མི་ལ་ཙི་ཙི།|ཆོལ་གསུམ་ལམ་ཡིག །སྟོད་ཆ།༼༣༽

 

ཉིན་གཉིས་པ།

ཟླ་ཚེས། 2015ལོའི་ཟླ4པའི་ཚེས་པ3
གཅན་ཚ་མར་ཁུ་ཐང་ནས་རེབ་གོང་ཞོ་འོང་དཔྱིས། ལམ་ཐག་སྤྱི་ལེ60
བགྲོད་ལམ་གཙོ་བོ། G213 ཞོན་ཐུན་གཞུང་ལམ། G316
རེབ་གོང་ཞོ་འོང་དཔྱིས། མཚོ་འཕགས། 2488གཅན་ཚའི་རྫོང་མཁར་འཆགས་ཡུལ་མར་ཁུ་ཐང་གི་མཚོ་འཕགས།

ཟིན་བྲིས——

གསུམ་པ། རྗེ་རིན་པོ་ཆེའི་དགེ་རྒན་ཚང་གི་ཞབས་རྗེས་ཤར་གཅིག་རྙེད།

ཉིན་མོ་དེའི་དགོང་ཀའི་ཟེར་མ་རི་རྩེ་ན་འོད་ཀྲིག་ཀྲིག་བྱེད་དུས། ཁོ་བོ་གཞི་ནས་ཙོང་ཁ་སྐྱེས་རིའི་ཀློང་ཤོད་ལ་བབས་ཤིང་རྡོ་བའི་ཟམ་ཆེན་དེ་བརྒྱུད་རྨ་ཆུའི་ནུབ་འགྲམ་གཅན་ཚ་རྫོང་དུ་འབྱོར་བྱུང་། གྲོང་རྡལ་ལ་མར་ཁུ་ཐང་དུ་འབོད། མིང་ལ་བསམ་ན་འབྲོག་ས་ཞིག་ཏུ་སྙམ་མོད་ཀྱང་རོང་ས་རྐྱང་ལ་ཡོད། སྲང་མདོར་གཞུ་མོ་བདུངས་མཁན་མཐེབ་པའི་འབག་ཆེན་ཉམས་དོད་པ་ཞིག་བཞེངས་འདུག  ལོ་འདི་འགའི་རིང་དྲིལ་སྒྲོག་བརྒྱུད་རྫོང་འདི་ལ“མདའ་མོ་གཡང་རྫོང”ཡང་འབོད་པར་བྱེད། བོད་ལ་གྲགས་པའི་གློག་བརྙན<<གཡང་མདའ>>ཟེར་བ་དེའང་རྫོང་འདི་ནས་ཕབ་སྐྲུན་བྱས་པ་རེད། ཡང་ལོ་རྒྱུས་དང་གཏམ་རྒྱུད་མ་བཅོས་རང་བཞིན་དུ་བདོག་པ་ནི། མར་ཁུ་ཐང་དང་འདབས་འབྱར་ཏེ་ཡོད་པའི་སྣང་ར་ཡུལ་ཚོ་ཡིན་པར་སྙམ། སྡེ་ཁྲ་མོ་སྐྱོང་ལ་དཔའ་ཞིང་མཛངས་པའི་སྣང་རའི་སྟོང་དཔོན་ཟེར་བའང་སྡེ་མིང་འདི་དང་འབྲེལ་ཏེ་མདོ་སྨད་ལོ་རྒྱུས་སྒང་ལ་གྲགས་པ་རེད། ཁོང་གི་གཞིས་མཁར་དེང་སང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྐད་པར་ཤུགས་ཀྱིས་སྦྱོར། དེ་མིན། སྣང་ར་གྲོང་ན། ཁྱད་པར་དུ། བྱ་ཁྱུང་དགོན་དང་ལོ་རྒྱུས་མཐོ་དམན་མི་ཕྱེ་བའི་སྣང་ར་གསེར་ཁང་ཡོད་པས་སྐད་གྲགས་མི་ཆུང་།

