བོད་འབྲེལ་སློབ་ཆེན་དགེ་རྒན་ཁག་ཅིག་གི་གནས་སྟངས་ལས་འཕྲོས་པ།

རྨེ་རུ་ཡུལ་ལྷ་ཐར།


    བོད་འབྲེལ་སློབ་ཆེན་ཁག་ཏུ་སློབ་ཆེན་གྱི་དགེ་རྒན་ཚད་ལྡན་ཅན་ཉུང་ཞེས་ཚེ་མང་པོ་ཞིག་ལ་གློ་བུར་འཚུབ་ཆ་ལངས་ཏེ་འུར་འདྲོགས་ལངས་ངེས་མོད།  ལོ་ངོ་དུ་མའི་བསྡུར་བ་དང་བརྟག་དཔྱད་བརྒྱུད།  ད་ནི་ཁོ་བོས་དངོས་སུ་འདི་བཞིན་བཤད་སྤོབས་པ་ཡིན་ཞིང་། ང་རང་ཉིད་ཚུད་པའི་དགེ་རྒན་ཕལ་ཆེ་བ་སློབ་ཆེན་དགེ་རྒན་ཚད་ལྡན་དུ་འཇོག་དཀའ་བར་འདུག་ཅེས་ལབ་པ་ཡིན་ལ།  རང་ངོས་ནས།  བཅོས་སྒྱུར་འབད་འབུངས་བྱེད་རྒྱུའི་དམ་ཡང་བཅས་པ་ཡིན།  

    ཀྲུང་གོར་བོད་འབྲེལ་སློབ་ཆེན་བཅུ་གཅིག་ཡོད་པའི་འབྲེལ་ཡོད་ཆེད་ལས་དགེ་རྒན་དག་གི་ཆེད་ལས་བློ་སྦྱོང་དང་དཔྱད་རྟོག་ནུས་པ།  སློབ་མ་གསོ་སྐྱོང་གི་ནུས་པ།  སྤྱི་ཚོགས་ཞབས་འདེགས་ཀྱི་ནུས་པ།  གསར་གཏོད་ནུས་པ།  འགན་ཁུར་འདུ་ཤེས་སོགས་ཀྱི་ཐད་ནས་བལྟས་ན།  ཚད་ལྡན་འོས་འགྲིག་ཏུ་ཡོད་མཁན་ཧ་ཅང་ཉུང་ཤས་ཤིག་ལས་མི་འདུག་སྙམ་ཞིང་།  དེའང་རང་དགར་སྡོམ་ཚིག་བཀོད་པ་ཙམ་ནི་མ་ཡིན་པར།  དུས་ཡུན་རིང་པོའི་དཔྱད་རྟོག་ལྟ་ཞིབ་ཀྱིས་ལྟ་ཚུལ་འདི་བརྗོད་པ་ཡིན།  

    ཆེད་ལས་ཀྱི་ངོས་ནས།  དགེ་རྒན་གང་མང་གིས་ཆེད་ལས་ཡིན་སྙམ་གྱི་བསླབ་ཚན་ཁག་ཅིག་ཁྲིད་བཞིན་ཡོད་མོད།  ཆེད་ལས་རང་བཞིན་དེ་འདྲ་མི་གསལ་ཞིང་།  ཆེད་ལས་ཀྱི་ཁེར་ཚུགས་ལྟ་བ་ཆགས་ཡོད་མཁན་ཉུང་བས།  ཆེད་ལས་སློབ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་ཀྱིན་མེད།  དེ་བཞིན་སློབ་ཁྲིད་དངོས་ལ་བབ་ནའང་།  རང་གི་དགའ་ཕྱོགས་དང་ཤེས་ཚད་ལ་ཅི་དགར་བསྟུན་ཏེ་སློབ་ཁྲིད་བྱེད་པ་ལས་སློབ་ཁྲིད་རྩ་འཛིན་ལ་ཁ་ཡ་དེ་ཙམ་མི་བྱེད་པའི་མིའང་ཡོད་འདུག་ཅིང་།  སློབ་ཁྲིད་སྣ་གཅིག་ཁྲིད་དུས་བསྐྱར་བཤད་གོམས་ལུགས་སུ་འཆད་པ་ལས་ཐབས་ཤེས་གསར་སྣོན་དང་ནང་དོན་འཕྲི་སྣོན་ལ་དོ་སྣང་མི་བྱེད་མཁན་མང་།  ཆེད་ལས་ཡིན་པའི་ཚད་ནས་བརྗོད་རུང་།  སྐོར་ཞིག་གིས་རང་གི་ཆེད་ལས་མ་གཏོགས་འབྲེལ་ཡོད་ཤེས་བྱ་གཞན་ལ་འདྲིས་ཆ་ཞན་པ་དང་།  རང་ལ་མ་འབྲེལ་བའི་ཆེད་ལས་ཁག་བེད་མེད་དུ་བལྟ་མཁན་མི་ཉུང་ཙམ་མཆིས་ཤིང་།  རང་གི་ཆེད་ལས་ཁོ་ནའི་མིག་གིས་མ་གཏོགས་རིག་ཚན་གཞན་ལ་དཔྱོད་མི་ཤེས་མཁན་བདོག

    སློབ་ཁྲིད་ཙམ་པོ་ཁོ་ནས་མི་ཚེ་སྐྱེལ་བ་ནི་དེང་གི་སློབ་ཆེན་དགེ་རྒན་མང་ཤོས་ཀྱི་འགྲོ་ལུགས་ཡིན་ཞིང་།  ལས་གནས་ཐོབ་ཐང་ཡར་འཕགས་མར་ཕབ་ཀྱི་སྐབས་དང་བྱ་དགའི་བདག་རྐྱེན་སྤྲོད་ལེན་གྱི་སྐབས་ལ་མ་གཏོགས།  དགེ་རྒན་ཕལ་ཆེ་བས་རིག་གཞུང་ཞིབ་འཇུག་གི་ལས་ལ་འབད་པ་མི་བྱེད།  གལ་ཏེ།  རིག་གཞུང་ཞིབ་འཇུག་ལ་རང་གི་རིན་ཐང་ལྟ་བའི་ཕུགས་བསམ་ཞིག་མེད་སོང་ཚེ།  རིག་གཞུང་ཞིབ་འཇུག་ལ་རྒྱུན་མཐུད་རང་བཞིན་ཡོད་མི་སྲིད་ཅིང་།  རིག་གཞུང་ཞིབ་འཇུག་གི་ཉམས་ལེན་དེ་དངོས་ཕན་རིང་ལུགས་སུ་ཕྱིན་པ་ཡིན་ལ།  ཞིབ་འཇུག་དཔྱད་སྡོམ་ལ་མ་ལག་རང་བཞིན་ཡོད་མི་སྲིད་དོ། ། 

     སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་ནི་གཅིག་གྱུར་ཅན་ཞིག་ཡིན་ན་འགྲིག་ཅིང་།  རིན་ཐང་གིས་རིག་གཞུང་ཞིབ་འཇུག་གི་ཚབ་བྱེད་པ་ནི་གོ་འཛོལ་ཆེན་པོ་ཞིག་གོ །དེ་བཞིན་བོད་འབྲེལ་སློབ་ཆེན་ཁག་ཏུ་རིག་གཞུང་ལག་ཆར་བྱེད་མཁན་དང་རིག་གཞུང་དབང་ཆ་སྒེར་སྡེམ་བྱེད་མཁན།  དབང་ཆའི་ནུས་པར་གཉའ་སྒུར་མཁན།  དབང་ཆའི་མ་ལག་གིས་རིག་གཞུང་དབང་ཆ་རྩོད་མཁན་མི་ཉུང་ཙམ་མཆིས་ཤིང་།  རིག་གཞུང་བརྗེ་རེས་ནི་དགེ་རྒན་མང་བོ་ཞིག་ལ་མཚོན་ན་ཧ་ལམ་འབྲེལ་མེད་ཀྱི་དོན་ཞིག་ཏུ་གྱུར་འདུག་གོ །

   ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི2004ལོའི་བློ་འདོན་སྙན་ཞུ་ཞིག་ཏུ་ཀྲུང་གོའི་ཚན་རིག་པའི་སྡེའི་སྐྱོན་བརྒྱད་ཅེས་རྩོམ་རྐུ་ལད་འབྲི་དང་མི་བདེན་རྫུན་སྒྲིག  གཞན་མཚན་རྐུ་སྤྱོད།  དབང་ཆར་གཉའ་སྒུར།  རིག་གཞུང་སྒེར་སྡེམ།  ཤེས་དབང་བརྗེ་འཚོང་།  ངང་ཐུང་གུ་དོག  གཡོ་བསླུའི་ཞིབ་འཇུག་བཅས་བགྲངས་འདུག་པར།  ད་ལྟ་བལྟས་ན་གཞན་ལ་ཅི་ཡོད་རང་ལའང་དེ་བཞིན་ཚང་འདུག་པའི་སྣང་བ་སྟེར།  

   སློབ་ཆེན་དགེ་རྒན་ཞིག་ཡིན་ན།  འདུ་ཤེས་གསར་སྒྱུར་གྱིས་དཀྱེལ་ཡངས་ཤོངས་ཆེའི་སྣ་མང་མི་སྣ་སྐྱེད་སྲིང་བྱེད་ཐུབ་དགོས་མོད།  བོད་འབྲེལ་སློབ་ཆེན་དགེ་རྒན་མང་དག་ཅིག་ཤེས་བྱའི་ངོས་ནས་མ་གཏོགས་སློབ་འབྲིང་དགེ་རྒན་དང་ཁྱད་མེད་དུ་མཆིས་པས།  སྤྱི་ཚོགས་ལ་དགོས་གལ་ཆེ་བའི་སྣ་མང་མི་སྣ་སྐྱེད་སྲིང་བྱེད་དུས་ཁ་འཁོབ་ལག་འཁོབ་འབྱུང་བཞིན་ཡོད།

      བསམ་བློའི་རང་དབང་དེ་ཁ་ནས་བཤད་པ་ཁོ་ན་ལས་ལག་ཏུ་བསྟར་མི་ཐུབ་པའང་བོད་འབྲེལ་སློབ་ཆེན་དགེ་རྒན་ཚོའི་ཁྱད་ཆོས་ཤིག་ཡིན།  དཔེར་ན་མིའི་ཐུན་མིན་རང་གཤིས་སྣ་ཚོགས་བློར་ཆུད་མི་ཐུབ་པ་དང་རིག་གཞུང་རང་དབང་དང་ལེན་བྱ་མི་ནུས་པ་ལྟ་བུས་མཚོན།  སྤྱིར་བཏང་།  སློབ་ཆེན་དགེ་རྒན་ནི་རིག་གཞུང་གི་ཁོར་མོ་ཡུག་ཏུ་འཚོ་བ་ཞིག་ཡིན་དགོས་ཏེ།  རིག་གཞུང་ལྟེ་བ་བྱེད་པའི་འདུ་ཤེས་ལྡན་དགོས།  རིག་གཞུང་བསམ་བློ་ཡོད་ཅིང་རིག་གཞུང་ལས་ཀ་བྱེད་པ།  རིག་གཞུང་སྒྲོག་སྤེལ་བྱེད་པ།  རིག་གཞུང་སྐད་ཆ་བཤད་པ་སོགས་ནི་མ་མཐའི་ཆ་རྐྱེན་ཡིན་དགོས་ལ།  དོན་ཅི་ཞིག་ལ་དཔྱད་བརྗོད་སྤེལ་བའི་ཚེའང་།  རིག་གཞུང་གི་མིག་གིས་ལྟ་ཤེས་དགོས་སོ། །

