སྙན་ངག་གི་ལྟ་ཚུལ་ཐོར་བུ།

ལྡོང་ཆུ་ཤེལ་གྱིས་བརྩམས།


ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་ནུས། ། ཞེས་པ་ལྟར། སྙན་ངག་ནི་གཙོ་བོར་ཐ་སྙད་ཀྱི་བཀོད་སྒྲིག་དང་ཚིག་གི་སྡེབ་སྦྱོར་ལ་རག་ལས་ཤིང་། དེ་ཡང་སྐད་ཆ་དང་ཚིག་གི་སྒྱུ་རྩལ་ལ་ནང་བྱན་ཆུད་དགོས་པ་དེ་ཡིན། ཚིག་གི་སྒྱུ་རྩལ་དང་སྡེབ་སྦྱོར་ལ་མ་བྱང་བས། དོན་གྱི་སྙན་ངག་གི་རོ་ཉམས་སྔོག་འདོན་བྱེད་ཐབས་བྲལ་ཅིང་།དེའི་རྐྱེན་གྱིས་དེང་གི་སྙན་ངག་འབྲི་མཁན་ཕལ་མོ་ཆེ་ལ་སེམས་ཀྱི་འགྱུར་བ་ཤུགས་དྲག་ཐད་ཀར་མཚོན་པའི་ཐ་སྙད་བོད་སྐད་ལ་ཧ་ཅང་ཉུང་ངོ་སྙམ་པའི་དོགས་པ་སྐྱེ་བཞིན་ཡོད་མོད། དེ་ནི་བོད་སྐད་ཀྱི་སྒྲ་གདངས་ལ་རང་ཆས་སུ་མངའ་བའི་གཅོད་མཚམས་དང་སྒྲིག་གཞིའི་ཁྱད་ཆོས་སོགས་ལ་དོ་སྣང་མ་བྱས་པ་དང་། བོད་ཀྱི་སྙན་ངག་རིག་པ་འདི་ནང་བྱན་མ་ཆུད་པའམ་ཆུ་ཚད་ཀྱིས་མ་འདང་བའི་སྐྱོན་རེད་སྙམ།
ཁོ་བོ་ཆུང་དུས་ནས་བཟུང་མཛེས་སྡུག་གི་ལམ་འདིར་ཞུགས་ཤིང་། མི་གཤིས་ཀྱི་ཆ་ནས་དགའ་སྐྱོའི་དོན་རྐྱེན་གང་ལ་འཕྲད་ཀྱང་མིག་ཆུ་འཆོར་སླ་བའི་རིགས་དེ་ཡིན། ནམ་ཞིག་གི་དུས་ནས་ཡིན་པ་མི་ཤེས་མོད། མིག་ཆུ་དེ་དག་རིམ་གྱིས་སེམས་ཁོང་ལ་འཁྱིལ་ཅིང་ཟུངས་ཁྲག་ཏུ་སྨིན་ཏེ། སླར་ཡང་སྨྱུག་རྩེར་འདྲེན་པའི་སྟ་གོན་ལ་ཆས་དུས། ཆུ་ཚད་ཀྱི་དབང་གིས་སྨྱུག་རྩེ་ནས་བཞུར་བའི་སྙན་རྩོམ་རྣམས་ནི་ཆ་མི་སྙོམས་ཤིང་ཐར་ཐོར་དུ་གྱུར་པར་མ་ཟད། བརྗོད་དོན་ཀྱང་རྒྱང་རིང་དུ་སྟོར་འདུག་གོ་སྙམ་པའི་སྣང་བ་ཞིག་རྒྱུན་དུ་འབྱུང་ལ། དེ་དུས་རང་གིས་ཐ་སྙད་ཀྱི་བཀོད་སྒྲིག་དང་ཚིག་གི་སྡེབ་སྦྱོར་མ་འགྲིག་པ། དབྱངས་ཀྱི་འདེགས་འཇོག་མ་འཚམ་པ་སོགས་ཀྱི་སྐྱོན་དང་། ཡང་ན་སྙན་ངག་འབྲི་བའི་རྒྱུ་ཕུན་སུམ་ཚོགས་པ་མིན་པའི་ངེས་ཤེས་ཀྱང་རྙེད་འོང་།
