང་། “ཆོས་གོས་གྱོན་སྟངས་དེ་ཤིན་ཏུ་ཡ་མཚན། གྲྭ་གཉིས་མཉམ་པར་གཤིབ་ནས་ཕྱོགས་གཅིག་ཏུ་སྒྲིལ། དྲིལ་བའི་མཐའ་དཔུང་པ་གཡས་ནས་རྒྱབ་ཏུ་བསྐོར་ཏེ་མཆན་འོག་ནས་ཚུར་བླངས་པའི་སྣེ་མོ་ལག་པས་བཟུང་བས་མགྲིན་པ་ནས་ཤམ་ཐབས་ཀྱི་མཐའི་བར་ཁེབས་པའི་ཡ་མཚན་ཞིག་འདུག……ཁོང་པའི་ཆོས་གོས་དཔང་དུ་ཁྲུ་ལྔ་རེ་ཡོད་པ་དེ་ལ་གྱོན་ལུགས་འདི་བཏུབ་ཀྱི་རང་རེའི་ཆོས་གོས་ཆུང་དྲགས་པས་མི་བཏུབ།” ཅེས་བྲིས་སྣང་བ་བཞིན། རྗེ་སྤྲུལ་ཚང་གི་དེབ་དེའི་ངོས་ཤོག་སྟེང་དགེ་སློང་མཧཱེཎཌའི་སྐུ་པར་ཞིག་འཁོད་ཡོད་པའི་ཆོས་གོས་གསོལ་སྟངས། ཨ་ན་མ་ན་དགེ་ཆོས་ཀྱིས་ལྷུག་འབྲི་བྱས་ཡོད་པ་དེ་དང་མ་བུ་བཞིན་ངོ་འཕྲོད་ཡོང་།

༢ དགེ་སློང་མཧཱེཎཌའི་བྱས་རྗེས།

ཉན་ཐོས་ཐེག་པའི་ཆོས་ཀྱི་སྦྱངས་ཡོན་གཤིས་ཕྱིན་པའི་ཁར། ལྷོ་ཕྱོགས་གནས་བརྟན་པ་དཔེ་མེད་གཞན་དག་དང་དཔུང་སྦྲེལ་ཐོག་ཡེ་ཤུ་ཆོས་ཀྱི་རྒོལ་ཚོགས་སྤམ་པ་སོགས་ཀྱིས་མཚོན། དགེ་སློང་ཁོང་སིང་གླིང་གི་སྐྱ་སེར་གཉིས་ཀའི་མཆོད་ཡུལ་དམ་པའི་གྲས་སུ་གྱུར་ཡོད་པར་མ་ཟད། ཁོང་གིས་ལྷག་པར་ལུང་པ་དེའི་སྲིད་ཀྱི་ཕན་དང་བདེ་བའི་ཕྱིར་ཕྱག་ལས་རྒྱ་ཆེན་པོ་གནང་འདུག