ལོ་རྒྱུས་ལ་བལྟས་ན། དབུས་ནས་སློབ་གཉེར་མཐར་ཕྱིན་པའི་ཆོས་རྗེ་དོན་རིན་ཚང་། ལྷོ་ངོས་ཚ་ལམ་ཙམ་གྱི་མཚམས་ལ་ཡོད་པའི་རེབ་གོང་ཤ་སྦྲང་ས་ཆ་ནས་ལམ་དུ་བཏེགས་ཏེ་དགུ་རོང་བརྒྱུད་བྱང་ངོས་གཅན་ཚའི་ལུང་པ་འདིར་བྲག་བྱ་ཁྱུང་འཚོལ་དུ་ཡོང་བར་མངོན། མ་ཟད་སྣང་ར་གྲོང་དུ་སླེབས་ཏེ་གདོང་པ་གྱེན་དུ་ཕྱོགས་ཙ་ན། བར་སྣང་ཁམས་ཀྱི་གནས་མཆོག་དམ་པ་དེ་ལུང་བསྟན་ཁྲོད་ཀྱི་བྲག་བྱ་ཁྱུང་ཡིན་པ་ངོས་ཟིན་པར་གྲགས། ཕྱིས་སྣང་རའི་གནས་ཚང་ཨ་མྱེས་དོན་གྲུབ་སེང་གེ་ཞུ་བས་སྦྱིན་བདག་མཛད་དེ་སྣང་རའི་གསེར་ཁང་འདི་བཞེངས་ཤིང་། བྱིན་རླབས་ཀྱང་བྱ་ཁྱུང་དགོན་དང་ཁྱད་མེད་པར་གྲགས།

དེ་ལྟར་སྒྲོལ་མས་ལུང་བསྟན་པའི་བྲག་བྱ་ཁྱུང་ངོས་ཟིན་ནའང་། དེ་དུས་དབྱར་ཟླ་དྲུག་པར་འཁེལ་པས་ཆོས་རྗེ་དོན་རིན་ཚང་འཕྲལ་མར་རྨ་ཆུའི་ཤར་དུ་བརྒལ་ཐུབ་མེད་ཟེར། སྐབས་དེར་ཀོ་གྲུ་སོགས་གཏང་སྲོལ་མེད་ཚོད། བྲེལ་ཅིང་འཚུབ་པར་གྱུར་པའི་ཁོང་གིས་ཡང་ཡང་ཉེ་གནས་ལ་རྨ་ཆུར་འཁྱགས་པ་ཆགས་ཡོད་མེད་ལྟོས་ཞེས་བསྐུལ། ཉིན་ཞིག་སྤྲོ་ཐུང་བའི་ཉེ་གནས་སུན་ཏེ་ཆགས་ཡོད་ཅེས་བྱུང་རྒྱལ་དུ་སྨྲས། དེར་ཆོས་རྗེ་དགའ་སྟེ་རྒྱུག་ཕྱིན་པར་དངོས་འབྲེལ་འཁྱགས་པ་ཟམ་བུ་ཙམ་ཞིག་འཆགས་ཡོད་པས་ཁོང་དེའི་སྒང་ནས་ཕྱིན་ཞིང་། ཕར་ཁར་ཐར་ཙམ་ལ་དར་ཟམ་དེའང་ཆུ་ལ་འབྱིང་པར་གྲགས། རིམ་གྱིས་གྲོང་ཚོ་དེའི་མིང་ལ་རྨ་དར་གོང་བ་ཐོགས། ཕྱིས་སུ་ཟུར་ཆག་སྟེ་མན་རྡལ་གོང་བར་གྲགས། དེ་མིན། རྨ་ཆུ། ནུབ་ངོས་ཁྲི་ཀ་ནས་ཤར་བྱང་ངོས་ཀྱི་སྔོ་གྱ་བྲག་འགག་ཏུ་སླེབས་རྗེས། གློ་རྡེག་ཁ་ལྷོ་ལ་བལྟས་ཏེ་སྣང་ར་གྲོང་སོགས་བརྒྱུད་དེ་འབབ། སྔོ་གྱ་འགག་ལ་དེང་སང་ཆུ་མཛོད་བསྐྱིལ་ཏེ་གློག་འདོན་པ་རེད། བཤད་སྲོལ་ལ། ཆོས་རྗེ་དོན་རིན་ཚང་སྔོན་ཆད་སྔོ་གྱ་བྲག་འགག་གི་དར་ལམ་སྟེང་ནས་ཀྱང་ཕྱིན་མྱོང་བས། ཡུལ་མིས་ད་ལྟའི་བར་གནས་དེར་གདོང་དར་རམ་ལྷ་དར་ཞེས་འབོད་ཟེར། དེ་དག་གིས་མཚོན། གཅན་ཚའི་ལུང་པ་འདིར། རྗེ་རིན་པོ་ཆེའི་དགེ་རྒན་ཆོས་རྗེ་དོན་རིན་ཚང་གི་གཏམ་རྒྱུད་བཤད་མི་རྫོགས་པ་བཞུགས་སོ། །

