ཞིབ་འཇུག་གི་ཐབས་རྩལ


ཀ་གྱའི་དཔའ་རྩེ་རྒྱལ།





ཟླ་ངོ་ཁ་ཤས་ཀྱི་སྔོན་ལ་གྲོགས་པོ་སྐལ་བཟང་གིས་ང་ལ་ཁ་པར་ཡོང་ནས་ཁོས་ཕྱི་རྒྱལ་གྱི་སློབ་ཆེན་ཡག་ཤོས་ཤིག་གི་འབུམ་རམས་པར་རྒྱུགས་འཕྲོད་པར་མ་ཟད། འབུམ་རམས་པའི་སློབ་ཡོན་རོགས་དངུལ་ཡང་ཆ་ཚང་ཐོབ་འདུག་ཟེར། གཏམ་བཟང་འདིས་ང་རང་དགའ་ལྷང་ངེར་བཏང་བ་དང་འཕྲལ་མར་ཁོ་ལ་རྟེན་འབྲེལ་ཞུས་པ་ཡིན།  གཏམ་བཟང་འདི་ཐོས་དུས་ངས་ཨ་རིའི་མཱི་ཆི་གཱན་གཙུག་ལག་སློབ་ཆེན་ནས་མི་རིང་མི་ཐུང་ལོ་ངོ་བརྒྱད་ཀྱི་རིང་ལ་འབད་པ་བྱས་ཏེ་མིའི་རིགས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ནས་ཅང་འགོར་མེད།   སྐལ་བཟང་ཁོ་ཡང་དེ་དུས་ཁྲིན་ཏུའུ་ན་ཡོད་ཕྱིར་ངེད་གཉིས་ཀས་དུས་བཏབ་ནས་ཁོ་ཧྥེ་ཁང་ཞིག་ཏུ་ཁ་བརྡ་ལྷོད་ལྷོད་བྱས།  དེ་དུས་ད་ལོའི་སྤྱི་ཟླ་ལྔ་བའི་ནང་། ནམ་ཟླ་སྐྱིད་དུས། ནད་ཡམས་དང་ཚ་བ་ཡང་མེད་དུས་རེད། 

 

ངེད་གཉིས་ཀྱིས་ཁ་བརྡ་ཅི་ཞིག་གི་སྐོར་ནས་བྱས་པ་ཡིན་ཟེར་ན། གཙོ་བོ་གྲོགས་པོའི་མ་འོངས་བའི་ཞིབ་འཇུག་གི་འཆར་གཞིའི་སྐོར་ནས་བྱས་པ་ཡིན། གྲོགས་སྐལ་བཟང་བོད་རྒྱ་དབྱིན་གསུམ་ལ་བྱང་ཆ་ལྡན་ཞིང་། ལྷ་ས་སྐད་གཙོ་བྱས་བོད་སྟོད་སྨད་བར་གསུམ་གྱི་ཡུལ་སྐད་མང་པོ་ཞིག་ཀྱང་བཤད་ཤེས། དེས་ག་ལ་ཚད། ཁོས་ད་དུང་སི་ཁྲོན་གྱི་རྒྱ་སྐད་དང་མཚོ་སྔོན་གྱི་རྒྱ་སྐད་ཀྱང་ཡག་པོ་བཤད་ཤེས།  དེས་ན་གྲོགས་པོ་ཁོའི་སྐད་དང་ཡི་གེའི་ཕྱོགས་ཀྱི་ཤེས་རབ་ལ་སུས་ཀྱང་ཡིད་སྨོན་མི་འཆོར་དབང་མེད་ཅིག་ཡིན་ནོ།།  དེ་ལྟར་ཡང་། ཉིན་དེར་ཐོག་མར་ངེད་གཉིས་ཀྱིས་ཁོའི་ཞིབ་འཇུག་གི་འཆར་གཞིའི་སྐོར་ནས་ཁ་བརྡ་བྱེད་སྐབས་ང་ལ་ཚོར་བ་འདི་འདྲ་ཞིག་སྐྱེས་སོང་སྟེ། གྲོགས་སྐལ་བཟང་ལ་ཞིབ་འཇུག་གི་ཁ་བྱང་ཡག་པོ་ཞིག་ཡོད་པ་མ་གཏོགས་ཁོས་ད་དུང་རང་གི་ཞིབ་འཇུག་གི་དྲི་བ་དང་ཞིབ་འཇུག་གི་གནད་དོན་སོགས་ཀྱི་སྐོར་ལ་བསམ་བློ་ཞིབ་མོ་བཏང་མེད་པ་འདྲ། ཁོའི་འཆར་གཞི་གཙོ་བོ་ནི་བོད་ཡུལ་གྱི་ས་ཆ་སྐོར་ཞིག་ལ་སོང་ནས་རང་གི་ཞིབ་འཇུག་གི་ཁ་བྱང་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་དེ་ཡིན་ཟེར།

 