གླིང་དེའི་དེབ་དང་གསར་ཤོག་སོགས་སུ་འཁོད་པའི་དགེ་སློང་ཁོང་གི་སྐུ་པར་ཤས་ཆེ་ནི་ལག་ཏུ་སྨྱུ་གུ་ཐོགས་ཤིང་རྒྱབ་ལ་སིངྒལའི་རྒྱལ་དར་བསྒྲོན་ཡོད་པ་དེ་འདྲར་སྣང་། དེས་མཚོན་ཆབ་སྲིད་ཀྱི་ཕྱོགས་ནས། 1930ནས་མགོ་བརྩམས་ཏེ1948ལོར་སིང་གླིང་ལ་རང་བཙན་མ་འཐོབ་བར། དགེ་སློང་མཧཱེཎཌས་ལངྐའི་རང་བཙན་གླུ་གཞས་རྩོམ་པ། རྒོལ་ཡིག་སྤེལ་བ། ཁྲོམ་གཏམ་སྒྲོག་པ་བཅས་ཀྱིས་ཐོག་དྲངས། མང་ཚོགས་ཀྱི་སྣེ་འཁྲིད་དེ་ཐད་ཀར་དབྱིན་ཇིའི་གདོང་དུ་ལངས་ནས་མི་ཞུམ་ཡུན་རིང་གི་ངོ་རྒོལ་ལས་འགུལ་ཤུགས་ཆེ་ནར་མར་སྤེལ་འདུག སློབ་གསོའི་ཆ་ནས། ཕྱི་ལོ1934སྟེ་དགུང་ལོ33སྟེང་། ཆེད་མངགས་སིང་གཞུང་གིས་གདན་འདྲེན་ཞུས་པ་ལྟར། དགེ་སློང་ཁོང་གིས་རྒྱལ་ས་རྙིང་བ་ཨཱ་ནན་ཌའི་སློབ་ཆེན་སོགས་སུ་ལོ་གསུམ་རིང་སིངྒལའི་སྐད་དང་སིངྒལའི་རྩོམ་རིག དེ་བཞིན་པཱ་ལིའི་སྐད་དང་ནང་ཆོས་ཀྱི་སྐོར་བཅས་སློབ་ཚན་བཞི་གཙོ་བོར་བྱས་ཏེ་ལྗགས་ཁྲིད་གནང་འདུག དེ་མིན། 1950ལོའི་ཟླ9པའི་ཚེས10ཉིན། བོད་ཀྱི་དགེ་སློང་ཁོང་གིས་རྒྱལ་ས་ཀོ་ལོམ་བྷོའི་ཉེ་སར་ཡོད་ཅིང་སོ་སོའི་ཚེ་མཐའི་མི་ལོ15སྐྱེལ་ཡུལ་དགོན་པ་ཝེར་གྷི་ཧ་རུ། གཟའ་ཉི་མའི་ནང་ཆོས་སློབ་གཉེར་ཁང་བྱ་བ་ཞིག་དང་དབྱིན་ཇིའི་སློབ་གྲྭ་ཞིག་ལྷན་དུ་བཙུགས་གནང་ཞིང་། དེ་རུ་ཐོག་མའི་དུས་ནང་སློབ་མ250བྱུང་བ་ཚགས་ཤོག་སོགས་ན་རྒྱས་ཟེར། རྗེ་སྤྲུལ་ཚང་དེ་གར་འབྱོར་བའི་ལོ་སྟེ2015ལོར་སློབ་མ་འཕེལ་ཏེ་གྲངས་འབོར1800ལ་སླེབས་ཡོད་ཟེར། སྙན་རྩོམ་གྱི་ཆ་ནས་ཀྱང་ལག་རྗེས་ཁྱད་དུ་འཕགས་པས། 1935ལོར། སིང་གླིང་གཞུང་གིས་བོད་ཀྱི་དགེ་སློང་ཁོང་ཀོ་ལོམ་བྷོའི་སྐབས་དང་པོའི་གཞོན་ནུའི་སྙན་རྩོམ་ཚོགས་པའི་དབུ་འཛིན་དུ་བསྐོས་གནང་འདུག ཁོའི་སྙན་རྩོམ་གྲགས་ཅན<<མ་ཡུམ་ལངྐ>>དེ་དུས་བརྩམས་སྐད། དེ་བཞིན་སིང་གླིང་པར་རྒྱུས་ཆེ་བ<<བསླབ་བྱ་མུ་ཏིག་ཕྲེང་བ>>ཞེས་པའི་སྙན་དེབ་དེ་དགེ་སློང་ཁོང་གིས་དགུང་ལོ་ཉི་ཤུའི་སྟེང་སིང་སྐད་སྟེང་བརྩམས་ཟེར། གཞན་ཁོང་གིས་ཨ་ཉོག་གཉིད་ལ་འགུག་སྤྱད་ཀྱི་གླུ་ནས་བརྩམས་ཏེ། ཕྲུ་གུ་བགྲེས་གཞོན་ཀུན་གྱི་ཁམས་དང་མོས་པར་འཕྲོད་པའི་སྙན་རྩོམ་གང་མང་རྩོམ་གནང་མཛད་པ་ལས་སྐོར་ཞིག་རྒྱལ་ཁབ་གཞུང་ནས་སློབ་གྲྭའི་བསླབ་དེབ་ཏུ་བཅུག་འདུག་ལ། ཡང་ཀློག་བདེ་འཛིན་སླའི་སྙན་རྩོམ་སྐོར་ཞིག་ལ་དབྱངས་སྦྱར་ཏེ། དེ་རིང་ལ་ཐུག་གི་བར་དམངས་ཀྱི་ངག་ཐོག་ལ་གཞས་ཀྱི་རྣམ་པར་བྱང་སྟེ་འདུག་ཟེར།