ཁོ་བོ་གསར་རྩོམ་གྱི་ལམ་འདིར་ཞུགས་དུས། ཐོག་མར་ཚིག་རྒྱན་གྱི་སྤྲོས་པ་ཁོ་ན་ལ་ཕྱོགས་ཏེ། མཐོང་ཐོས་མྱོང་གསུམ་སྐྱ་འབྲི་ཁོ་ན་བྱས་ཤིང་། བརྡ་རྙིང་དང་མངོན་བརྗོད་ཅི་རིགས་ཀྱིས་བཅིངས་པའི་གོ་དཀའ་སླ་སྣ་ཚོགས་ཤིག་བྲིས་ནས་བློ་ཡིད་ཚིམས་ཚིམས་ཀྱིས་བསྡད་མྱོང་། རྗེས་སུ་གསར་རྩོམ་གྱི་ལག་ལེན་དངོས་ཀྱི་ཁྲོད་དུ། ད་གཟོད་སྙན་ངག་ཟེར་བ་དེ་ཡང་ཚིག་གི་རོལ་རྩེད་ཙམ་མིན་པར། དེ་དག་གི་ཕ་རོལ་ན་གཡོ་དང་སྒྱུ་ཡིས་མ་བསླད་ཅིང་། ཟོལ་མེད་དང་བབ་ཆགས། མཛེས་སྡུག་དང་། དྭངས་གཙང་གིས་བསྐྱོར་བའི་ཚོར་སྣང་ཕྲ་མོ་ཞིག་དང་མྱོང་སྣང་ཟབ་མོ་ཞིག་ཁེར་རྐྱང་དུ་བསྐུངས་ནས་ཡོད་པ་ཚོར།
རྒྱུ་མཚན་དེའི་དབང་གིས་བདག་གིས་གྲོགས་པོ་ཞིག་ལ“སྙན་ངག་ནི། འཚོ་བ་དང་འཁྲུལ་སྣང་མཉམ་འདྲེས་ཀྱི་རྨི་ལམ་གྱི་ཡུལ་ལྗོངས་ཤིག དབང་ཤེས་ཀྱིས་ཟིན་ཐབས་བྲལ་བའི་གཟུགས་མེད་ཀྱི་ཚེ་སྲོག་ཕྲ་མོའི་འགྱུ་སྟངས་ཤིག བརྩེ་བའི་ཁྲག་རྒྱུན་གྱིས་ཁེངས་པའི་རིགས་རྒྱུད་ཀྱི་འཕར་རྩ་ཞིག ཕ་མཐའ་བྲལ་བའི་འབྱོར་ཕྱུག་གི་གླུ་སྐད་ཅིག བླའམ་སྲོག་གིས་བྲིས་པའི་དར་ལྕོག་གི་འབོད་པ་ཞིག མིའི་རིགས་ཀྱི་ཚེ་སྲོག་དར་རྒུད་ཀྱི་དབྱངས་རྟ་ཞིག”ཅེས་འདི་ལྟར་མང་པོ་ཞིག་བཤད་མྱོང་། འོན་ཀྱང་འགའ་རེས་དོན་དམ་པའི་སྙན་ངག་ནི་སྨྲ་བསམ་བརྗོད་མེད་ཀྱི་དབྱངས་འགྲོས་ཤིག་ཡིན་ཞེས་རང་རིག་ཡེ་ཤེས་ཀྱིས་སྤྲོས་མེད་ཀྱི་ཚུལ་དུ་འཇལ་བའི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་སྨྲ་བསམ་བརྗོད་མེད་ལྟ་བུ་ཞིག་ལ་ངོས་འཛིན་ནའང་། དེས་ནི་སྙན་ངག་ཟེར་བ་གོ་དཀའ་བ་ཅན་དང་། རྙོག་འཛིང་ཅན་དུ་བྱས་ཡོད་པར་སྙམ།