གྲོགས་པོའི་བར་ཁ་ཡག་ངོ་བསྟོད་བཤད་དགོས་དོན་མི་འདུག་བསམ་ནས་ངས་ཁོའི་ཞིབ་འཇུག་གི་འཆར་གཞིའི་ཐད་ལ་བསམ་འཆར་འགའ་བཏོན་པ་ཡིན།  གཙོ་བོ་ཁོས་ཞིབ་འཇུག་གི་རྒྱུ་ཆ་འཚོལ་བསྡུ་མ་བྱས་སྔོན་ལ་ཐོག་མར་གནད་ལ་ཁེལ་བའི་ཞིབ་འཇུག་གི་དྲི་བ་ཁ་ཤས་གྲ་སྒྲིག་བྱེད་དགོས་པ་དང་། དེ་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་རང་གི་ཞིབ་འཇུག་གི་ཁ་བྱང་དང་ཞིབ་འཇུག་གི་དྲི་བར་འབྲེལ་བའི་རྒྱུ་ཆ་འཚོལ་བསྡུ་བྱེད་དགོས་ཚུལ། གཞན་ད་དུང་ས་ཆ་གཅིག་ནས་གཉིས་གཙོ་རུ་གཟུང་ནས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཞེས་གླེང་མོལ་མང་པོ་ཞིག་བྱས་རྗེས་མཐར་ཁོ་ལ་ཞིབ་འཇུག་གི་འཆར་གཞི་གསར་པ་ཞིག་བཟོས་པ་ཡིན། ཉིན་ཕྱེད་ཅིག་ལ་ཁ་བརྡ་བྱས་རྗེས་ངེད་གཉིས་ཕྱིར་རང་རང་གི་ཡུལ་ལ་ལོག་རྩིས་བྱས།   གྲོགས་པོའི་གདོང་ལ་འཛུམ་ཞིག་ལངས་ཞོར། ད་ཐེངས་མ་མཐའ་ཡང་ཁྱོད་ཀྱིས་ངའི་ལོ་ཕྱེད་རིང་གི་དུས་ཚོད་འཕྲོ་བརླག་བྱེད་དུ་མ་བཅུག་པས་ངོ་མ་བཀའ་དྲིན་ཆེ་ཟེར། གྲོགས་པོའི་སྐད་ཆ་འདི་ཡང་ཁ་ཡག་ངོ་བསྟོད་དེ་འདྲ་མིན་པར་ང་ལ་ཡིད་ཆེས་ཡོད། 

 



ཅི་ཞིག་ལ་ཞིབ་འཇུག་ཟེར།  ཞིབ་འཇུག་གི་ཁ་བྱང་གནད་ལ་ཁེལ་བ་ཞིག་ཅི་ལྟར་འདེམས་དགོས།  དེ་ལས་ཀྱང་གལ་ཆེ་བ་ནི་ཞིབ་འཇུག་གི་དྲི་བ་གནད་ལ་ཁེལ་བ་ཞིག་ཅི་ལྟར་འདོན་དགོས། ཞིབ་འཇུག་གི་དྲི་བ་གནད་ལ་ཁེལ་བ་ཞིག་བཏོན་རྗེས་ཞིབ་འཇུག་གི་གནད་དོན་ཅི་ཞིག་ཐག་གཅོད་བྱེད་དགོས། ཞིབ་འཇུག་གི་གནད་དོན་ཞིག་ཐག་གཅོད་བྱེད་ཆེད་དམིགས་ཡུལ་ཡོད་པའི་སྒོ་ནས་ཞིབ་འཇུག་གི་རྒྱུ་ཆ་ཅི་ལྟར་འཚོལ་བསྡུ་བྱེད་དགོས་སམ།  ང་རང་ཉིད་ཞིབ་འཇུག་སློབ་མ་ཡིན་དུས་ཀྱི་ལོ་ཟླ་ལ་ཕྱིར་འདང་རེ་བརྒྱབ་ན། དུས་ཡུན་རིང་པོ་ཞིག་ལ་གོང་གི་དྲི་བ་འདི་དག་གི་སྐོར་ལ་བསམ་བློ་ཞིབ་མོ་བཏང་མེད་པ་འདྲ། གུས་པ་ངའི་དགེ་རྒན་རྣམས་ནས་ཀྱང་ཁ་གསལ་ཞིང་གོ་བདེ་བོའི་སྒོ་ནས་གོང་གི་དྲི་བ་འདི་དག་གི་གལ་ཆེན་རང་བཞིན་ཐད་ལ་ཆེད་ལས་ཀྱི་ཡོན་ཏན་གྱིས་ཕྱུག་པའི་ལམ་སྟོན་དེ་འདྲ་ནི་བྱས་མ་མྱོང་བ་འདྲ།   

 

ཁོ་བོས་བསམ་ན། དེ་ལྟར་མ་བྱས་པའི་རྒྱུ་མཚན་གཅིག་ནི་ཉམས་མྱོང་ཅན་གྱི་ཞིབ་འཇུག་པ་ཞིག་ལ་མཚོན་ན་གོང་གི་དྲི་བ་འདི་དག་ནི་རྒྱུན་ཤེས་ལྟ་བར་ཆགས་ཡོད་པས་ཡིན།  དེ་ལྟར་ཡང་། ཞིབ་འཇུག་པ་གསར་པ་མང་པོ་ཞིག་ལ་མཚོན་ན་ལམ་སྟོན་གྱི་དཔེ་ཁྲིད་ཅིག་ཤིན་ཏུ་མཁོ་སྙམ་སྟེ། ལམ་སྟོན་གྱི་དཔེ་ཁྲིད་མེད་པའི་མཇུག་འབྲས་གཅིག་ནི་ང་དང་ང་འདྲའི་སློབ་མ་མང་པོ་ཞིག་ཐོག་མར་ལད་ཟློས་དང་རང་གི་མྱོང་བས་གྲུབ་ཚད་ལྟར་ཞིབ་འཇུག་གི་ལས་ལ་འཇུག་གྱིན་ཡོད་པ་མ་ཟད་ཞིབ་འཇུག་གི་ཆེས་རྩ་བའི་གྲུབ་ཆ་དག་བློར་ངེས་མེད་ལ། འདིའི་མཇུག་འབྲས་གཞན་ཞིག་ནི་མང་པོ་ཞིག་གི་དྲན་ཕྱོགས་ལྟར་ཞིབ་འཇུག་ཡག་པོ་ཞིག་འཁྱོངས་དགོས་ཚེ་ཐོག་མར་དུས་ཡུན་རིང་པོ་ཞིག་ལ་ཞིབ་འཇུག་གི་རྒྱུ་ཆ་མང་པོ་ཞིག་འཚོལ་བསྡུ་བྱེད་དགོས་བསམ་པ་དེ་ཡིན།   དོན་ངོ་མར་ཞིབ་འཇུག་གི་ཉམས་མྱོང་མེད་པའི་དྲན་ཚུལ་འདི་ནི་དམིགས་ཡུལ་མེད་པའི་ཞིབ་འཇུག་པ་ཞིག་ཏུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད། 

 



འབུམ་རམས་པའི་ལོ་རིམ་དང་པོའི་སྐབས་སུ།  ངས་རང་གི་ཞིབ་འཇུག་གི་འཆར་གཞི་མཛུབ་ཁྲིད་དགེ་རྒན་ལགས་ལ་བསྐུར་པ་ཡིན། གཟའ་འཁོར་གཅིག་ལྷག་གི་རྗེས་སུ་མཛུབ་ཁྲིད་དགེ་རྒན་གྱིས་ང་ལ་དེབ་ཅིག་འོས་སྦྱོར་བྱས་སོང་། ཞོར་དུ་འོས་སྦྱོར་བྱས་པའི་དེབ་དེ་ཞིབ་ཏུ་ཀློག་དགོས་པའི་རེ་བ་ཡང་བཏོན་འདུག དཔེ་ཆ་དེའི་མིང་ལ་བོད་སྐད་དུ<<ཞིབ་འཇུག་གི་ཐབས་རྩལ >> The Craft of Research ཞེས་བསྒྱུར་ན་ཆོག་པ་འདྲ། རྒན་ཁོང་གི་རེ་བ་ལྟར་བདག་གིས་དཔེ་ཆ་འདི་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། དེབ་འདི་བཀླགས་རྗེས་རང་ཉིད་ཀྱིས་སྔོན་ཆད་བྲིས་ཟིན་པའི་དཔྱད་རྩོམ་དག་ཏུ་ནོར་སྐྱོན་མང་པོ་ཞིག་བཟོས་འདུག་པ་གཞི་ནས་རྟོགས་སོང་། དྲང་མོར་བཤད་ན་དཔྱད་རྩོམ་ཁ་ཤས་ཀྱི་ནང་དུ་ཞིབ་འཇུག་གི་དྲི་བ། ཡང་ན་ཞིབ་འཇུག་གི་གནད་དོན་སོགས་ཀྱི་ཐད་ལ་བསམ་བློ་ཞིབ་མོ་བཏང་མི་འདུག དུས་དེ་ནས་བཟུང་རྒན་ལགས་ཀྱིས་འོས་སྦྱོར་བྱས་པའི་དཔེ་ཆ་འདི་ཡང་རང་གི་ཞིབ་འཇུག་གི་ལམ་བུའི་ཁྲོད་མཛུབ་སྟོན་དགེ་རྒན་གཙོ་བོ་ཞིག་ཏུ་གྱུར། རང་ལ་དྲིན་ཆེ་བའི་དཔེ་ཆ་འདི་རིམ་བཞིན་བོད་ཀྱི་སློབ་མ་མང་པོ་ཞིག་ལ་ངོ་སྤྲོད་དང་འོས་སྦྱོར་བྱ་ཆེད་ད་ལོའི་དབྱར་ཁར་བོད་འབྲེལ་སློབ་ཆེན་ཁག་གི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་མ་བཅུ་ལྷག་ལ་<<ཞིབ་འཇུག་གི་ཐབས་རྩལ>>ཞེས་པའི་དཔེ་ཆ་འདི་དཀྱིལ་སྙིང་དུ་བཟུང་ནས་ཟླ་གཅིག་གི་རིང་དཔེ་ཁྲིད་བྱས་པ་ཡིན། 

 