༣ དྲིན་གཟོ་བག་ལ་གོམས་པའི་ལུང་པ་ཞིག

རྩོམ་པ་པོ་རྗེ་སྤྲུལ་ཚང2015ལོའི་ཟླ8པའི་ཚེས16ཉིན་སིངྒ་ལར་སླེབས་པ་རེད། ཟླ3པའི་ཚེས16སྟེ་བོད་ཀྱི་དགེ་སློང་མཧཱེཎཌའི་འདས་མཆོད་ཀྱི་ཉིན་མོ་དེར། གཞུང་དམངས་གཉིས་ནས་ཁོང་ལ་དྲན་གསོ་ཞུས་ཚུལ་སྐབས་དེའི་ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་བཀོད་ཡོད་པ་རྗེ་སྤྲུལ་ཚང་གིས་སྙམ་མེད་དུ་མཐོང་། ཏག་ཏག་དེས་མོས་གུས་གཏིང་ནས་དྲངས་ཏེ། ཁོང་མེས་པོ་དེའི་ཞབས་རྗེས་འཚོལ་བའི་ལམ་དུ་ཐེ་ཚོམ་མེད་པར་ཤུགས་ཀྱིས་འཇུག་སོང་བ་རེད།

རྗེ་སྤྲུལ་ཚང་གི་ཞིབ་འཇུག་ལྟར་ན། དགེ་སློང་ཁོང་འདས་ཏེ་མི་ལོ20འཁོར་པའི་མཛད་སྒོའི་སྟེང་། “བོད་ཀྱི་མཁས་དབང་དགེ་སློང་གི་དྲན་རྟེན་སྦྲག་བྱང”ཞེས་པའི་མགོ་བརྗོད་འོག གཞུང་ནས་ཁོང་གི་སྐུ་ཕྱེད་འདྲ་པར་འཁོད་པའི་སྦྲག་བྱང་ཞིག་བཏོན་གནང་འདུག་ལ། མདོ་འཛིན་གྱི་ཚིག་ལ། “སིངྒལར་ཕྱི་གླིང་པའི་ངན་ཤན་ཐེབས་ཏེ་རྒྱལ་ཁབ་ཉམས་དམས་སུ་འགྲོ་བཞིན་པའི་སོ་མཚམས་དེར། བོད་ཀྱི་དགེ་སློང་མཧཱེཎཌས་གནས་འདིའི་ཆོས་དང་རིག་གཞུང་ཉམས་གསོ་ནས་མགོ་བརྩམས་ཏེ་སིངྒལ་རྒྱལ་ཁབ་བསྐྱར་གསོན་ལ་ལག་རྗེས་བཞག་པ་ང་ཚོས་ཇི་སྲིད་གཏན་དུ་བརྗེད་པར་མི་བྱའོ”ཞེས་བྲིས་ནས་ཆེ་བརྗེད་ཕུལ་འདུག དེ་མིན་ལངྐའི་རང་དབང་དྲན་རྟེན་ཁང་དང་འགྲེམས་སྟོན་ཁང་སོགས་སུ་ཁོང་ལ་འདྲ་འབག་དང་བྲིས་ཐང་སོགས་བཞེངས་པའི་ཐོག་རྒྱལ་ཁབ་ཀྱི་དཔའ་བོར་མཚམས་སྦྱོར་བྱས་ཡོད་པ་དག་མང་སྟེ་བྲིར་མ་ལང་། དེའི་སྐོར་རྩོམ་པ་པོ་རྗེ་སྤྲུལ་ཚང་གི་དེབ་ཏུ་བཀོད་པ་རྣམས་གནད་དུ་དྲིལ་ཏེ་སྨྲས་ན། དུས་ད་ལྟར་ཐུག་གི་བར། སིངྒ་ལ་ནས་ཁོ་ཚོའི་རྒྱལ་ཁབ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་འོག་ནས་ཐོན་ཏེ་ཕྱི་ལོ1948ལོར་རང་བཙན་མ་འཐོབ་པའི་བར། བོད་ཀྱི་དགེ་སློང་མཧཱེཎཌས་དཔའ་མཛངས་ཉིས་ཆ་ནས། གླིང་འདིའི་གཞོན་རབས་ལེགས་ལམ་དུ་བཀྲིས་ཏེ་མི་རིགས་རང་བཙན་གྱི་དགོས་དབང་དང་ལ་རྒྱ་ཁོ་ཚོའི་རྒྱུད་ལ་སྦྱར་བའི་ཐད་བྱས་རྗེས་མངོན་པར་མཐོའོ་ཞེས་འཁོད་ཡོད་པ་དེ་རེད།

