རླངས་ཚང་བསོད་ནམས་རྡོ་རྗེ།
ཁར་ནུབ་ཀན་ལྷོ་རྒྱང་སྒྲོག་ཁང་གི་བོད་སྐད་འཕྲིན་ལམ་གྱིས་བཏང་བའི་རྨ་ཆུའི་གླུ་མ་མེ་ཏོག་སྐྱིད་ཀྱི་མི་ཚེའི་སྐྱིད་སྡུག་དང་འབྲེལ་བའི་བརྙན་ཐུང་ཞིག་ལ་བལྟས་མ་ཐག སེམས་ཀུན་ནས་གཡོ་བར་བྱས། ཡུལ་དེའི་སྨྱན་སྦྱོར་ལ་རེ་བ་གསར་བ་ཞིག་མཐོང་བ་མ་ཟད། མདོ་འཛིན་པ་དྭངས་གསལ་ལྷ་མོའི་གསལ་དག་སྙན་གསུམ་གྱི་སྐད་ངག་གིས་ཡིད་རབ་ཏུ་དྲངས། དེའི་རྒྱབ་ཀྱི་རྩོམ་འབྲི་བ་སོགས་ལས་ཀ་བྱེད་མཁན་དག་ལའང་བསྟོད་པའི་མཐེ་བོང་ཞིག་ངང་གིས་ཤོར་སོང་བ་མ་ཟད། དེང་འོ་སྐོལ་མི་རིགས་ལས་མང་ཤོས་ཀྱིས་བདེན་པ་དང་གནས་ལུགས་བརྡར་བའི་ཡི་གེ་དང་། སྒྲ་དང་བརྙན་ལ་སོགས་པར་དོ་སྣང་མི་བྱེད་ཅིང་། སྨྱོ་བཤད་གཟའ་བཤད་དང་ཆགས་བཤད་ཁྲམ་བཤད་བྱེད་མཁན། མགོ་གཡོག་རྫུན་ལས་བྱེད་མཁན་ལ་དོ་སྣང་བྱེད་ཀྱིན་པར་ང་ཚོ་རྒུད་པ་ནས་རྒུད་པར་འགྱུར་བཞིན་པ་འདི་སྐྱོ་བ་ལའང་སྙམ་པའི་སེམས་ཁུར་དེ་ཡང་སྐབས་ཙམ་རིང་ཡལ་བར་གྱུར།
མི་གྲངས་ཁྲི་ཚོ་མང་པོས་དོ་སྣང་དང་བརྒྱུད་བསྐུར་གནང་འདུག་པར་བལྟས་ཡོང་ན་བརྙན་དེས་མི་མང་པོའི་ཡིད་སེམས་གཅིག་ཏུ་དྲངས་པ་ཚོར་ཐུབ་ཅིང་། དྲ་ལམ་ཁག་ཏུ་མེ་ཏོག་སྐྱིད་ཀྱི་གཤིས་སྤྱོད་ལ་བསྟོད་བསྔགས་རབ་དང་རིམ་པར་བྱེད་བཞིན་པ་ནི་ཚང་མས་མཁྱེན་གསལ་ལྟར་རེད། གླུ་མ་མེ་ཏོག་སྐྱིད་ཀྱི་ཁྱོ་ཀའི་ཆུ་བུར་མིག་གཉིས་ལོང་བར་གྱུར་པ་ནས་མོའི་མི་ཚེའི་ཆེད་ལས་སུ་གྱུར་ཅིང་སྤྲོ་སྣང་དང་རྒྱས་སྤྲོས་ཅན་གྱི་གླུ་མཁན་གྱི་ལས་དེ་ཐེ་ཚོམ་མེད་པར་ཅམ་འཇོག་བྱེད་དགོས་བྱུང་ཞིང་། མི་ལོ་བཅུ་གཉིས་ལྷག་གི་རིང་འཇིག་རྟེན་དཀར་ངོགས་བོར་ནས་ལོང་བར་གྱུར་ཀྱང་སེམས་ལོང་བར་མ་གྱུར་པའི་གཏན་ཚིག་རྙེད་པའི་ཁྱོ་ཀ་གཉོར་སྐྱོང་དང་། དགུང་ལོ་གྱ་ལྔར་སོན་ཞིང་རྒས་ཤིང་འཁོགས་པའི་སྒྱུག་མོར་ཞབས་ཏོག