གང་ལྟར།  རྩོམ་འདིའི་ནང་བརྗོད་འདོད་པའི་བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲོག་འོ་མའི་མར་ལོ་ཅི་ཡིན་ཟེར་ན། ངས་གོང་གི་དཔེ་ཆ་འདི་གཞིར་གཟུང་ནས་ཞིབ་འཇུག་གི་ལམ་ཁ་ན་མུན་ནག་གི་ལུང་སྟོང་འགྲིམ་བཞིན་པའི་སློབ་མའམ་ཡང་ན་ཞིབ་འཇུག་པ་གསར་པ་ཡོངས་ལ་ཚད་ལྡན་གྱི་དཔྱད་རྩོམ་ཞིག་ལ་ཚང་དགོས་པའི་རྩ་བའི་ཆེ་རྐྱེན་སྐོར་ངོ་སྤྲོད་རགས་ཙམ་བྱེད་འདོད་པ་དེ་ཡིན།  སྤྱིར་ན་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གཉིས་བར་དཔྱད་རྩོམ་འབྲི་སྟངས་ཐད་བྱེ་བྲག་གི་ཁྱད་པར་ཡོད་ན་ཡང་རྩ་བའི་ཆ་རྐྱེན་དག་ནི་འདྲ་འདྲ་རེད། དེ་གང་རེད་ཟེར་ན། ཞིབ་འཇུག་གི་ཁ་བྱང་གནད་ལ་ཁེལ་བ་ཞིག་གཏེན་ཁེལ་བྱས་རྗེས་ཁ་བྱང་དེ་ལ་གཞི་བཅོལ་ནས་ཞིབ་འཇུག་གི་དྲི་བ་གསལ་བོ་ཞིག་འདོན་དགོས། ཞིབ་འཇུག་གི་དྲི་བ་གསལ་བོ་ཡོད་ཞིག་ཡོད་ན།  མ་འོངས་པའི་ཞིག་འཇུག་གི་བརྒྱུད་རིམ་ཁྲོད་རང་གི་ཞིབ་འཇུག་གི་དྲི་བ་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་དག་དམིགས་ཡུལ་ཡོད་པའི་སྒོ་ནས་འཚོལ་བསྡུ་བྱ་ཐུབ། ཞིབ་འཇུག་གི་དྲི་བ་གནད་ལ་ཁེལ་བ་ཞིག་བཏོན་རྗེས་ཞིབ་འཇུག་གང་དེའི་དགོས་གལ་ཡང་ཀློག་པ་པོ་ལ་ངོ་སྤྲོད་གསལ་བོ་བྱེད་དགོས།

 

 <<ཞིབ་འཇུག་གི་ཐབས་རྩལ>>ཞེས་པའི་དེབ་འདིའི་ལེའུ་གསུམ་པ་དང་བཞི་བར་ནང་དོན་རེ་དང་དཔེ་རེ་སྦྱར་ནས་གོང་སྨྲོས་ཞིབ་འཇུག་གི་ཆེས་རྩ་བའི་ཆ་རྐྱེན་འདི་དག་གི་སྐོར་ནས་གསལ་བཤད་གསལ་བོ་བྱས་འདུག་སྟེ། འདིར་དེབ་འདིའི་ལྡེབས་ངོས45སྟེང་གི་དཔེ་བརྗོད་འདི་ཅུང་ཟད་གླེང་བར་བྱའོ།།




གོང་གི་དཔེ་བརྗོད་འདི་གཉིས་ནང་ཅི་ཞིག་བརྗོད་འདུག་ཟེར་ན།

 

གཅིག ངའི་ཞིབ་འཇུག་བྱ་ཡུལ་ནི་བྱང་ཨ་རིའི་འོ་འཐུང་སྲོག་ཆགས་དག་ཉམས་སོང་བའི་རྒྱུ་རྐྱེན་སྐོར་ཡིན།


གཉིས། རྒྱུ་མཚན་ངས་ཞིབ་འཇུག་འདི་བརྒྱུད་ནས་སྔོན་གྱི་གཞིས་ཆགས་མི་རིགས་ཀྱིས་བྱང་ཨ་རིའི་འོ་འཐུང་སྲོག་ཆགས་རྣམས་རྔོན་ཚར་བ་རེད་དམ་ཡང་ན་རྒྱུ་རྐྱེན་གཞན་ཡོད་པ་རེད་ཤེས་འདོད་པ་ཡིན།


གསུམ། ཞིབ་འཇུག་འདི་བརྒྱུད་ནས་སྔོན་གྱི་གཞིས་ཆགས་མི་རིགས་རང་བྱུང་ཁམས་སུ་འཆམ་མཐུན་མཉམ་གནས་བྱས་འདུག་གམ་ཡང་ན་རང་བྱུང་ཁམས་ལ་གཏོར་བརླག་བྱས་འདུག་པའི་སྐོར་ཀློག་པ་པོ་ལ་ངོ་སྤྲོད་བྱ་རྒྱུ་ཡིན།

 

དཔེ་བརྗོད་གཉིས་པའི་ནང་དོན་ནི།

གཅིག  ངའི་ཞིབ་འཇུག་བྱ་ཡུལ་ནི་ཨ་རིའི་གཙོ་འཛིན་ལིན་ཁིན་གྱིས་སྔོན་ལས་ལ་བཟུང་བའི་ཡིད་ཆེས་ཀྱིས་ཅི་ལྟར་ཁོའི་ལས་ཀ་སྒྲུབ་སྐབས་ཀྱི་རིགས་འདེད་ལ་ཤུགས་རྐྱེན་ཐེབས་ཡོད་པའི་སྐོར་ཡིན།


གཉིས། རྒྱུ་མཚན་ཞིབ་འཇུག་འདི་བརྒྱུད་ནས་ལིན་ཁུན་གྱིས་སྔོན་ལས་དང་དཀོན་མཆོག་གི་དགོངས་པ་ལ་བཟུང་བའི་ཡིད་ཆེས་ཀྱིས་ཁོང་གིས་དམག་འཁྲུག་བྱུང་དོན་གྱི་གོ་བ་ལེན་སྟངས་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ཡིན།


གསུམ། ཞིབ་འཇུག་འདི་བརྒྱུད་ནས་གཙོ་འཛིན་ལིན་ཁུན་གྱི་ཆོས་ལུགས་བསམ་བློས་ཁོང་གི་དམག་དོན་གྱི་ཐག་གཅོད་སྐོར་ལ་ཤུགས་རྐྱེན་ཐེབས་ཡོད་པའི་སྐོར་ཀློག་པ་པོར་ཤེས་སུ་འཇུག་རྒྱུ་དེ་ཡིན། 

 

གོང་གི་དཔེ་བརྗོད་འདི་གཉིས་ཀྱི་ནང་དུ་ཞིབ་འཇུག་གི་ཁ་བྱང་དང་འབྲེལ་བའི་དྲི་བ་གསལ་བོ་རེ་ཡོད་པས་ད་གཟོད་ཞིབ་འཇུག་གང་ཞིག་བྱེད་རྒྱུ་གསལ་བོ་ཆགས་འདུག ཞིབ་འཇུག་གི་གོ་རིམ་འདི་ཡོད་རྗེས་ཞིབ་འཇུག་གི་ལས་དངོས་སུ་འཇུག་སྐབས་ཐབས་ལམ་གང་ཞིག་གདམ་དགོས་པ་དང་། ཞིབ་འཇུག་གི་དྲི་བ་དང་འབྲེལ་བའི་རྒྱུ་ཆ་ཅི་ཞིག་འཚོལ་བསྡུ་བྱེད་དགོས་པ། དེ་ནས་ཞིབ་འཇུག་གི་རྒྱུ་ཆ་ལ་ཇི་ལྟར་དབྱེ་ཞིབ་བྱས་ནས་སྡོམ་ཚིག་ཅི་ཞིག་འཇོག་དགོས་པའི་སྐོར་ལ་ཁ་ཕྱོགས་གསལ་བོ་ཞིག་སྟོན་ཐུབ།  དེས་ན་སྐབས་འདིར་ཁྱོད་ནི་དམིགས་ཡུལ་ཡོད་པའི་ཞིབ་འཇུག་པ་ཞིག་གི་ལམ་ཁ་རུ་གོམ་པ་སྤོ་མགོ་བརྩམས་སོང་བ་རེད། གསལ་བཤད་ཞུ་རྒྱུ་ཞིག་ལ་གོང་གི་ལྟ་བ་འདི་དག་ནི་གཙོ་བོ<<ཞིབ་འཇུག་གི་ཐབས་རྩལ>>ཟེར་བའི་དཔེ་ཆ་འདི་དང་གཞན་ད་དུང་རང་གི་ཉམས་མྱོང་གཉིས་ལ་གཞི་བཅོལ་ནས་བཤད་པ་ཡིན། དེ་ཡང་ཞིབ་འཇུག་ཁ་བྱང་ལ་དབྱིན་སྐད་དུResearch topic དང་ཞིབ་འཇུག་གི་དྲི་བ་ལ་Research question ཞིབ་འཇུག་གི་གལ་ཆེན་རང་བཞིན་ལ་Research significance ཟེར། ཞིབ་འཇུག་གི་དྲི་བ་ཡང་གཙོ་ཕལ་གཉིས་སུ་བཀར་ནས་བཏོན་ཆོག དེས་ན་ཞིབ་འཇུག་གི་གལ་ཆེན་རང་བཞིན་ནམ་ཡང་ན་ཞིབ་འཇུག་གི་གནད་དོན་ཟེར་ན་ཅི་ཞིག་ལ་ཟེར་གྱི་ཡོད་པ་རེད།

 

ཞིབ་འཇུག་གི་གལ་ཆེན་རང་བཞིན་སྐོར་ལ་བསམ་བློ་གཏོང་སྐབས་ཞིབ་འཇུག་གི་གནད་དོན་བྱེ་བྲག་པ་ཞིག་འཚོལ་དགོས་ཀྱི་ཡོད། འོ་ན་གནད་དོན་དེ་འདྲ་ཞིག་ཇི་ལྟར་འཚོལ་དགོས་ཞེ་ན། གཙོ་བོ་རང་གི་དཔྱད་གཞིའི་ཁ་བྱང་དང་འབྲེལ་བའི་སྔར་ཡོད་ཀྱི་དཔྱས་འབྲས་དག་ཞིབ་མོར་ཀློག་དགོས་པ་ཡིན། <<ཞིབ་འཇུག་གི་ཐབས་རྩལ>>ཀྱི་ལྡེབས་ངོས89པར་འཁོད་པའི Read For a Problem ཞེས་པའི་ཚན་པ་དེའི་ནང་སྐད་ཆ་འདི་འདྲ་ཞིག་བཤད་འདུག “Read sources not randomly but deliberately to find a problem” ཚིག་འདིའི་དོན་ནི། དམིགས་ཡུལ་ཡོད་པའི་སྒོ་ནས་སྔར་ཡོད་ཀྱི་དཔྱད་འབྲས་ཀློག་ལ་གནད་དོན་ཞིག་ཚོལ་ཞིག་ཅེས་པའི་དོན་རེད། གནད་དོན་དཔེར་ན་སྔར་ཡོད་ཀྱི་ཞིབ་འཇུག་ནང་ལྟ་ཚུལ་གསལ་ཁ་ཐོན་མེད་ས། ལྟ་ཚུལ་དཔང་རྟགས་ལྡན་མེད་སའམ་ཡང་ན་ལྟ་ཚུལ་དཔང་རྟགས་འདང་མེད་ས། ལྟ་ཚུལ་གོ་ནོར་ཐོབ་ཡོད་ས། ལྟ་ཚུལ་འབྲེལ་ལོག་བརྒྱབ་ཡོད་ས་སོགས་བཙལ་ནས་རང་གི་དཔྱད་གཞིའི་ཡུལ་ལ་ཞིབ་འཇུག་གི་རིན་ཐང་བྱེ་བྲག་ཅིག་འདོན་དགོས་པ་རེད། འདི་ལྟར་ཞིབ་འཇུག་གི་གནད་དོན་ཞིག་བཏོན་པ་ཡིན་ན་ཞིབ་འཇུག་གི་གལ་ཆེན་རང་བཞིན་ཡང་འབུར་དུ་ཐོན་ཡོང་གི་རེད།