སྙན་ངག་གི་སྐད་ཆ་དེ་ཡང་ཕལ་སྐད་དང་བསྟན་བཅོས་ཀྱི་སྤྱི་སྐད་སོགས་ཐུན་མོང་གིས་གྲུབ་པའི་དམིགས་བསལ་གྱི་སྐད་ཆ་ཞིག་ཡིན་པ་ལས། འདི་ནི་སྙན་ངག་གི་སྐད་ཆ་དང་ཐ་སྙད་དང་ཚིག་གྲུབ་ཡིན་ཞེས་ཐོག་མ་ཉིད་ནས་རང་རྐྱ་ཐུབ་པའམ། ཡན་གར་བ། གཏན་ཆགས་ཀྱི་རྣམ་པ་ཅན་ཞིག་མིན་པས། དེ་དག་ཀྱང་སྐད་ཆའི་སྡེབ་སྒྲིག་གི་ལེགས་ཉེས་ལ་རག་ལས་པ་ཡིན། སྙན་ངག་གི་སྒྱུ་རྩལ་ལམ་མཛེས་པ་ནི། ཞིམ་པའི་དྲི་དང་མངར་བའི་རོ། འཇམ་པའི་རེག་བྱ་སོགས་འདོད་ཡོན་བྱེ་བྲག་པ་ཙམ་ཞིག་མིན་ལ། གལ་ཏེ་སྙན་ངག་ཅེས་པ་ནི་འདབ་མ་སྟོང་ལྡན་གྱི་མེ་ཏོག་ཅིག་ཡིན་ཚེ། དེ་དང་མཉམ་དུ་སྐད་ཆས་མི་དཔོག་པའི་ན་ཟུག་ཅིག་དང་བརྩེ་བའི་དྲི་བསུང་ཞིག་ཀྱང་བག་ལ་ཉལ་བའི་ཚུལ་གྱིས་ཡོད་དོ།།
དེས་ན། སྙན་ངག་ནི་ནམ་ཡང་སྙན་ངག་སྟེ། གཞུང་ལུགས་ཤིག་གིས་ཚོད་འཛིན་བྱེད་ཐབས་བྲལ་ཅིང་། གཏན་ཚིགས་ཤིག་གི་ར་བར་ཡང་ཤོང་ཐབས་བྲལ་བའི་ཚེ་སྲོག་གི་འགུལ་འཁྱོམ་ཞིག་དང་། བདེན་པ་དང་མཛེས་སྡུག་གིས་གྲུབ་པའི་བླ་སྲོག་གི་འཇིག་རྟེན་ཞིག  སྐད་ཅིག་གིས་འགྱུར་བཞིན་པའི་འཚོ་གནས་ཀྱི་རྣམ་པ་ཞིག་ཡིན་པས་སྙན་ངག་ནི་འཚོ་བ་དང་ཁ་འབྲལ་ཐབས་མེད་ལ། འཚོ་བ་ལས་འདས་པའི་སྙན་ངག་ཅིག་ཡོད་མི་སྲིད། 
གཞན་ཚིག་གི་རོལ་རྩེད་ཙམ་ལའང་མ་བྱང་བར་སྙན་ངག་ལེགས་པོ་ཞིག་འབྲི་འདོད་པ་ནི་གླེན་པའི་འཁྲུལ་སྣང་ཞིག་ཏུ་ཁོ་བོས་སེམས།
མདོར་ན། ཁ་ལྕེ་བདེ་མོས་སྙན་ངག་ཅིག་གི་དགེ་སྐྱོན་ཙམ་གླེང་རྒྱུ་ནི་ཆེས་བླ་ཡི། སྨྱུ་གུ་ལག་ཏུ་བཟུང་སྟེ། ཚོར་སྣང་གི་རྗེས་ཆོད་ནས་སྙན་ངག་ལེགས་པོ་ཞིག་འབྲི་རྒྱུ་ནི་ཆེས་དཀའོ།།
འདི་ནི་བདག་གི་སེམས་ཀྱི་འཁྱེར་སོ་ཙམ་སྟེ། གཞན་ཆེན་པོ་དག་གི་ལྟ་བ་ལ་གནོད་ཅི་ཡང་བསྐྱལ་མེད་དོ།།

                                                                                                                  2006.6.6

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post