བཞི་པ། སེང་ཕྲུག་འདྲ་བའི་རང་རེའི་གཞོན་ནུ་དེའང་གནས་འདིར་འཁྲུངས།

དེ་མིན། གཅན་ཚའི་ལུང་པ་འདི་རུ་ངེས་པར་གླེང་དགོས་པ་གཅིག་ལ་དཔལ་དོན་གྲུབ་རྒྱལ་ཡོད་དོ། །

ཉིན་འགའི་རྒྱབ་ལ་རྒྱལ་མོ་ཚ་བ་རོང་དུ་བགྲོད་དུས། “ཨ་ལེའི་བཞུགས་ཤག་རྙིང་པ”ཞེས་པའི་གཞིས་མཁར་མཆོར་མོ་གཅིག་དང་འཕྲད་རྒྱུ་བྱུང་། ཡུལ་སྐོར་ལྗོངས་རྒྱུའི་ཆེད་དུ་ཡིན་ཡང་ཆོག  གང་ལྟར་འབར་ཁམས་པས་སོ་སོའི་སྒྲུང་གཏམ་པ་དེ་ལོ་རྒྱུས་རིན་ཐང་ཞིག་ལ་བརྩིས་ཡོད་པ་ཚེགས་མེད་ཤེས་ཐུབ། འོན་ཀྱང་དོན་གྲུབ་རྒྱལ་གཤེགས་ཏེ་དུས་རབས་ཕྱེད་ཅིག་འགོར་ལ་ཉེ་མོད། ཁོང་གི་ཕ་ཡུལ་ན་ཁོང་ལ་དྲན་གསོ་ཁང་ཞིག་བཞེངས་ཡོད་ཚུལ་ད་ཕན་མཐོང་ཐོས་ལ་མ་བྱུང་། ཐེ་ཚོམ་དུ་ལུས་ཏེ། ཟིན་བྲིས་སྐབས་གཅན་ཚ་ནས་ཡིན་པའི་གྲོགས་པོ་ཞིག་ལ་དེའི་སྐོར་ཁ་བརྡ་བྱས། གྲོགས་པོས་དྲན་གསོ་ཁང་ཞིག་བཟོས་ཡོད་ཅེས་འདྲ་པར་དང་བཅས་དེ་འབྲེལ་རྒྱུ་ཆ་སྐོར་ཅིག་མཁོ་འདོན་བྱས་བྱུང་།