    ཁྱབ་ཆེ་ས་ནས།  བོད་འབྲེལ་སློབ་ཆེན་ཁག་ཏུ་མི་གཞུང་བསམ་བློ(人文思想)དང་སློབ་ཆེན་སྙིང་སྟོབས་ཧ་ལམ་མི་འདུག་ཅེས་བཤད་ནའང་ཐལ་ཆེ་བ་མེད་ཅིང་།  བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་མི་གཞུང་བསམ་བློ་ཕྱིར་འབུད་བྱེད་ཅིང་མཆིས།  དོན་འདི་སློབ་དཔོན་ཆེན་མོ་གང་མང་གིས་ཁས་ལེན་མི་སྲིད་མོད།  ཁེ་ཕན་གཙོར་གཉེར་ཞིང་སློབ་ཁྲིད་ཐུན་གཅིག་ལའང་རིན་འབབ་རྩོད་པའི་ཁོར་ཡུག་ཏུ།  མི་གཞུང་གི་ལྷད་མེད་སྙིང་སྟོབས་གང་ནས་འཚོལ།  དེ་བཞིན་སློབ་ཆེན་དགེ་རྒན་ལ་མི་གཞུང་བསམ་བློས་དབེན་ཚེ།  སློབ་མའི་རང་དབང་གི་ནུས་པ་དང་ཕྱོགས་ཡོངས་ནུས་རྩལ།  ལྷན་སྐྱེས་ཀྱི་ནུས་པ་དག་བསྐྱེད་མི་ཐུབ་ཅིང་།  ཤེས་ནུས་འཛོམས་ཤིང་རང་གཤིས་ཡོད་ལ་སྙིང་སྟོབས་ཅན་གྱི་ཤེས་ཡོན་པ་གསོ་མི་ཐུབ་བོ། །

      སློབ་ཆེན་དགེ་རྒན་ནི་དྲང་བདེན་དང་རང་ཚུགས་ཅན།  བདེན་ཐུབ་ཀྱི་རིག་གཞུང་ལྟ་བ་ཡོད་མཁན་ཞིག་ཡིན་དགོས་ལ།  སློབ་ཆེན་དགེ་རྒན་ཚོ་བདེན་ཐུབ་དང་ཁེར་ཚུགས།  རང་དབང་གི་མི་གཞུང་བསམ་བློས་མ་བཟུང་ཚེ།  སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་ཆབ་སྲིད་ལྟ་བ་སྣ་ཚོགས་དང་ཆོས་ལུགས་གྲུབ་མཐའ་འདྲ་མིན།  འཇིག་རྟེན་ལྟ་ཚུལ་འདྲ་མིན།  དེ་མིན་ཚུལ་མིན་དང་ལུགས་མིན་གྱི་གཡོ་རྫུའི་སྤྱོད་ལམ་དག་ལ་གདོང་ཅི་ལྟར་གཏོད།  གཞན།  དེང་སྐབས་བོད་ཀྱི་སློབ་ཆེན་དགེ་རྒན་སྐོར་ཞིག་གིས་རང་ཉིད་ལམ་སྟོན་སློབ་དཔོན་ཡིན་བཞིན་དུ་རིག་གནས་རྒྱུད་འཛིན་དེ་ཁ་གཡང་ལྟ་བུ་ལས་སྒེར་ལ་བབས་ཚེ་རང་གི་བུ་རྒྱུད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ནུས་པ་ཙམ་ལའང་དོ་སྣང་བྱེད་མི་ཐུབ་པའི་ཚུལ་མང་མོད་བཤད་བྱ་མ་ཡིན་པས་བསྐྱུར།

