རྩོམ་པ་པོ། བཞག་སྲས།
“གཡག་གི་འོ་མ”ལ་ཅི་ཡང་འཆད་རྩིས་མིན་མོད། རྫ་ཚེ་ཞེས་པས་བྲིས་པའི་རྩོམ་ཐུང་ཞིག་དྲྭ་ལམ་དུ་འགྲོ་བ་མཐོང་འཕྲལ། ཚོར་བ་དམིགས་བསལ་བས་དྲངས་ཏེ་སྐད་ཆ་འགའ་ཡི་གེར་འགོད་འདོད་བྱུང་། རེད་དེ། ཡི་གེ་འདི་དག་ཚད་ལྡན་གྱི་དཔྱད་རྩོམ་མིན་པར། ཚོར་བྲིས་སྣ་ཟིན་ཙམ་ཡིན་པས། ཡིག་ནོར་དང་གོ་རིམ་མཐར་ཆགས་སུ་མ་སོང་ས་སྲིད་མོད། གནས་ལུགས་ནི་གནས་ལུགས་རང་ཡིན་པ་ལས། ཡི་གེ་དང་མིང་བརྡ་ཙམ་གྱིས་འགེབ་མི་ནུས་པས། ལག་འཕྲིན་དུ་ཤར་མར་བཏགས་པ་ཡིན། དེ་ལྟར་འབྲི་འདུན་སྐྱེས་པའི་རྒྱུ་མཚན་མང་མོད། ཚིག་ཉུང་ངུ་ཙམ་གྱིས་བརྗོད་ན། ང་ཚོ་བོད་པའི་རིག་གནས་མང་པོ་ཞིག་རང་མི་རིགས་ཀྱི་གཡམ་རྒྱུག་པ་འགས་བརླགས་དང་རློག་བཞིན་ཡོད་པ་སེམས་ཀྱིས་མ་བཟོད་པས་ཡིན་ནོ།། འོག་ཏུ་མདོག་དམར་པོའི་ཡི་གེ་རྣམས་རྫ་ཚེའི་ཚིག་དང་གཞན་རྣམས་ཁོ་བོའི་བྲིས་པ་ཀློག་མཁན་རྣམས་ལ་ཞོར་འཕྲོས་བཅས།
༡
ཧོབ་སྟེ་བལྟས་ན། སྤྱིར་བཏང་འབྲི་ལ་གཡག་ལབ་པ་དེ་ངན་པ་རྫབ་ཆེན་རེད། ང་ཚོ་གསར་འབྱོར་རྣམས་དང་པོ་རྒྱ་གར་ལ་བསླེབས་སྐབས། ཕྱི་རྒྱལ་ནས་འཚར་ལོང་བྱུང་བའི་བོད་པ་གཞོན་སྐྱེས་འགས་གཡག་གི་འོ་མ་ལབ་སྐབས་ཧ་ཅང་ཚབས་ཆེ་བའི་ནོར་འཁྲུལ་ཞིག་ལྟར་བལྟས་ནས་འཕྱ་ལད་བརྒྱབ་ཡོད།
འདི་ནི་ངེས་པར་འཕྱ་དགོས་པའི་གནས་ཤིག་རེད། རྒྱུ་མཚན་བོད་རང་གི་ཕ་མེས་ཡང་མེས་ཚོས་ད་ལྟའི་བར་དུ”གཡག”ཅེས་པ་རྭ་ཁ་ངེས་ཅན་ལོན་པའི་ཕོ་ཟོག་ཞིག་ལ་བཏགས་ཡོད་ཅིང་། ཚད་མའི་སྐད་དུ་མིང་བརྡ་གྲགས་པའི་རྗེས་དཔག་གིས་གྲུབ་པས། དེ་ལས་ལྡོག་ཚེ་འཇིག་རྟེན་གྲགས་པས་གནོད་པ་ཡིན། དེས་ན་གཡག་གི་ངོས་འཛིན་ཐད་ལ་མགོ་སེར་ཚོས་ང་ཚོ་ལ་ཚུར་བལྟ་དགོས་པ་ལས་ང་ཚོས་ཕར་བསྟུན་དགོས་དོན་ལར་ནས་མེད། དེ་ཡང”གཡག”དང་། “ཕོ་རོག” “བྱ་རྒྱལ་ཁྱུང་”སོགས་ནི་མདོ་དབུས་མཐོ་སྒང་གི་མེས་པོ་ཁོ་ནས་རང་བྱུང་ཁམས་ཀྱི་རི་སྐྱེས་སྲོག་ཆགས་སྐོར་ཞིག་ལ་ངོས་འཛིན་བྱེད་སྟངས་ལས་བྱུང་པས། མདོ་དབུས་མཐོ་སྒང་གི་ཐུན་མིན་སེམས་ཅན་དེ་དག་དང་འབྲེལ་འདྲིས་མེད་པའི་མི་རིགས་གཞན་གྱི་སྐད་དུ་དོན་སྒྱུར་བྱེད་མི་ནུས་སོ།། ཡིན་ནའང་ལ་ཤས་ཀྱིས་གནད་འགག་དེ་མ་རྟོགས་པར་གཡག་ལ牦牛དང་། ཕོ་རོག་ལ乌鸦སོགས་འདོགས་བཞིན་ཡོད་རེད། མ་གཞི་དེ་དག་སྒྲ་སྒྱུར་བྱ་དགོས་པའི་སྐོར་གྱི་དཔྱད་རྩོམ་ཞིག་ཁོ་བོས་བྲིས་ཡོད་པས། མོས་པ་མཆིས་ཚེ་གཞན་དུ་མཇལ།