དེ་ལྟ་ཅི་ལྟར། དགེ་ཆོས་སིངྒལའི་ལམ་ཡིག་ནང་དུ“འཇིགས་མེད་རི”ཞེས་པའི་ས་མིག་གནད་ཆེན་ཞིག་ཡང་ཡང་མངོན་ཡོད་པ་དེ། ཏག་ཏག་དྲིན་གཟོའི་གཏམ་རྒྱུད་ཅིག་དང་སྦྱར་ཏེ་བྲིས་འདུག དེར་ཡང་སངས་རྒྱས་འདས་ནས་ལོ་ལྔ་བརྒྱ་དང་གཅིག་པ་ལ་རྒྱལ་པོ་འཇིགས་མེད་བྱ་བས་རྒྱལ་སྲིད་སྐྱོང་མགོ་བརྩམས། འོན་ཀྱང་རིང་མིན་རྒྱ་གར་གྱི་མི་སྟེགས་པའི་དཔུང་གི་བཙན་འཛུལ་ཐེབས། རྒྱལ་པོ་ནགས་ཁྲོད་དུ་བྲོས་ཏེ་བྱ་སྐྱིབས་ཡོད་ས་དག་ཏུ་སྐུང་སྡོད་བྱས། ཕྱིས་སུ་རྒྱལ་ས་སླར་ལག་ཏུ་ལོན་རྗེས། སྐྱབས་ཀྱི་གྲོགས་སུ་ཤར་བའི་བྲག་སྐྱིབས་དེ་དག་ལ་རེ་རེ་བཞིན་གཙུག་ལག་ཁང་བརྩིགས་པས། “སིངྒལའི་རྒྱལ་པོས་རྡོ་ལའང་བྱས་པ་གཟོའོ”ཞེས་པའི་གཏམ་བྱུང་། བྱས་ན་དེ་ནི་སིངྒལའི་མི་རིགས་སྤྱིའི་བག་ལ་གོམས་ཏེ་མཆིས་པའི་གཤིས་ཀ་ཞིག་ཡིན་ལས་ཆེ། འོན་ཀྱང་པོ་ཏ་ལའི་ངུར་སྨིག་སྨན་གྱི་ལྗོན་པར་གདུག་པ་སྦྲུལ་ལྟར་འཁྲིལ་མཁན་དེ་ཚོས་དགེ་ཆོས་ལ་དྲིན་གཟོ་རྒྱུ་ཕར་ཞོག ལྡོག་སྟེ་ཅི་ཞིག་བཟོས་པ་འུ་ཚོའི་སེམས་ན་ནམ་ཡང་ཁྲིག་ཁྲིག་ཏུ་ཡོད།

དེ་ལྟའི་ངང་། དབྱིན་ཇིའི་བཙན་དབང་འོག་གི་སིངྒལར་རང་བཙན་ཐོབ་པའི་ལོ་གསུམ་པ་སྟེ1951ལོའི་ཟླ3པའི་ཚེས16ཉིན། དགུང་ལོ50ལ་སླེབས་ཙམ་གྱི་དགེ་སློང་མཧཱེཎཌ་གློ་བུར་སྐུ་གྲོངས། ལོ་དེའི་ཟླ5པའི་ཚེས23ཉིན་ཀྲུང་གོ་ནས་བོད་ལྗོངས་ལ་བཅིངས་འགྲོལ་ཐོབ་སོང་ཞེས་བསྒྲགས། དེ་ནས་ཟླ་བ་གསུམ་ཡང་མ་ཕྱིན་པའི་ཟླ8པའི་ཚེས14ཉིན། དགུང་ལོ49ལ་སླེབས་ཙམ་གྱི་དགེ་ཆོས་གློ་བུར་ལྷ་ས་ནས་སྐུ་གྲོངས། གཉིས་ཀའི་བར་ཟླ་བ5ཙམ་གྱི་སྔ་འཕྱི་ལས་མེད།

༤ རླབས་ཆེན་བོད་མི་ཁོང་གཉིས་དངོས་འབྲེལ་ཧི་མ་ལ་ཡ་དང་ཡུལ་གྱིས་བསྐལ་བའི་ས་མཐའ་དེ་རུ་ཕན་ཚུན་ཞལ་མཇལ་བ་ཡོད་དམ།

ད་ནི་ཟིན་བྲིས་ཧྲིལ་པོ་འདིའི་རྡོ་དོན་རྡོག་རྡོག་པོ་དེ་གླེང་དགོས་ལ་ཐུག་བྱུང་བ་རེད། ཚན་པ་འདིའི་ཁ་བྱང་ཇི་བཞིན། དོན་དམ་དགེ་ཆོས་དང་དགེ་སློང་མཧཱེཎཌ་གཉིས་སིང་གླིང་དུ་ཕན་ཚུན་ཞལ་མཇལ་བ་ཡོད་དམ་མེད། རྩོམ་པ་པོ་རྗེ་སྤྲུལ་ཚང་གིས་རྒྱུ་མཚན་སྣ་གསུམ་དྲངས་པ་བརྒྱུད། རླབས་ཆེན་བོད་མི་དེ་གཉིས1942སམ1943ལོར། མི་ཡུལ་ས་མཐའ་སིང་གླིང་དུ་དངོས་སུ་ཞལ་འཛོམས་བྱུང་ཡོད་ཅེས་ཁ་ཚོན་བཅད་དེ་སྨྲས་ཡོད།

རྒྱུ་མཚན་དང་པོ། དོགས་གཞི་ཆེན་པོ་དེ་ལ་ཞིབ་འཇུག་བགྱི་ཕྱིར་རྗེ་སྤྲུལ་ཚང་གིས་འབྲེལ་ཡོད་རྒྱུ་ཆ་འབོར་ཆེན་བཀླགས་ཡོད་པ་རེད། དེའི་ཁྲོད་ཀིརྟི་རིན་པོ་ཆེས་མཛད་པའི<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་རབ་བྱེད་ཞབས་བཏགས་མ>>ཞེས་པ་བཀླགས་པའི་ཁྲོད་པར་གྱི་སྡེ་ཚན་ནང་ཁོས། “ཀྲི པི ཨན མཉྫུཤྲི། དགེ་འདུན་ཆོས་འཕེལ། ཨཱེསཱེ མཧཱེཎཌ།” ཞེས་ཞབས་མཆན་བཏབ་ཡོད་པའི་འདྲ་པར་ཞིག་མཐོང་ཡོད་པ་རེད། དེའི་ཡོང་ཁུངས་བཙལ་པར། ཧྥ་རན་སིའི་བོད་རིག་པ་ཞིབ་འཇུག་མཁན་ཧིན་ཐིར་སི་ཏེལ(Heather Stoddard)ལམ་བོད་སྐད་དུ་བདེ་སྦྱིན་བཟང་མོ་ཞུ་བ་དེས་བརྩམས་པའི<<ཨ་མདོའི་བསོད་སྙོམས་པ་དགེ་འདུན་ཆོས་འཕེལ>>ཞེས་པའི་དེབ་དེར་ཐོག་མར་བཀོད་པའི་འདྲ་པར་ཞིག་ཡིན་པ་རྩད་ཆོད་པ་བྱུང་འདུག ཡང་དེ་མོའི་ལག་ལ་ཅི་ལྟར་སོན་ལུགས་གསལ་ཁ་མ་ལོན་ཟེར།

འདྲ་པར་དེའི་ངོས་ཀྱི་དགེ་སྦྱོང་མཉྫུཤྲི་ཟེར་བ་དེ་སྣུམ་ཚོན་རི་མོ་བ་གྲགས་ཅན་ཞིག་རེད་ལ། དགེ་སློང་མཧཱེཎཌ་དང་ཡང་འདྲིས་ཆ་ཆེ་བར་འདུག་པས། ཁོས་མཧཱེཎཌའི་དགོན་པ་ནས་རི་མོ་འགྲེམས་སྟོན་བྱས་ལུགས་ཀྱང་ཚགས་ཤོག་སོགས་སུ་བཀོད་ཡོད་པ་རྙེད་འདུག ལྷག་པར། རྗེ་སྤྲུལ་ཚང་གིས་ཁ་ཚུགས་ངོ་གཤིས་སོགས་ཀྱི་ཆ་ནས་མཉམ་བསྐྱོན་འདྲ་པར་དེའི་གཡོན་མཐའི་སྐྱེས་པ་དེ་བོད་ཀྱི་དགེ་སློང་མ་ཧཱེཎཌ་ཡིན་པ་ཚིག་ཐག་བཅད་དེ་སྨྲས་འདུག