    འདི་ནི་ཁོ་བོས་མིག་སྔའི་བོད་འབྲེལ་སློབ་ཆེན་ཁག་གི་གནས་སྟངས་ལས་རང་འཁྲིའི་འགན་ལ་དཔག་སྟེ་དགེ་རྒན་དག་གི་ཚུལ་ལུགས་རོབ་ཙམ་བརྗོད་པ་ཡིན་ཞིང་།  རྩོམ་འདིར་བལྟ་མཁན་དག་ལས།  གོང་སྨོས་ཀྱི་ལེགས་ཆ་འཛོམས་ཤིང་སྐྱོན་ཆ་དབེན་མཁན་ཞིག་ཡིན་ཚེ་དགོངས་དྭངས་ཞུས་པ་ཡིན་ཞིང་།  གལ་ཏེ་སྐྱོན་སྣ་ཕྲ་མོ་རེ་གཉིས་མཆིས་མཁན་ཡོད་ན་ནི།  ཁོ་བོ་དང་མཉམ་པོར་བཅོས་སྒྱུར་གཞོག་གཏུབ་བྱེད་པར་བྱ་ཞེས་བགྲོའོ། །

    ཡིན་ནའང་གསལ་བཤད་ཞུ་འདོད་པ་ནི།  འདི་ནི་ཁོ་བོ་སྒེར་ནས་སློབ་གྲྭ་ཆེན་མོར་ངོས་འཛིན་ལྟ་སྟངས་བཟུང་བའི་ཚུལ་ལས་དཔག་སྟེ་ཚད་གཞི་བཞག་པ་ཞིག་ལགས་པས།  གཞན་གྱིས་འཐད་པར་འཛིན་མིན་གྱི་ངེས་པ་མེད་ཅིང་།  སོ་སོར་སོ་སོའི་ལྟ་སྟངས་དང་འདོད་ཚུལ་མཆིས་པས་ན།  ལྟ་བ་གཅིག་ཏུ་འབབ་དཀའ།  དེ་ལྟ་ནའང་།  ལོ་ངོ་བརྒྱད་བརྒྱ་ལྷག་གི་འཛམ་གླིང་སློབ་ཆེན་གྱི་ལོ་རྒྱུས་དང་དེང་རབས་སློབ་ཆེན་གྱི་སྒྲིག་སྲོལ་ལ་ཞིབ་ཏུ་བརྟག་སྟེ་དཔྱད་ན།  སློབ་ཆེན་དགེ་རྒན་ནི་རང་སོའི་ཆེད་ལས་སྤུས་ཚད་མཐོ་ལ་ཤེས་བྱའི་བང་རིམ་སྙུང་དབྱིབས་གཟུགས་སུ་ཡོད་ཅིང་།  བདག་གཞན་གྱི་ལྟ་བའི་ལངས་ཕྱོགས་ལ་འཐད་མིན་གང་ལྟར་བརྩི་བཀུར་གྱིས་དཔྱད་བརྗོད་སྤེལ་བ་དང་།  རིག་གཞུང་གི་འདུ་ཤེས་ཤུགས་དྲག་ལ་གསར་གཏོད་ཀྱི་ནུས་པ་རྒྱུན་མཐུད་དུ་ཡོད་པ།  ཤེས་བྱའི་ངོས་ནས་སློབ་མ་འཁྲིད་ཅིང་སྐྱོང་རྒྱུ་ཙམ་མིན་པར་མི་གཞི་དང་རང་སྟོབས་ནུས་པ་གསོ་སྐྱོང་གི་ངོས་ནས་འཁྲིད་ནུས་པ།  སྤྱི་ཚོགས་ལ་གདོང་གཏོད་ཐུབ་ཅིང་དེ་ལ་རན་པར་འཕྲོད་པའི་འཇོན་མི་གསོ་ཐུབ་པ།  ཤེས་ཡོན་པའི་ལ་རྒྱའི་བརྩི་ཐང་ཡོད་ཅིང་རང་གི་ལངས་ཕྱོགས་གསལ་བོར་བརྟན་སྲུང་ཐུབ་པ་ཞིག་ཡིན་ན་ད་གཟོད་འགྲིག་འདུག་འདོད་དོ། །

            

                                    ༢༠༡༤•༨.༡༣[ཟི་ལིང་།]


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post