དོན་ལ། 2020ལོར། གཟོད་ས་མིང་ལ་དགུ་རོང་ཕུ་བ་ཞེས་འབོད་ཅིང་། དངོས་འབྲེལ་བསམ་བཞིན་དང་རང་བྱོན་གཞི་གཅིག་ལ་བྱས་འདྲའི་བཟོ་ལྟ་ཅན་གྱི་བྲག་ཀློང་ལྗོན་ཚལ་གྱིས་བསྐོར་ཡོད་པ། ལྷག་པར་ཆེད་དུ་བཟོས་པ་ལྟར། རྦབ་ཆུ་ཞིག་ཀྱང་བར་སྣང་ཁམས་ནས་ཐུར་ལ་དཀར་ཆིལ་ཆིལ་འབབ་ས་ཞིག་ཏུ། ཤིང་གི་སྤེའུ་ལྕོག་སེར་པོ་ཞིག་གི་སྒང་ལ། གདོང་དུ་སྤྱན་ཤེལ་སྣོམ་མཁན་གཞོན་ནུ་ཁོང་གི་སྐུ་སྟོད་ཕྱེད་མའི་འདྲ་འབག་ཅིག་བཞེངས་འདུག  བལྟས་ན་དེང་རབས་ན་གཞོན་གྱི་ཉམས་ཀྱིས་ཀུན་ནས་ཕྱུག  རྒྱབ་ངོས་ན་རྒྱ་ཕིབས་ཅན་གྱི་ཤིང་ཁང་སེར་པོ་གྲལ་བསྟར་མཐོ་དམའ་ཕྱེ་བ་འགའ་སྣང་། གཡས་ངོས་རྫ་ཆུའི་ཁ་ན་ཤིང་སྐས་ཀྱི་ཟམ་ལམ་པུ་ཤུ་ཅན་ཞིག་རི་ངོས་སྤང་ཁ་གྱེན་ལ་གྱ་མ་གྱུ་རུ་འདུག  དྲན་པ་གནས་དེར་ལྷོད་དེ་སེམས་ནང་རྣ་བ་བླགས་ན། ཡོད་ཚད་འཇམ་ཅག་གེར། མི་ཡུལ་ཁམས་ཀྱིས་ཡོངས་སུ་བརྗེད་ཅིང་བོར་བར་གྱུར་བའི་ལུང་བ་ཞིག་ལ་སླེབས་པ་དང་འདྲ། གནས་སྐབས་འདི་འདྲར། ལོ་རབས་བརྒྱད་ཅུ་པ་གླེང་ནའང་མི་ལ་སུན་པོ་བཟོ་ཡོང་། མ་གཞི། ཅི་ཡང་དྲན་མི་དགོས་པ་འདི་ཁོ་ན་ནི། ཡུན་རིང་བསྒུགས་པའི་མི་ཚེའི་ངལ་གསོ་ཐ་མ་དེ་མིན་མི་སྲིད་སྙམ་པ་ཞིག་ཡོང་།

བདེ་བར་གཟིམ་ཞིག་སེང་ཕྲུག་འདྲ་བའི་གཞོན་ནུ།

གྲོགས་པོའི་རྒྱུ་ཆ་བརྒྱུད་དཔལ་དོན་གྲུབ་རྒྱལ་ལ་ཁོང་གི་ཕ་ཡུལ་གཅན་ཚ་ནས་རྗེས་དྲན་ཐུང་ངུ་འདི་བྲིས་རྗེས། འགྲུལ་བཞུད་ཀྱི་ཉིན་གཉིས་པའི་རླུང་བུ་པང་དུ་བླངས་ཏེ། ཁོ་བོ་རྨ་ཆུ་དང་གཤིབ་ནས་ལྷོ་ངོས་རེབ་གོང་གི་ཕྱོགས་སུ་ཆས་སོང་། མར་ཙམ་ཕྱིན་སར་ལྷོ་ནས་ཡོང་བའི་རོང་བོ་དགུ་ཆུ་རྨ་ཆུར་འདྲེས་སོང་ཡོད། ཆུ་མགོ་མདོ་སྨད་རྩེ་ཁོག་དཔྱི་སར་གཏུགས་པའི་གཙང་པོ་འདི། ཆུ་དམར་ཆུ་ནག་ཀླུ་ཆུ་རྫོང་ཆུ་སྤྱང་ཆུ་ཤར་ཆུ་གྱོ་ཆུ་ནོའུ་ཆུ་གླིང་ཆུ་བཅས་ཆུ་བོ་དགུ་འདུས་ལས་བྱུང་བས་དགུ་ཆུ་རུ་མིང་ཆགས་སྐད། ཆུ་སྣ་དགུ་འདུས་འདི་རུམ་དུ་ལོན་རྗེས་བསམ་དོན་ཞིག་འགྲུབ་སོང་བ་ཇི་བཞིན། རྨ་ཆུ་གློ་རྡེག་ཁ་ཤར་ལ་འཁོར་ཏེ་ཡ་རྫིའི་ཕྱོགས་ལ་དྲང་ཤ་ལེར་སོང་ཡོད། དེ་བཞིན་རྨ་ཆུ་རྒྱབ་ལ་བསྐྱུར་ཏེ་ཁོ་བོས་དགུ་ཆུ་ལྡོག་འདེད་སྒོས་པདྨོ་དགུ་འདུས་རོང་ལ་ཞུགས། བྲག་འཕྲང་གཉན་པོ་དེ་འདྲ་ཕྱིས་སུ་སྣ་དཀར་རྩེ་ནས་རྒྱལ་རྩེར་འགྲོ་བའི་ལམ་བར་ཏོག་ཙམ་མ་གཏོགས་གར་ཡང་འཕྲད་པ་མེད། ཨོ་ཧོ་ཧོ། གུག་སྐྱོག་རྩུབ་མོ་འགའ་རེ་ནས་ཤར་རྒྱག་རྒྱུག་མཁན་རླངས་འཁོར་དང་གློ་རྡེག་གདོང་ཐུག་བྱུང་ཚེ། དངོས་གནས་མགོའི་སྐྲའང་ཞོགས་འགྲོ་བ་ཞིག་ཡོང་། ཀླད་ཀྱི་ཉི་མའང་ཀན་ནས་ཡིབ་ན་འདི་ནས་འཇུར་ཡོང་། འདི་ནས་ཡལ་ན་ཀན་ནས་འཚེར་ཡོང་། “དགུ་རོང་ཉི་མ་དགུ་འཆར”འབོད་པ་ཏག་ཏག་པོ་རེད།