བྱིས་པ་གཉིས་པོའི་འཚར་ལོངས་ཀྱི་ལོ་ཟླར་རེ་བཞིན་འཁོས་འབྱོར་ཞན་པའི་ཁྱིམ་ཚང་ཞིག་གི་འགན་འཁྲི་མཐའ་དག་དང་ཕོ་ལས་མོ་ལས་གཉིས་ཀ་ཕྲག་ལ་ལྷུང་ན་ཡང་། ཆེས་ཐོག་མའི་བརྩེ་དུང་གི་དམ་བཅའི་རི་མོ་སུབ་པ་མེད་པར་མི་ལོ་ཉི་ཤུའི་སྔོན་གྱི་བཟའ་ཚང་གི་བརྩེ་འདང་ལ་འགྱུར་བ་ཅི་ཡང་མ་བྱུང་བར་ཁྲེལ་གཞུང་དང་ཕྱི་ཐག་གི་མཛེས་སྡུག་ཀློང་ནས་ཁྱིམ་ཚང་གི་འཚོ་བའི་སྐྱིད་སྡུག་གི་འཕྲོར་བརྐྱངས་པ་ནི་ཆེས་ཡིད་སྨོན་འཆོར་བ་ཞིག་རེད་ཨང་།
ཁོང་མོས་“བྱིས་པ་གཉིས་ཀྱི་མི་གཞི་མི་འགྱུར་བའི་ཆེད་དང་། རྒྱུད་ལ་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་སོགས་རྒྱུད་ལ་འཇོག་པའི་ཆེད་དུ་ངས་ཕྱོགས་ཡོངས་ནས་ལེགས་པོ་ཞིག་ཡོང་ཆེད་ཤུ་རེས་བྱས་ཏེ་རྒྱུན་བསྐྱངས་ཏེ་ཡོང་བ་ཡིན།” ཞེས་གསུངས་སོང་བ་འདིར་ཡང་བསམ་རྒྱུ་འདི་ཡོད་དེ། ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་དང་ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་པའི་ངོས་ནས། ཁྱིམ་ཚང་སློབ་གསོ་ནི་སློབ་གསོ་ཡོད་ཚད་ཀྱི་རྩ་བར་གྱུར་ཡོད་པས་བཟའ་ཚང་འཆམ་མཐུན་གྱིས་འཚོ་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་སློབ་གསོ་འཁྱོངས་དགོས་ན་ཁྱིམ་ཚང་གི་སློབ་གསོ་འཁྱོངས་དགོས་པ། ཁྱིམ་ཚང་གི་སློབ་གསོ་འཁྱོངས་དགོས་ན་ཕ་མ་གཉིས་ཀ་འཁྱོངས་དགོས་པ། ཕ་མ་གཉིས་ཀ་འཁྱོངས་ན་ད་བཟོད་བྱིས་པ་དག་ཀྱང་འཁྱོངས་ངེས་པའི་ཆོས་ཉིད་ནི་ནམ་ཡང་ལྡོག་ཏུ་མེད་ཅིང་། རང་དཔེ་གཞན་སྟོན་མཆོག་ཏུ་བཀུར་བའི་སློབ་གསོའི་ཆོས་ཉིད་ལ་ཅི་མི་སྙམ་པར། བྱིས་པའི་མཐོང་སར་ཆང་དང་ཐ་མག་སྤྱོད་པ་དང་། མགོ་གཡོག་རྫུན་ལས་བྱེད་པ། ངན་སྨྲས་བླ་བཙག་བྱེད་པ། བཟའ་འཁོན་འཛིང་རེས་བྱེད་པ། ཤོ་རྒྱག་རྒྱལ་འཇོག་བྱེད་པ། དུས་ངེས་མེད་དང་ཡུལ་ངེས་མེད་དུ་བྱིས་པའི་ལག་ཏུ་ཁ་པར་འཇོག་པ་དང་། བརྙན་འཕྲིན་རྒྱང་འཛིན་གྱི་བདག་པོ་བྱིས་པ་བྱེད་པ་སོགས་ཆེས་ཐག་ཉེ་ས་རུ་ཤུགས་རྐྱེན་ངན་པ་ཐེབས་སླ་བའི་ལས་དག་ལའང་འབད་པ་མི་བྱེད་པའི་སྐབས་འདི་ཙམ་ལ། མཛངས་མ་མེ་ཏོག་སྐྱིད་ཀྱི་གཤིས་སྤྱོད་ཀྱི་ཟུར་ཙམ་མཐོང་བའི་བརྙན་འདིས་ང་ཚོར་ལས་དེར་དཀོན་པའི་འདུ་ཤེས་དང་བཅས་པའི་སེམས་འགུལ་བླ་མེད་ཐེབས་པ་ནི། ཡབ་མེས་བཀའ་དྲིན་ཅན་དག་གི་རྒན་བཀུར་ཆུང་བྱམས་དང་ཁྲེལ་གཞུང་ཕྱི་ཐག བྱམས་དང་སྙིང་རྗེས་བརླན་ཞིང་གཞན་ཕན་སྙིང་རྗེ་ལྡན་པ། བདག་ལས་གཞན་གཅེས་དང་བདག་གཞན་མཉམ་བརྗེ་སོགས་བླ་ན་མེད་པའི་སློབ་གསོ་དེར་གོད་ཆག་ཆེས་ཆེར་ཐེབས་བཞིན་པའི་དན་རྟགས་ཤིག་ཀྱང་ཇེ་གསལ་དུ་བཏང་བ་འདྲ་ལ། དེ་ལ་དྲན་གསོ་བྱེད་པ་དང་འདྲ་བའི་ཚོར་སྣང་གིས་ཀྱང་ཕྱི་ནང་གཉིས་ཀ་གཅུན་སོང་།
དེང་བློས་མི་དཔོག་པའི་དོན་དག་མང་པོ་གོ་རྒྱུ་ཡོད་པ་ལས་སྙིང་གཟེར་བའི་གནས་ཚུལ་ཁག་ཅིག་ནི། ཁྱོ་ཀ་འཁོར་གེགས་ཀྱིས་དབང་བོ་སྐྱོན་ཅན་དུ་གྱུར་པས་རྒན་མོས་གཡུག་སོང་། རྒན་མོར་དྲག་དཀའ་བའི་ནད་ཀྱིས་མནར་བས་ཁྱོ་ཀས་གཡུག་སོང་ཟེར་བ་དང་། མནའ་མ་མག་པ་ཞིག་སློང་ན་ཡང། གནས་ཡུལ་ཁྱིམ་ཚང་ལ་གད་སྙིགས་དང་ཕག་པ་ཨེ་འདུག་ལབ་ན་རྒན་འཁོགས་དང་གྲྭ་བ་ཡོད་མེད་དང་། བུ་ལོན་ཨེ་འདུག་ལབ་ན་སློབ་གྲྭ་ཆེན་མོ་ཨེ་ཡོད་འདྲི་བ། ཁང་བ་དང་རླངས་འཁོར་ཨེ་ཡོད། མནའ་མ་མག་པ་གང་དེའི་ལག་ན་ལྕགས་ཀྱི་ཕོར་བ་ཡོད་མེད། གྲོང་གསེབ་པ་ཞིག་ཡིན་ཡང་དབྱར་རྩྭ་དགུན་འབུ་རྙེད་མིན་སོགས་ལ་རྩད་གཅོད་ཞིབ་ཚགས་ཀྱིས་བྱེད་པ་ལས། མི་རྒྱུད་དེད་ནས་བཙན་པོ་དང་ཆུ་རྒྱུད་དེད་ནས་གངས་རིར་གཏུགས་པ། ཁྲེལ་གཞུང་ལ་ཕྱི་ཐག་ལ་བརྟག་དཔྱད་བྱེད་པ་རྩད་ནས་བོར་བའི་སྤྱི་ཚོགས་འདིའི་ཁྲོད་དུ། བཟའ་ཚང་སྒྲིག་པ་ཡང་འཁོས་འབྱོར་འདུ་འགོད་ལ་བལྟ་བ་ལས་ལོ་རྟགས་སྤར་ཁ་ལ་བལྟ་མི་དགོས་པའི་ཚུལ་དུ་ལྷུང་ཡོད། སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་དངོས་བྱེད་མཁན་གྱི་གླུ་མ་མེ་ཏོག་སྐྱིད་ལྟ་བུ་དང་། མིག་ཟུང་ལོང་བར་གྱུར་ཀྱང་སེམས་པ་ལོང་བར་གྱུར་མེད་པར་རྟོགས་མཁན་གྱི་ཁྱོ་ཤུག་ཟུང་གི་གནས་བབ་ལ་བལྟས་ཡོང་དུས། ཁྱིམ་ཚང་རེ་རེའི་གོ་རྟོགས་དང་འདུ་ཤེས་ལག་ལེན་སོགས་འདི་འདྲ་ཞིག་ཡིན་ཚེ། སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་པའི་ཁྱིམ་ཚང་རེ་རེའི་སློབ་གསོའི་གནས་བབ་ཧ་ཅང་ལེགས་པ་སྨྲ་མི་དགོས་པ་ཞིག་རེད། འོན་ཀྱང་། མཛངས་མ་མེ་ཏོག་སྐྱིད་ཀྱི་མི་ཚེར་མཚོན་ན་ཡང་། དབྱར་ཁར་ཆུ་མིག་གང་ཡོད།། དགུན་ཁར་བལྟས་ན་མཐོང་ཡོང་།། བུ་མོའི་ལས་འཕྲོ་གང་ཡོད།། བལྟས་ནས་མཐོང་ས་མ་རེད།། ཅེས་པ་བཞིན་ལས་འཕྲོའི་མདུད་པ་གང་ལ་ཐེབས་ལུགས་འདི་ལྟ་བུ་ཞིག་ཡིན་པ་ཐོག་མ་ནས་གང་ནས་ཤེས་ཀྱང་། སྐྱིད་དུས་མགོ་འཕང་དམའ་དགོས།། སྡུག་དུས་མགོ་འཕང་མཐོ་དགོས་ཞེས་པའི་དཔེ་ལྟར་ཐོག་མའི་བརྩེ་དུང་གི་མདུད་པ་རྒྱག་དུས་ཀྱི་རྨི་ལམ་ནི་ཅི་འདྲའི་མཛེས་ཤིང་སྡུག་པ་ཞིག་ཡིན་ན་ཡང་བློ་གཏད་མེད་པའི་མི་ཚེའི་འགྱུར་ལྡོག་གིས་དཀའ་བའི་ལས་གང་ཞིག་མགོ་ལ་ལྷུང་སྐབས་འདིར་ཡང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བཟའ་མི་གང་བོའི་བདེ་སྐྱིད་ལ་ཉེ་ཞོ་མེད་ཐབས་ལ་འབད་བརྩོན་ཤུགས་དྲག་བྱས་པས། གྲོགས་བཟང་མཛའ་བོ་རྒུད་ཚེ་སྐྱོང་།། གྲོགས་ངན་མཛའ་བོ་འབྱོར་ཚེ་སྐྱོང་།། བསྐྱང་བ་འདྲ་ཡང་བློ་ལྡན་གྱིས།། བལྟས་ན་སྐྱོང་ཚུལ་འདྲ་མི་འགྱུར།། ཞེས་གསུངས་པ་ལྟར། མེ་ཏོག་སྐྱིད་ནི་མཛའ་བོ་རྒུད་ཚེ་སྐྱོང་བའི་གྲོགས་བཟང་བོའི་གྲས་སུ་གཏོགས་པ་ཙམ་མ་ཡིན་པར། སྒེར་སེམས་སྤངས་ནས་གཞན་དོན་སྒྲུབ་མཁས་ཀྱི་སེམས་དཔའི་སྤྱོད་པ་ཅན་ཞིག་རེད་ལབ་ནའང་སྦམ་བཤད་དུ་ག་ལ་འགྱུར།
ལོ་ཤས་སྔོན་ཁོ་བོས་གཏམ་བཤད་ཅིག་ཏུ་བཤད་མྱོང་བའི་སྐད་ཆ་ཞིག་སླར་ཡང་འདིར་བྲིས་ན། ན་ནིང་ད་ལོར་བོད་ཁམས་ཡོངས་ལ་འགྱུར་བ་ཆེས་ཆེར་འགྲོ་བཞིན་པའི་ལུགས་སྲོལ་དག་ལས་གཅིག་ནི། གཉེན་སྒྲིག་གྲ་རྒྱས་བྱེད་ཅིང་། སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཟབ་པ་དག་གིས་མིག་གིས་ཀྱང་བལྟར་མི་བཟོད་པའི་གཉེན་པར་ཡ་མཚན་ལེན་པ། གཉེན་སྒྲིག་པའི་རྣམ་པ་དྲ་ངོས་སོགས་ལ་བསྒྲགས་ནས་གླིང་བཞི་གླིང་ཕྲན་དང་བཅས་པ་ཁྱབ་པར་འབད་བརྩོན་བྱེད་པ། མི་མང་ཚོགས་ས་ནས་གཉེན་ཞང་གཉིས་ཀའི་ཕ་མར་ཁ་བཏགས་གཏོང་བ་མ་ཟད། བཟའ་ཟླ་ཕན་ཚུན་ལའང་ཁ་བཏགས་བཏང་ནས་བརྩེ་དུང་གི་མདུད་རྒྱ་རྡོ་རྗེའི་རྒྱ་ལ་བཏབ་ཚུལ་དང་མི་འགྱུར་རྡོ་ལ་བརྐོས་ཚུལ། ཕ་མ་གཉེན་ཉེ་ཐོད་པའི་གཙུག་ལ་བཀུར་ནས་ཞབས་ཏོག་ལྷ་བཞིན་སྒྲུབ་ངེས་པ་སོགས་ཚད་ལས་བརྒལ་བའི་འུད་སྒྲོག་བྱེད་པར་བག་མི་ཚ། དུས་ཡུན་གང་འཚམས་སོང་སྐབས་ཕ་མ་རྒན་རྒོན་སྐྱོང་བའི་གཤིས་ཀ་དང་སྦྱོར་བ་དབེན་ཞིང་། ནང་མི་གཉེན་ཉེར་བསྟུན་པའི་བབ་ཆགས་ཀྱི་སྤྱོད་པ་ཡང་རྩད་ནས་འབོར་ངེས། བཟའ་ཟླ་ཕན་ཚུན་བར་ལའང་འཁོར་འབྱོར་འདུ་འགོད་ཀྱི་བཟང་ངན་ཤོར་མི་ཆོག་ཅིང་། དབང་དང་གོ་ས་ཡི་མཐོ་དམན་ཤོར་མི་ཆོག་པའི་ཟོལ་ཟོག་གི་འཚོ་བའི་རྣམ་འགྱུར་གྱིས། ནམ་ཞིག་གི་ཚེ་ན་གཅེར་གཟུགས་སྒྲེན་རྒྱུའི་རྣམ་པ་མངོན་པར་གསལ་ཡོང་བའང་ངོ་ཚའི་གྲས་སུ་མི་འཇོག