རྒྱུ་མཚན་གཉིས་པ། རྗེ་སྤྲུལ་ཚང་གིས་བཀྲས་མཐོང་རཀ་ར་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི<<མཁས་དབང་དྷི་ཙ་ཨ་ལགས་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོལ>>(2004) ཞེས་པའི་དེབ་བཀླགས་པའི་ཁྲོད་སྐད་ཆ་འདི་འདྲ་ཞིག་རྙེད་འདུག---

“དེ་སྔོན་ཙམ་ལ་སིངྒལར་དགེ་སློང་མཧཱེཎཌ་ཟེར་བའི་སྙན་ངག་མཁན་ཡོངས་སུ་གྲགས་པ་ཞིག་བྱུང་འདུག དགེ་སློང་མཧཱེཎཌའི་རྩ་བའི་མི་རིགས་ནི་བོད་པ་རེད་འདུག ཁོང་སིངྒལར་སྙན་གྲགས་ཤིན་ཏུ་ནས་ཆེ་ཞིང་། ཁོང་གི་རྩོམ་པ་པཱ་ལིའི་ནང་བྲིས་འདུག”

འདི་ནི“གླེང་མོལ”དེའི་ཁྲོད་རཀ་རས་མ་ཡིན་པར་དགེ་ཆོས་ཀྱིས་བཤད་པ་ཡིན་པར་ངེས། རྒྱུ་མཚན་ནི་སིངྒ་ལར་སླེབས་མྱོང་མཁན་རཀ་ར་ཚང་མ་ཡིན་པར་དགེ་ཆོས་ཡིན་པས་སོ། །དེ་ལྟར་བལྟས་ཡོང་ན། སིངྒ་ལར་འབྱོར་མཁན་དགེ་ཆོས་བསམ་བཞིན་དགེ་སློང་མཧཱེཎཌ་དང་མཇལ་དུ་མ་ཕྱིན་པ་མ་གཏོགས། དགེ་སློང་མཧཱེཎཌའི་མཚན་སྙན་སྔ་མོ་ནས་སིང་གླིང་དུ་ཁྱབ་ཡོད་པ་ཁོང་གིས་མཁྱེན་ཡོད་པ་རེད། མི་མཁྱེན་པའང་ག་ལ་སྲིད། འོ་ན། དགེ་ཆོས་ཅིའི་ཕྱིར་ཁ་གསལ་སྒོས་དགེ་སློང་མཧཱེཎཌ་རང་གི་དེབ་ཏུ་མ་བྲིས་པ་ཡིན་ནམ། ཨ་ཡ་མཚན།

རྒྱུ་མཚན་གསུམ་པ། ཁོ་བོས་རྗེ་སྤྲུལ་ཚང་གིས་ལུང་དྲངས་པ་ལྟར་བཙལ་བར། སིང་གླིང་ལམ་ཡིག་ནང་དགེ་ཆོས། “འདིར་སིངྒལའི་དགེ་སློང་ཁྲོད་ན་ཕྱི་གླིང་པ་ཡང་མང་ཙམ་ཡོད་ལ། ཛྙནཏེལོཀ་བྱ་བའི་དགེ་སློང་མཁས་པ་ཤིན་ཏུ་གྲགས་ཆེན་ཞིག་བཞུགས་པ་དེ་ཡང་འཇར་མན་པ་ཡིན། འདིས་ཕྱི་པ་མང་པོ་ནང་པར་བཅུག”ཅེས་དང་། “ཏྲེེལོཀཛྙཱན་བྱ་བ་གྲགས་ཆེ་ཞིང་སིངྒལར་བཞུགས་པ་དེས་ཕྱིས་སངས་རྒྱས་ཀྱི་ཆོས་ལ་ས་ཡན་སིའི(ཚན་རིག)ཆོས་ཏེ་རིགས་པའི་ཆོས་ལུགས་དང་། ཆོས་ལུགས་གཞན་ལ་དད་པའི་ཆོས་འབོད།” ཅེས་འཁོད་འདུག་པའང་རྙེད་བྱུང་།