དེ་ལྟའི་ངང་ཆུ་ཚོད་གཉིས་ལྷག་ལ་བསྐྱོད་མཚམས། བྱོན་ལེགས་ལ་ཚོན་བཀྲག་པའི་བྲག་ལྡེབས་ཀྱི་ལྷ་བྲིས་ཆེ་ཕྲ་དུ་མ་གློག་བརྙན་གྱི་རྭ་ཤེལ་སྙེད་པ་ལྟར་བྱུང་། དེ་ལས་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཞིང་ཁམས་སུ་བསྟོད་ཅིང་བསྔགས་པའི་རེབ་གོང་གི་ས་སྣེ་ཟིན་པའང་ཚོར་དུ་བཏུབ། རིམ་བཞིན། པདྨོ་དགུ་འདུས་སྐད་པའི་འགག་རིང་གཉན་པོ་དེས་ངེད་མི་རྟ་གཉིས་ཀ་ལུང་མདའ་བདེ་ཕྱམ་མེ་བ་དེར་འགྲིལ་རྡོག་གེར་གློད་སོང་། ཉིན་འགའི་རྒྱབ་ལ་མཛོད་དགེའི་ཨ་མྱེས་ལྷ་སྒོའི་ཕུག་ལམ་ནས་ཐར་སོང་བ་ལྟར། སེམས་ནང་དུ“ཨ་ཡོ་ཤེ”ཞིག་འཐེན་རྒྱུ་ཡོང་།

དེ་ནས་མར་ཅུང་ཙམ་ཕྱིན་ས་ནས་སྲབ་ཁ་གཡོན་ལ་སྒྱུར་གྱིན་རེབ་གོང་ཐོ་ཀྱཱའི་ཕྱོགས་ལ་དཀྱོག་དགོས་འདུག  ལམ་མདོ་དེར་མངོན་པའི་ཚོང་ཁང་ངན་ནེ་བ་དེར་སྐོམ་ཆུ་ཞིག་ཉོ་རུ་ཕྱིན། ཁྱིམ་བདག་ལ་ཀུན་བཟང་འབོད། རོང་བོ་གྲོང་ཚོའི་ལས་ཁུངས་ག་གེ་མོའི་སྒོ་སྲུང་གི་ལས་ཀ་རག་ཡོད་ཟེར། འབབ་སྒོ་ཕྲན་བུ་འཚོལ་ལ་ཚོང་ཁང་དེ་རང་ཚང་གི་གཡུལ་ཁར་ཕྱེ་བ་རེད།  ཉིན་དེར་ཆུང་མ་དགུ་རོང་ཁོག་གི་ཆོས་ཐོག་ཅིག་ལ་འགྲོ་འདོད་ཆེ་བས་ཁོས་ལས་ཁུངས་ལ་གནང་བ་ཞུས་ཏེ་ཚོང་ཁང་བསྲུང་དུ་ཡོང་བ་ཡིན་ཟེར།  དེར་ངའི་ཡིད་ལ་ལམ་སྐབས་འཕྲད་པའི་བ་རྫི་དེར་གཤམ་གྱི་རྔ་སྦུག་དེ་ཅི་ཡིན་དྲིས་པར་གཅན་ཚའི་ཨ་ལགས་ལྷ་སྡེ་ཚང་གིས་ཁོ་ཚོའི་གྲོང་ཚོར་ཆོས་གསུང་བཞིན་ཡོད་ཟེར་བ་ལྷང་ངེར་དྲན་བྱུང་།