བུ་ཕྲུག་ཤི་དྭ་རུ་མ་གྱུར་ཀྱང་གསོན་དྭ་རུ་གཏོང་བའི་ཕ་མ་དག་གིས་བྱིས་པའི་སློབ་གསོར་བསམ་བློ་གཏོང་བ་རྩ་བ་ནས་འབོར་ངེས་ཤིང་། སྒེར་སེམས་ཁོ་ན་གཙིགས་སུ་འཛིན་པ་ཁེ་ཕན་ཞིག་དང་། མང་པོའི་གྲས་ནས་རང་ཉིད་ཁོ་ན་ཁེ་ཕན་ཐོབ་པ་ལ་རྒྱ་དང་གཟི་བརྗིད་དུ་བརྩི་བ་ནི། རང་ཅག་གི་ཀུན་སྤྱོད་ཀྱི་ཚད་ཤིང་དཔེ་མེད་ཅིག་སྟེ། ཁེ་དང་རྒྱལ་ཁ་ཡོད་ན་མི་ལ་བྱིན།། གྱོང་དང་ཕམ་ཁ་ཡོད་ན་རང་གིས་འཁུར།། ཞེས་པ་དང་གོ་ཡོངས་སུ་ལྡོག་ནས་ཡོད། བཟའ་ཚང་སྒྲིག་དུས་ཕན་ཚུན་ལ་བརྟག་དཔྱད་ཞིབ་འཇུག་གྱིས་མ་ཕོངས་པ་ཞིག་བྱས་རྗེས། བཟའ་ཟླ་ཕན་ཚུན་བར་ཡིད་ཆེས་བློས་འགལ་དང་བཟོད་བསྲན་ངང་རིང་། ཁྲེལ་གཞུང་ཕྱི་ཐག་ཡོད་པ། བབ་བསྟུན་རྒྱལ་ཕམ་གྱི་ཁེ་གྱོང་འཁུར་ཐུབ་མཁན་ཞིག་ཡིན་དགོས་པ་འདི་མ་མཐའི་ཆ་རྐྱེན་དུ་སོང་ཡོད་ན། ཡོད་ཚད་ལ་མཛངས་མ་མེ་ཏོག་སྐྱིད་ལྟ་བུའི་གཤིས་སྤྱོད་མེད་ན་ཡང་དེ་ལ་ཡིད་སྨོན་དང་ཡི་རངས་བྱེད་ཐུབ་པའི་གཤིས་ཀ་ཞིག་ཅིས་ཀྱང་ཡོད་དགོས་པར་སྙམ་ཞིང་། རྩོམ་མཇུག་ཁོང་ཚང་གི་ཁྱིམ་དུ་བཀལ་བའི་ཚིགས་བཅད་གཅིག་གིས་བསྡུས་ན།
༢༠༢༢ལོའི་ཟླ་༡༠བའི་ཚེས་༢༨གྱི་དགོང་མོར་བྲིས་ཚར་རྗེས་གློག་ཀླད་དུ་གསོག་སྐབས་གནོན་ཉེས་ཀྱིས་ཡིག་ཆ་གཞན་ཞིག་གི་སྟེང་དུ་གསོག སླར་གསོ་བྱེད་ཐབས་མ་བྱུང་བས་གཉིད་སྐྱིད་པོ་ཞིག་མ་ཁུག དོ་ནུབ་སླར་བྲིས་ཀྱང་མདང་ནུབ་ཀྱི་དེ་བཞིན་ཡིད་ཚིམ་པོ་ཞིག་མ་བྱུང་མོད། ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས་སུ་འབུལ་རྒྱུ་བྱས་ཡོད་པའི་ཁ་ཆད་ལས་མི་འགོང་བའི་ཆེད་དུ་ས་བཅད་མ་སྟོང་ཙམ་ཞིག་ཚིག་གི་ཕྲེང་བར་བརྒྱུས་ཡོད་ན་འགལ་འཁྲུལ་ཅི་མཆིས་ཀློག་པ་པོ་དག་གི་སྤྱན་སྔར་འཆགས་སོ།།