 

ད་ལོའི་དབྱར་ཁར་སྤེལ་བའི་ངའི་<<ཞིབ་འཇུག་གི་ཐབས་རྩལ>>ཟེར་བའི་སློབ་ཁྲིད་ནང་དུ།  གཟའ་འཁོར་རེ་རེར་སློབ་མ་ཚོར་ལས་བྱས་རེ་བཀོད་སྒྲིག་བྱས་པ་ཡིན། གཟའ་འཁོར་དང་པོའི་ལས་བྱ་ནི་སློབ་མ་རང་རང་གི་བསླབ་ཚན་ཁྱབ་ཁོངས་ཀྱི་རྒྱལ་ཕྱི་ནང་གཉིས་ཀྱི་ཚད་ལྡན་གྱི་རིག་གཞུང་དུས་དེབ་ལྔ་རེའི་སྐོར་ལ་རྒྱུས་ལོན་བྱེད་དུ་བཅུག་པ་ཡིན། ལས་བྱ་འདིའི་དམིགས་ཡུལ་གཅིག་སློབ་མ་རེ་རེས་རང་གི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏོགས་པའི་ཚད་ལྡན་གྱི་རིག་གཞུང་དུས་དེབ་ལ་རྒྱུས་ཡོད་རྒྱུ་དང་།  དམིགས་ཡུལ་གཞན་གཙོ་བོ་གཅིག་ནི་སློབ་མ་རེ་རེས་རང་གི་ཞིབ་འཇུག་གི་ཁྱབ་ཁོངས་ཀྱི་དཔྱད་འབྲས་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་ལྟ་བ་དང་། དེ་དང་ཞོར་དུ་ཞིབ་འཇུག་གི་གནད་དོན་བཙལ་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་དེ་ཡིན་ལ། དཔེ་ཀློག་གི་ཁྲོད་ཞིབ་འཇུག་གི་གནད་དོན་འཚོལ་བའི་བརྒྱུད་རིམ་འདི་ནི་རང་གི་མ་འོངས་པའི་དཔྱད་རྩོམ་འབྲི་བར་སྟ་གོན་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ཞེས་ཀྱང་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ཁོ་ཚོར་ཡང་ཡང་བཤད།  

 

འདི་ལྟར་བརྗོད་ཡོང་དུས། ཞིབ་འཇུག་གི་གནད་དོན་གཙོ་རུ་བཟུང་ཡོད་པའི་ཞིབ་འཇུག་ཟེར་བ་ནི་ཞིབ་འབྲི་ཁོ་ནའམ་ཡང་ན་ཆོས་དངོས་གང་ཞིག་ངོ་སྤྲོད་བྱེད་པ་ཙམ་མིན་པར།  རང་གི་ཞིབ་འཇུག་གི་དྲི་བར་ལན་འཚོལ་བའི་བརྒྱུད་རིམ་ཁྲོད་སྔར་ཡོད་པའི་ཞིབ་འཇུག་གི་དཔྱད་འབྲས་ལ་གཞི་བཞག་ནས་བྱེ་བྲག་གི་གནད་དོན་ཞིག་ཐག་གཅོད་བྱེད་པ་དེ་ལ་ཟེར་བ་དང་།དཔྱད་རྩོམ་ནི་རང་གི་ལྟ་བ་ཁོ་ན་ཙམ་བརྗོད་པ་མ་ཡིན་པར་གཙོ་བོ་རང་གི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཡོད་པའི་དཔྱད་འབྲས་བར་བགྲོ་གླེང་དང་ཁ་བརྡ་བྱེད་ཐུབ་དགོས་ལ། བགྲོ་གླེང་གི་བརྒྱུད་རིམ་ཁྲོད་དུ་རང་གི་ཞིབ་འཇུག་དེ་སྔར་ཡོད་དཔྱད་འབྲས་དང་མཐུན་ས་ཅི་ཡོད་མི་མཐུན་ས་ཅི་ཡོད་གསལ་བོར་བཤད་དགོས་པར་མ་ཟད།  རང་གི་དཔྱད་འབྲས་ཀྱིས་སྔར་ཡོད་ཀྱི་དཔྱད་འབྲས་ལ་ཁ་སྣོན་ཅི་ཞིག་བྱས་ཡོད་པ་དང་ཡང་ན་སྔར་ཡོད་པའི་ཞིབ་འཇུག་གི་དཔྱད་འབྲས་ལ་བསྐྱར་ཞིབ་དང་དགག་ལན་ཅི་ཞིག་བཏང་ཡོད་པ་ཡང་གསལ་བོར་བཤད་དགོས། མདོར་དྲིལ་ན། ཞིབ་འཇུག་གི་གལ་ཆེན་རང་བཞིན་ཟེར་བ་དེ་གལ་ཏེ་ཁྱོད་ཀྱི་ཞིབ་འཇུག་གི་དཔྱད་འབྲས་འདི་ཡོད་ཚེ་ཁྱོད་ཀྱི་ཞིབ་འཇུག་གི་ཁྱབ་ཁུངས་ལ་ཕན་ཅི་ཞིག་ཡོད་པ་དང་གལ་ཏེ་མེད་ཚེ་གྱོང་གུད་ཅི་ཞིག་ཡོད་པའི་སྐོར་ནས་ལན་འདེབས་ཐུབ་དགོས་སོ།། 

