ངས་ཁྱོད་ད་དུང་སྒུག་ཡོད།


གཉན་གྱིས་བརྩམས།


ས་གཞི་རིལ་མོ་འདི་ལ་ཀྱེ་དང་ཀྭ་ཡེའི་འབོད་སྒྲ་ཡོད་ན། 

འཁྱགས་རོམ་ཐམས་ཅད་འཁྱགས་རོམ་གྱི་ཚུལ་དུ་ཡོད་ན། 

བདག་གི་ཚེར་མའི་མེ་ཏོག་དེའང་དེའི་ཚུལ་དུ་བཞད་ཡོད་ན།   

གཟུགས་སྒྲ་དྲི་རོ་རེག་བྱ་དག་ཀྱང་སོ་སོའི་རྣམ་པར་ཆགས་ཡོད་ན།   

གླིང་ཆེན་ཨེ་ཤ་ཡའི་འབུད་རྡུང་དཀྲོལ་གསུམ་གྱི་དབྱངས་མ་ཉམས་ན། 

ངས་ད་དུང་ཁྱོད་ལ་སྒུག་དགོས། མུ་མཐུད་དུ་སྒུག་དགོས། 


རྒྱ་མཚོའི་ཁ་ཡི་གྲུ་བ་དག་རྒྱ་མཚོའི་ཁ་ན་གཡེང་ཞིང་འཕྱོ་ན།    

བྱེ་ཚན་ནང་གི་རྔ་མོང་ཡང་བྱེ་ཚན་ནང་ན།  

ངལ་བ་མེད་པར་ལུས་ཡོད་ན།   

མཚན་མོའི་སྐར་འོད་མིག་གི་ཆེད་དུ་ལམ་ལམ་འཚེར་ཡོད་ན།   

སྐད་བརྡ་དང་ཚིག་མཛོད་ཐ་དག་ལ་རང་གི་རྒྱུ་མཚན་ཡོད་ན།  

ངང་པ་ཁྱོ་ཤུག་གཉིས་ཀ་སྲོག་ལ་བབས་ཀྱང་།   

བརྩེ་དུང་གི་བཙན་རྫོང་བསྲུངས་ཡོད་ན།   

ངས་ད་དུང་ཁྱོད་ལ་སྒུག་དགོས། མུ་མཐུད་དུ་སྒུག་དགོས། 


གཡེར་དྲིལ་འདི་ལ་ཚེ་སྲོག་གསར་བའི་ངར་སྐད་ཡོད་ན།   

སྲིད་པའི་གངས་རྒན་འདི་ད་རུང་ཞུ་མེད་ན། 

སྒོ་ཆེན་གྱི་ལྕགས་ལོང་འདི་ལ་ལག་པ་འབྱར་ས་ཡོད་ན། 

རང་བྱུང་གི་སྨུག་པ་རྣམས་ད་རུང་འཐིབས་ཡོད་ན། 

ངས་ད་དུང་ཁྱོད་ལ་སྒུག་དགོས། མུ་མཐུད་དུ་སྒུག་དགོས། 


རྦ་རླབས་བར་མ་ཆད་པར་འཕྱོ་ཡི་ཡོད་ན།   

གླུ་སྐད་ཀྱི་ནང་ན་རྨི་ལམ་ཡོད་ན།   

ནམ་མཁའ་སྔོ་བསངས་ཀྱི་དབྱིངས་སུ་བྱ་གླག་གི་འདུ་འགོད་ཡོད་ན།   

རྔུལ་ཆུ་ཁྲོམ་ཁྲོམ་གྱི་ཞིང་བ་དག་ས་ནག་གི་ནང་ན་ཡོད་ན།  

བྱམས་དང་བརྩེ་བའི་བདག་མོ་རྣམས་ལ་མངལ་ཆགས་ཡོད་ན།    

གཤེར་གཟུགས་ཀྱི་བདུད་རྩི་བསིལ་མ་དེ་དཀར་ཡོལ་ནང་དུ་ཡོད་ན།   

ངས་ད་དུང་ཁྱོད་ལ་སྒུག་དགོས། མུ་མཐུད་དུ་སྒུག་དགོས། 


མཚམས་མ་ཆད་པར་ཕྲེང་བསྒྲིགས་ཡོད་ན། 

ལྕགས་དང་ལྕགས་བརྡར་རྩིས་ཡོད་ན། 

ཨ་ལོང་དང་ཨ་ལོང་སྦྲེལ་འདང་ཡོད་ན། 

གཙང་བོ་ཆེན་པོའི་རབ་ཁ་འདི་བརྒལ་འདོད་ཡོད་ན།

ངས་ད་དུང་ཁྱོད་ལ་སྒུག་དགོས། མུ་མཐུད་དུ་སྒུག་དགོས།


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post