རྗེ་སྤྲུལ་ཚང་གི་ཞིབ་འཇུག་ལྟར་ན། མི་རིགས་འཇར་མན་པ་ཡིན་པའི་དགེ་སློང་ཛྙནཏེལོཀ་ཞུ་བ་དེ་ནི། སྤེན་པ་དོན་གྲུབ་ད་རུང་བྱིས་པ་ཡིན་དུས་འབྲས་ལྗོངས་ནས་སིང་གླིང་དུ་འཁྲིད་མཁན་དེ་ཡིན་པར་མ་ཟད། སིང་གླིང་དུ་ཕྱིན་རྗེས་སྤེན་པ་དོན་གྲུབ་ཀྱིས་ཁོང་ཆོས་དང་རིག་གནས་ཀྱི་དགེ་རྒན་དུའང་བརྟེན་མྱོང་ཡོད་པ་རེད། འོན་ཀྱང་། འཛམ་གླིང་འཁྲུག་ཆེན་གཉིས་པ་སོགས་ལ་རྐྱེན་བྱས་ཏེ། ནཱ་ཙིའི་བྱུང་ཁུངས་འཇར་མན་པ་ཡིན་པའི་ཛྙནཏེལོཀ་སྐབས་དེར་ཐག་ཞོར་འབྲེང་འདྲུད་ལ་རྒྱ་གར་ན་བཙོན་དུ་ཚུད་ཡོད་པས། དགེ་ཆོས་དངོས་སུ་ངོ་ཐུག་མྱོང་མེད་ཚོད་རེད། འོན་ཀྱང་དགེ་ཆོས་ཀྱི་རྣོ་དྭངས་རིག་པའི་མེ་ཤེལ་བཙུགས་ས་རུ། རང་གིས་ཆེ་བསྟོད་བྱས་མྱོང་བའི་འཇར་མན་པ་ཛྙནཏེལོཀ་ཞེས་པ་དེ་ལ་དགེ་ཕྲུག་བོད་པ་མཧཱེཎཌ་ཟེར་བ་ཞིག་ཡོད་པ་མི་མཐོང་བ་སྲིད་དམ། ལྷག་པར་དེའི་སྙན་དང་གྲགས་པས་སིང་གླིང་ཧྲིལ་པོ་ཡོམ་ཡོམ་ཤིག་ཤིག་སྒུལ་གྱིན་པ་མི་ཚོར་བ་སྲིད་དམ།

དེ་བཞིན། མདོར་ན། བལྟས་ཚོད་དུ་གནས་ལུགས་སུ་ཤུགས་ཀྱིས་འགྲོ་བའི་གོང་གསལ་རྒྱུ་མཚན་གཙོ་བོ་གསུམ་དེ་མཐོང་ན། ཆེད་མངགས་ཞིབ་དཔྱོད་ལ་འཇུག་མཁན་རྗེ་སྤྲུལ་ཚང་ལྟ་ཞོག དེ་ལུགས་ལ་རེ་དོགས་ཆེ་བའི་གུས་པ་ལྟ་བུའི་ཀློག་པ་པོ་སུ་ཞིག་ཡིན་རུང་སེམས་ནང་ལ། འོ་ན་གྲགས་གཡེར་ཆེ་བའི་དགེ་སློང་མཧཱེཎཌ་ཆེས་སྔ་མོ་ནས་སིངྒལར་སླེབས་ཡོད་པ་ཤེས་བཞིན་དུ། དགེ་ཆོས་སེང་གླིང་ལམ་ཡིག་ནང་ཅུང་ཙམ་ཡང་མ་གླེང་བར་མ་ཟད། ད་རུང“གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཡིན་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས”ཞེས་སྨྲ་དོན་ཅི་ཞིག་ཡིན་ནམ། ཡང་དེ་ལྟ་མོད་ཀྱི། སྐད་ཆ་འདིའི་ནང་གི“ཞིག་ཏུ”དང“སེམས”གཉིས་ལ་ཤུགས་བསྟན་ཞིག་ཡོད་ཡོད་འདྲ། ཁ་གསལ་པོར་བཤད་ན། དགེ་ཆོས་ཁོ་བོ་ནི་རྫུ་འཕྲུལ་མ་ཡིན་པར་སིང་གླིང་དུ་སླེབས་མཁན་ཐོག་མའོ་ཞེས་ཚིག་ཐག་བཅད་དེ་སྨྲས་ཡོད་པ་མ་རེད། ཡང་ན་སྟོང་ཆ་མག་མོག་དེ་ནི་ཁོང་གིས་ཆེད་དུ་དགེ་སློང་མཧཱེཎཌ་ལ་བཞག་པ་ཡིན་ཡང་སྲིད་དོ། །