 

ཉམས་མྱོང་ཡོད་པའི་ཞིབ་འཇུག་པ་ཞིག་ལ་མཚོན་ན་གོང་ནས་བཤད་པ་འདི་དག་རྒྱུན་ཤེས་ལྟ་བུ་ཡིན་སྲིད་མོད། སྤྱིའི་ཆ་ནས་མིག་སྔའི་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔྱད་རྩོམ་མང་པོ་ཞིག་གནས་ཚུལ་ངོ་སྤྲོད་ཀྱི་རིམ་པར་ལུས་འདུག་བསམ། དཔེར་ན། དགོན་པ་དང་སྡེ་བ་ག་གེ་མོའི་ལོ་རྒྱུས་དང་། ཡང་སྡེ་བ་དང་ཚོ་བ་ག་གེ་མོའི་ཡུལ་སྲོལ་གོམས་གཤིས་ཞིབ་འབྲི་ལྟ་བུ་མང་པོ་འདུག  རྩོམ་རིག་སྐོར་ལ་བརྗོད་བྱ་རྗོད་བྱེད་ཀྱི་ཁྱད་ཆོས་ཁོ་ན་གླེང་བ་ལྟ་བུའི་སྟབས་བདེའི་དཔྱད་རྩོམ་མང་པོ་མཐོང་རྒྱུ་འདུག དེ་མིན་ལོ་རྒྱུས་ཞིབ་འཇུག་ཁྲོད་ན་ཡང་སྤྱི་བཤད་ཆེ་བཤད་ལས་བྱེ་བྲག་གི་སྒང་ལ་བབས།  གཞན་གྱི་དཔྱད་འབྲས་ལ་བལྟས།  དེ་དག་གི་ལྟ་བ་དང་ལུང་ཁུངས་གསལ་བོར་དྲངས་ཡོད་པ་དེ་འདྲ་ཤིན་ཏུ་ཉུང་ངར་སྣང་།  ངོ་སྤྲོད་རང་བཞིན་གྱི་རྩོམ་ཡིག་འདི་རིགས་ལ་རིན་ཐང་མེད་པ་ག་ལ་ཡིན་མོད། ཚད་ལྡན་གྱི་དཔྱད་རྩོམ་ཞིག་ལ་ཡོད་དགོས་པའི་ཆ་རྐྱེན་དག་ཚང་མེད།  རྒྱུ་མཚན་དེའི་ཕྱིར།  མི་མང་པོ་ཞིག་གིས་ཞིབ་འཇུག་ཟེར་བ་འདི་གནས་ཚུལ་ངོ་སྤྲོད་གཙོ་སྙིང་དུ་གཟུང་བའི་རྩོམ་ཡིག་ཅིག་ལ་ངོས་འཛིན་བྱེད་གྱིན་ཡོད་པ་འདྲ་ཡང་།  དོན་ལ་དེ་ལྟར་མིན་ནོ།།  ངོ་སྤྲོད་གཙོ་སྙིང་དུ་གཟུང་བའི་མཇུག་འབྲས་གཅིག་ནི་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་ལམ་ནས་དཔྱད་རྩོམ་འདྲ་མིན་སྣ་ཚོགས་ཤིག་བྲིས་ཡོད་ཀྱང་དེ་དག་ལ་བྱེ་བྲག་ཏུ་བསྐྱར་ཞིབ་དང་དོགས་འདྲི། ཡང་ན་དགག་ལན་སོགས་བྱེད་ཐུབ་མེད་པ་དེ་རེད་ལ།  རིག་གཞུང་བསླབ་ཚན་གང་དང་གང་ཞིག་ཡིན་ཡང་ཞིབ་འཇུག་གི་བགྲོ་གླེང་དང་རྩོད་པ་སོགས་མེད་ན་རིག་གཞུང་བསླབ་ཚན་གང་དེ་ཉམས་བཞིན་པའི་སྔ་རྟགས་ཡིན་ནོ།།

 