དེ་མིན་ཐོ་ཀྱཱའི་ཕྱོགས་འདིར་གུས་པར་ཕྱིར་དྲན་སྐྱོ་པོ་གཞན་ཞིག་ཀྱང་ཡོད། སྔོན་ཆད་ཕ་རྒན་འཚོ་གཞེས་དུས་གཉིད་མི་ཁུག་པའི་ནད་ཀྱིས་ཐེབས་ཏེ་ཡུན་རིང་སྡུག་ཅིང་བསྔལ། སྨན་ཅི་བསྟེན་རུང་མི་ཕན། ཕྱིས་སུ་ཐོ་ཀྱཱའི་སྨན་པ་གྲགས་ཅན་ཨ་ཁུ་འབྲུག་བྱམས་མཁར་གྱི་སྨན་བསྟེན་ཏེ་གོ་ཆེན་པོ་ཆོད། གཉིས་ཀ་ཕྱིས་སུ་ངོ་ཤེས་ནང་བཟང་དུའང་ཆགས། འོན་ཀྱང་ངའི་ཕ་རྒན་འདས་པའི་ལོ་སྟེ2014ལོར་སྨན་རྒན་ཁོང་ཡང་ཕེབས་ཚར་འདུག  སོས་གསུམ་ས་ལ་བྱོན་པའི་མི་ཡུལ་གྱི་ནམ་ཟླ་དྲོ་སོབ་སོབ་དེའི་ཁྲོད། གུས་པས་སེམས་གཏིང་ནས་འདས་པོ་ཁོང་གཉིས་ལ་རྗེས་དྲན་ཞུ་བཞིན་སོང་། གང་འཚམ་ཤེས་མེད་ཚོར་མེད་ངང་ཉི་མ་གཡས་ལོགས་སུ་ལྷུང་འདུག  མི་རྟ་གཉིས་ཀའི་གྲིབ་རིས་ཁེར་རྐྱང་དེ་གཡོན་ངོས་ལམ་འགྲམ་ལྗོན་གསེབ་ཁྲོད་མྱུག་མྱུག་ཁྱུག་ཁྱུག་རྒྱུག་ཚུལ་ནི། ཤོར་མ་ཞིག་དང་འདྲ་ལ་ར་མདའ་ཞིག་དང་ཡང་མཚུངས།
ལྔ་པ། ཤྭ་བོ་རྡོ་རྗེ་ཚང་།

མདུན་རྒྱབ་ཀྱི་ས་སྒང་ཁམ་སྐྱ་དག་རྦད་དེ་ནག་རོག་གེར་གྱུར་ཙམ་ལ་ཞོ་འོང་དཔྱིས་ལ་འབྱོར། ཞོ་འོང་དཔྱིས་རོང་བོ་དགུ་ཆུས་བསྐྱེད་ཅིང་ཕྱེ་བའི་ལུང་གཞུང་ཆེན་མོའི་ཤར་མཐའ་ཙམ་དེར་ཡོད། ལུང་གཞུང་འདིའི་ལྷོ་སྟོད་ཕུ་ན་རོང་བོ་གྲོལ་རྡལ་ཡོད། རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་ཡང་དེ་གར་འཆགས། ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་རེད།