“ཁྱོན་རྒྱ་གར་དུ་མི་ལོ་ཧྲིལ་པོ་བཅུ་གསུམ། སིང་གྷ་ལར་ལོ་གཅིག་དང་ཟླ་བ་བཞི་བཞུགས་རིང་རང་གར་བག་ཡངས་སྡོད་པ་ཉིན་གཅིག་མེད། སྐབས་རེར་ངས་འཁུར་ཐང་རི་ལས་ཆེ་ཙམ་ཞིག་འཁུར་ཏེ་བོད་འདིར་ཅུང་ཟད་ཕན་ཐོགས་ཀྱི་རེ་བ་ཆེན་པོ་བྱས།…… གང་ལྟར་རང་གི་མཁས་འདོད་དང་སྐྱིད་འདོད། དངུལ་དངོས་འབྱོར་ཐབས་ཀྱི་རེ་དོགས་རྩ་བ་བཅད་པ་ཡིན། དགེ་ཆོས་ཤི་རྗེས་མིང་ཤུལ་གཙང་མ་གཙང་རྐྱང་ཡིན་ཨང་

ལར། རྒན་པོ་ཤེར་རྒྱམ་གྱིས་མཛད་པའི་དགེ་ཆོས་རྣམ་ཐར་ཐུང་ངུའི་ནང་གི་ཚན་པ་འདི་ཙམ་པོར་ལན་ཅིག་བལྟས་པས་ཀྱང་། དགེ་ཆོས་མི་འདྲ་ཞིག་ཡིན་པ་གཟི་བོར་གནས་མཁན་ཚོའི་བློ་ངོར་ཕལ་ཆེར་འཁོར་ཡོང་ཐུབ་པ་ཞིག་རེད། དེར་བརྟེན། རླབས་ཆེན་བོད་མི་དེ་གཉིས་སིང་གླིང་དུ་ཕན་ཚུན་ཞལ་མཇལ་ཡོད་མེད་དང་། དེ་བཞིན་དགེ་ཆོས་སྤེན་པ་དོན་གྲུབ་མི་གླེང་དོན་སོགས་ནི། ཧ་ལམ་དུས་གཏན་ལྐོག་ལ་ཞ་སྟེ་དགྲོལ་ཐབས་ཡོད་མི་སྲིད་པས་ན། རང་རེས་ཀྱང་ཨ་འཐས་དེ་ཙམ་མེད་པར་དེ་མུར་ལོ་རྒྱུས་ཀྱི་ཀློང་ལ་གཏེར་དུ་བཞག་རུང་མི་འགྲིག་རྒྱུ་ཅི་ཡོད།

མཇུག་མཐར། སྔོན་ཆད་འབྲས་སྤུངས་སུ་སློབ་གཉེར་གནང་སྐབས་དགེ་ཆོས་དང་ཁྱུག་ཙམ་མཇལ་མྱོང་ཟེར་མཁན་བློ་བཟང་བསམ་གཏན་ཞུ་བས་བཅར་འདྲིའི་སྐབས་ངག་ཐོག་ལ་བསྐྱོར་ཞིང་ཡོངས་སུ་མ་གྲགས་པའི་དགེ་ཆོས་ཀྱི་ཚིགས་བཅད་ཚན་པ་འདིས། མདོ་སྨད་ཞོ་འོང་དཔྱིས་ཀྱི་ཟིན་བྲིས་ཡོངས་སུ་མཇུག་བསྒྲིལ་བར་བྱའོ། །

……

ཚེ་སྔོན་མ་ཟེར་བ་རླུང་གི་རྟགས། །

ལམ་གར་འགྲོའི་གཏད་སོ་མེད་པ་ཞུ། །

ང་བོད་ཕྲུག་བོད་དུ་སྐྱེས་པ་ཡིས། །

ཚེ་དོན་གཅིག་རྒྱ་གར་ཡུལ་དུ་ཟད། །

ལོ་བཅུ་གཉིས་ཨ་ལོང་འཁོར་གྱི་བུ། །

སྐྱིད་ཁྲ་ལེར་ཕ་ཡུལ་མ་མཐོང་ཞིང་། །

རྒས་དྲིན་ཆེན་གྱི་མ་རྒན་མ་མཇལ་བ། །

འདི་བསམས་ན་བྲལ་བའི་སྙིང་རླུང་ལངས། །

……

(“བྲལ་བའི”ཞེས་པར་གོ་བ་ཅི་ལྟར་ལེན་དགོས་མ་ཤེས། བཅར་འདྲི་ལྟར་བཤུས་པ་ཡིན)

༼མུ་འགོད།༽

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post