ཡང་གནད་དོན་གཅིག་ནི།  ང་ཚོས་ཞིབ་འཇུག་གི་རིན་ཐང་གླེང་དུས་ཀྱང་ནམ་རྒྱུན་རིག་གནས་སྲུང་སྐྱོབ་གྱི་སྐད་ཆ་མང་པོ་ལབ་བཞིན་འདུག དཔེར་ན། དམངས་སྲོལ་རིག་གནས་ག་གེ་མོ་སྲུང་སྐྱོབ། རྒྱུད་འཛིན། ཁྱབ་བསྒྲགས་སོགས་བྱེད་རྒྱུ་ཞིབ་འཇུག་གི་རིན་ཐང་ལ་བརྩི་བཞིན་འདུག སྤྱིར་ན་རིག་གཞུང་ཞིབ་འཇུག་གི་གལ་ཆེན་རང་བཞིན་གླེང་སྐབས་སྔར་ཡོད་ཀྱི་དཔྱས་འབྲས་ལ་དཔེ་བལྟས་ནས་ཞིབ་འཇུག་གི་རིན་ཐང་བྱེ་བྲག་ཅིག་གླེང་དགོས་པ་ལས་རིག་གནས་སྲུང་སྐྱོབ་ཀྱི་ཁ་གཡང་ཁོ་ན་བསྒྲགས་པས་མི་ཡོང་། དེ་མིན་ད་དུང་དབྱེ་ཞིབ་ཉུང་ཞིང་ཡང་ན་དབྱེ་ཞིབ་མེད་པའི་བོད་ཀྱི་ཆབ་དཔལ་རིག་གསུམ་དང་འབྲེལ་བའི་རྒྱུ་ཆ་བསྡུ་བསྒྲིགས་སམ་ཡང་ན་རྒྱུ་ཆ་འདྲ་མིན་ཕྱོགས་བསྒྲིགས་བྱས་པའི་དེབ་ཡང་མང་པོ་མཐོང་རྒྱུ་འདུག ང་ཚོས་ནམ་རྒྱུན་རྒྱུ་ཆ་ཕྱོགས་བསྒྲིགས་ཁོ་ན་ལ་འབད་ཚེ་ནམ་ཞིག་ང་ཚོ་རིག་གཞུང་ཞིབ་འཇུག་གི་སྡེ་རུ་གླ་བ་ཆགས་འགྲོ་ལ། ང་ཚོས་བསྡུ་བསྒྲིགས་བྱས་པའི་རྒྱུ་ཆ་ལ་དཔྱད་ནས་ཚད་ལྡན་གྱི་དཔྱད་རྩོམ་འབྲི་མཁན་དག་ནི་ཞིབ་འཇུག་པ་དང་ཆེད་མཁས་པར་གྱུར་འགྲོ་བ་རེད། དཔེར་ན་རྒྱལ་ཕྱི་ནང་གི་བོད་རིག་པ་སྨྲ་བ་མང་པོ་ཞིག་གིས་བོད་ཡིག་བོད་སྐད་ཡག་པོ་མི་ཤེས་ཀྱང་ཞིབ་འཇུག་གི་རྒྱུ་ཆ་གནད་ལ་ཁེལ་བ་རེ་བཙལ་ནས་ཚད་ལྡན་གྱི་དཔྱད་རྩོམ་འདྲ་མིན་སྣ་ཚོགས་འབྲི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ཁོ་ཚོར་ཞིབ་འཇུག་གི་རྩ་དོན་ཁག་ལ་བློ་སྦྱོང་ཡོད་པས་ཡིན།

 

 

མཐར་བརྗོད་འདོད་པ་ནི། ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་<<ཞིབ་འཇུག་གི་ཐབས་རྩལ>>ཟེར་བའི་དཔེ་ཆ་འདི་དང་རང་ཉིད་ཀྱིས་དཔེ་ཁྲིད་བྱས་པའི་ཉམས་མྱོང་དག་རྩོམ་ཐུང་འདི་འདྲ་ཞིག་བརྒྱུད་ནས་གསལ་བོ་ཞིག་བརྗོད་མི་ཐུབ་མོད། གལ་ཏེ་ང་ཚོས་དཔེ་ཆ་འདི་ཞིབ་ཀློག་བྱ་རྒྱུ་བྱུང་ན། ཇི་ལྟར་ཞིབ་འཇུག་གི་ཁ་བྱང་གནད་ལ་ཁེལ་བ་ཞིག་འདེམས་པ་དང་། ཇི་ལྟར་ཞིབ་འཇུག་གི་དྲི་བ་གནད་ལ་ཁེལ་བ་ཞིག་འདོན་པ། ཇི་ལྟར་ཞིབ་འཇུག་གི་ལྟ་བ་རྒྱུ་མཚན་དང་ལྡན་པ། རྒྱུ་མཚན་དེ་ཡང་དཔང་རྟགས་དང་ལྡན་པ་ཞིག་བྱ་རྒྱུ། གཞན་ད་དུང་ཚད་ལྡན་གྱི་དཔྱད་རྩོམ་ཞིག་གི་སྒྲོམ་གཞི། ལུང་འདྲེན་སྟངས། གླེང་གཞི་དང་མཇུག་སྡོམ་སྟངས། དེ་མིན་དཔྱད་རྩོམ་གྱི་ཡན་ལག་སོ་སོའི་བར་གྱི་གཏན་ཚིགས་ཀྱི་འབྲེལ་བ་སོགས་ཀྱི་ཞིབ་ཕྲའི་གནད་དོན་སྐོར་ལ་ངེས་ཤེས་ཡག་པོ་ཞིག་སྐྱེ་ཐག་ཆོད་ཡིན་ནོ།། 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post