ཞོ་འོང་ལ་གོ་བ་ལེན་སླ་ཙམ་ཡོད་མོད། “དཔྱིས”ཞེས་པ་ཅི་ཡིན་ཧ་མི་གོ། ཁམས་སྟོད་དང་བར་ཁམས་སོགས་ན། གཡུ་གཤིས། ཉག་གཤིས། ཤའུ་གཤིས། ཨ་བསེ་གཤིས་ལ་སོགས། རྗེས་ལ“གཤིས”སྦྱར་པའི་ས་མིང་ཤིན་ཏུ་མི་ཉུང་། ཁམས་མི་ཉག་ལ་འཁྲུངས་པའི་རྒྱལ་དབང་བཅུ་གཅིག་པའི་འཁྲུངས་གཞིས་ལའང་ཀུན་བརྩེགས་གཤིས་འབོད། དེ་བཞིན་བྲག་དགོན་པས་ཀྱང་ཞོ་འཕོང“གཤིས”ཞེས་འབྲི། འདི་གཉིས་ཀློག་གདངས་མི་འདྲ་བ་མ་གཏོགས། གཅིག་མཚུངས་སའི་ཆགས་དབྱིབས་རིགས་ཤིག་སྟོན་པ་འདྲ། བྲག་དགོན་པས་ཞོ་འཕོང“ལ་གཤིས་གཉིས”ཞེས་བགྲང་པར་བལྟས་ན། “ལ”སྟེ་རི་ངོས་སམ་རི་གསེབ་ལ་འཚོ་བའི་འབྲོག་དང་། དེ་ལ་ལྟོས་ཏེ་བྱུང་བའི“གཤིས”སམ“དཔྱིས”ནི་རི་གཤམ་ཀློང་ཤོད་དམ་རོང་གི་བརྡ་རྙིང་དུ་གོ་དགོས་པར་སྙམ། གལ་སྲིད་དེ་ལྟར་ཡིན་ཚེ། “ཞོ་འོང་དཔྱིས”སམ“གཤིས”སོགས་ཟེར་དུས་ཞོ་འོང་རོང་ཞེས་པ་དང་ཁྱད་དེ་ཙམ་མེད་པ་ལྟར་མངོན།

དེ་ལྟའི་ལུང་པ་ཞོ་འོང་གི་སྨག་རིམ་ཁྲོད་རྐང་འདྲེད་ལག་སྙོབ་རྒྱག་གིན། ཁོ་བོ་དགེ་ཆོས་སློབ་འབྲིང་གི་སྒོ་ཆེན་ཁ་དེར་སླེབས་བྱུང་། སྐད་ཆ་དྲིས་པར་དགེ་ཆོས་ཀྱི་ཚ་བོ་ཨ་ཁུ་གཡུང་དྲུང་རྒྱལ་གྱིས་སློབ་གྲྭ་དེ་གར་ཕལ་བའི་ལས་ཀ་གནང་བཞིན་ཡོད་ཟེར། འཚོལ་དུ་ཕྱིན་ཏེ་ཁ་བརྡ་ཕྲན་བུ་བྱས་རྗེས། སློབ་གྲྭ་དེ་དང་གྲོག་ཤུར་གཅིག་གིས་བར་ཆོད་དེ་ཡོད་པའི་ཞོ་འོང་དཔྱིས་གྲོང་ཚོར་ཕྱིན། གནས་ཚང་གཡོར་དགོས་ལ་ཐུག་སོང་བས། གང་བྱུང་ལ་མགོ་ནས་བརྩིས་པའི་ཤིང་སྒོ་གཉིས་པ་དེར་གླང་འཛུལ་བྱས། ཁྱིམ་བདག་ལ་ཤྭ་བོ་རྡོ་རྗེ་ཞུ། མུན་པ་རབ་རིབ་ཁྲོད་གནས་ཚུལ་ཞུས་པར་ངོ་དྲོན་ངག་འཇམ་ངང་ཁྱིམ་ལ་བསུས་སོང་། ལྟོ་དང་མལ་ས་ཅི་ལེགས་སྦྱར།

འདིར་ཡང་བསྐྱར་ཁོང་བཟའ་མི་གཉིས་ལ་བཀའ་དྲིན་ཆེ་ཞུ།

ཟླ་འོད་མག་མོག་ཁྲོད་ཀྱི་གཞི་མའི་ལྷས་ན་སྐྱ་སྒུར་ཡོད་པའི་ལྕགས་ཀྱི་རྟ་ཕོ་དེར་ཅེར་རེར། གུས་པས་བཤའ་ཚེའི་འགྲམ་གྱི་མལ་ཁྲི་བདེ་འབོལ་ལེ་བ་དེའི་སྒང་ནས་ཁྱོ་ཤུག་གཉིས་ཀའི་ཁ་བརྡ་ལ་ཕྱིར་དྲན་བྱས། ཤྭ་བོ་རྡེ་རྗེ“ཨ་མཆོད་སྐྱ་བོ”ཡིན་ཟེར། སྡེ་བའི་དགོན་པའི་ཆོས་ཚོགས་ལ་ཞུགས་ཆོག་པའི་ཁྱིམ་པ་བར་གོ་དགོས་ཚོད། ཁོའི་བུས་སྐབས་དེར་རེབ་གོང་འཕྲོད་བསྟེན་སློབ་གྲྭ་འགྲིམ་གྱིན་འདུག  དེ་གླེང་ན་ཁྱོ་ཤུག་གཉིས་ཀའི་མིག་ནང་རེ་བས་ཁེངས་ཏེ་ཡོང་། དེ་མིན་བཟའ་མི་གཉིས་ཀའི་ཁ་བརྡ་གཅིག་ཏུ་མི་འོང་། ཁྱོ་ཀས་སྤྱི་དོན་གལ་ཆེར་སྨྲ། དེར་ཡང་གྲོང་ཚོའི་མདུན་ན་འབབ་པའི་ལུང་ཆུ་དེ་ལ་ཀླུ་ཆུ(འདི་དགུ་ཆུའི་ཆུ་དགུའི་གྲས་ཀྱི་ཀླུ་ཆུ་ཡིན་ཚོད)རུ་འབོད་ཅིང་། སྐབས་དེ་ཙམ་ལ་ཆུ་རགས་ཤིག་བཟོ་བར་གཞུང་གི་ལས་ཀ་པའི་སྒར་ཆུ་ཁ་དེར་བརྒྱབ་འདུག  ཞིང་ག་གཉེར་བ་སོགས་སྔ་མའི་འཚོ་སྟངས་ཇེ་ངན་དུ་འགྲོ་བར་དོགས་ཏེ། སྡེ་མིས་གོང་རིམ་ལ་དེ་འབྲེལ་བསམ་ཚུལ་ཅི་དྲག་བཏོན་འདུག  མ་ཟད་ད་རུང་ཡིད་མ་ཆེས་ཏེ་སྐྱེས་པ་ཚོས་ཞོར་ལས་ཀྱང་བཏང་ནས་རགས་རྒྱག་སའི་ཉེ་སར་ཐུན་དཀར་ནག་ལ་བསྡད་ཡོད་ཟེར། དེ་མིན། ལུང་པའི་ཕུ་ནས་གསེར་གྱི་གཏེར་ཁ་རྙེད་དེ་སྔོག་ཚབས་ཆེ་བར་ཡང་ཁོ་ཚོར་སེམས་ཁྲལ་ཡོང་ཟེར། འོན་ཀྱང་ཆུང་མར་མཚོན་ན་དེ་དག་ལས་ཀྱང་གལ་ཆེ་བ་ཁྱིམ་ཚང་གི་ཁ་རྒྱབ་རེད། མོས་ང་ལ་རེབ་གོང་ས་ཆའི་ཞོར་ལས་ཀྱི་གནས་ཚུལ་ནས་བརྩམས་ཏེ། ཚྭ་འདམ་གཞོངས་ལ་འཕང་འབྲས་འཐོག་ཏུ་ཕྱིན་ན་ལག་འབབ་ཡག་མིན། ངའི་ཕ་ཡུལ་བོང་སྟག་འབྲོག་ལ་དབྱར་རྩྭ་བརྐོ་རུ་ཕྱིན་ན་ལམ་ལྷོང་ཡོང་མིན་སོགས་མང་པོ་ཞིག་དྲིས་སོང་། ངས་ཀྱང་ཤེས་ཚོད་ལ་ལན་བརྒྱབ། འོན་ཀྱང་ཕན་ཐོགས་ཐུབ་པ་ཞིག་མེད་པ་འདྲ།

དེ་ལྟར། ཆུང་མའི“ཊམ་ཀ་སྲང་དྲུག་མ”དང་ཁྱོ་གའི“ཟླ་བ་ཁ་གང་མའི”ངོས་གཉིས་ཀ་སེམས་མཐིལ་དུ་བརྗེ་སྒྱུར་བྱེད་ཀྱིན། གུས་པའི་ཀླད་ཁམས་རིམ་བཞིན་ངལ་དུབ་ཀྱིས་ཉོབ་སོང་སྟེ། མཚན་རིང་དེ་གཉིད་ཐུན་གཅིག་ལ་བསྐྱལ་ཏེ་སད་དུས། ཨ་ཁ་ཁ། སོ་ནམ་པ་ཚང་གི་ནངས་ཇའི་དྲི་ཞིམ་སྔས་འགྲམ་དུ་ཐུ་ལུ་ལུ་འཐུལ་གྱིན་འདུག

༼མུ་འགོད།༽

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post