༢
ང་ཚོས་དེ་ཁོང་ཚོས་ཞིབ་ཆ་མ་ཐོན་པ་རེད་ཅེས་བསམ་ཆོག་མོད། ཅིག་བྱས་ན། དེ་ལའང་རྒྱུ་མཚན་ཞིག་ཡོད་ས་རེད། ཁོང་ཚོའི་སྲོག་ཆགས་ཀྱི་མིང་བརྡའི་ཁྱབ་ཁོངས་ནས་འབྲི་གཡག་གཉིས་ཁོ་ནར་སྤྱོད་རྒྱུའི་ཐ་སྙད་ཅིག་མ་རྙེད་པ་འདྲ།
གཡག་ངོས་འཛིན་གྱི་ཐད་ལ་མིང་རྫིག་པོ་ཅན་གང་འདྲ་ཞིག་གིས་གཏན་འབེབས་བྱས་ཡོད་ནའང་བོད་པའི་ངོས་འཛིན་དང་མ་མཐུན་ཚེ་ཁོ་ཚོས་ད་དུང་ཞིབ་འཇུག་བྱ་དགོས་པའམ། ཡང་ན་ད་དུང་ཞིབ་ཆ་མ་ཐོན་པ་ལས་འདའ་ས་གཏན་ནས་མེད། གལ་ཏེ་ཁོ་ཚོས་འབྲི་གཡག་གཉིས་ཁོ་ནར་སྤྱོད་རྒྱུའི་ཐ་སྙད་ལ་"འབྲི"ཞེས་གཏན་འབེབས་བྱས་ཡོད་ན། རྫ་ཚེ་དང་རྫ་ཚེ་ལྟ་བུའི་རུས་རྐང་བོར་བའི་བོད་རྣམས་ཀྱིས་མགོ་སེར་ཚོས་”འབྲི”ཞེས་པ་འབྲི་གཡག་གཉིས་ཆར་གྱི་སྤྱི་མིང་བྱས་པ་ལ་རྒྱབ་ལྗོངས་ཡོད་རབས་དང་བཀའ་འགྱུར་ཁྲོད་ནའང་དེ་ལྟར་བྱས་ཡོད་རབས་བཤད་ངེས་རེད།
༣
འབྲི་གཡག་ཐུན་མོང་ལ་སྤྱོད་པའི་ཐ་སྙད་ཚད་ཐུབ་ཅིག་ཡོད་དམ། དེ་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ང་ཚོར་སྐྱེས་པ་དང་བུད་མེད་གཉིས་ལ་ཐུན་མོང་དུ་མཚོན་པའི་ཐ་སྙད་“མི་”ཞེས་པ་ཞིག་ཡོད་པ་བཞིན། བྱེད་ལས་དང་ནུས་པ་གཅིག་མཚུངས་ཡོད་པའི་འབྲི་གཡག་གཉིས་ཀ་མཚོན་པའི་གཞན་ལྡན་རྣམ་གཅོད་ཀྱི་མིང་ཚིག་ཅིག་ཨེ་ཡོད། ང་ཚོས་དེར་བསམ་བློ་འཁོར་ཨེ་མྱོང་། དེ་འདྲ་ཡིན་ན། ནོར་འཁྲུལ་དེ་ང་ཚོའི་མགོར་ཚུར་ལྷུང་རྒྱུ་ཡིན་ནམ། ཕྱུགས་དང་། ཟོག །ནོར་གནག་སོགས་ནི་འབྲི་གཡག་ཁོ་ན་མཚོན་པའི་མིང་མིན་པ་བོད་པའི་ཚིག་མཛོད་ཚོས་ཀྱང་ཁས་ལེན། དེ་རྣམ་པ་ཚོས་ཀྱང་ལོས་ཤེས།
འབྲི་གཡག་གཉིས་ཀ་མཚོན་པའི་གཞན་ལྡན་རྣམ་གཅོད་ཀྱི་མིང་ཚིག་ནི།“ཟོག”ཅེས་པ་དེ་རེད། གལ་ཏེ་ཤྭ་བ་དང་ཡུ་མོ་གཉིས་ཀ་མཚོན་པའི་གཞན་ལྡན་རྣམ་གཅོད་ཀྱི་མིང་ཚིག་ཅིག་ཨེ་ཡོད། མེད་ན་ཤྭ་བ་དེ་གཉིས་ཀའི་མིང་ཡིན་ཞེས་བསྒྲག་དགོས་སམ། དེ་བཞིན་དུ་མཛོ་མཛོ་མོ་གཉིས་ཀ་མཚོན་པའི་གཞན་ལྡན་རྣམ་གཅོད་ཀྱི་སྤྱི་མིང་ཞིག་ཡོད་དམ། མེད་ན་མཛོ་དེ་ཡང་དེ་གཉིས་ཀའི་སྤྱི་མིང་ཡིན་ཟེར་དགོས་པ་སོགས་འཇིག་རྟེན་ལ་གྲགས་པ་ཀུན་བརླག་དགོས་པར་འགྱུར། གལ་ཏེ་ཟོག་ནི་འབྲི་གཡག་ཁོ་ནར་གོ་བ་མིན་པས་རྟ་དང་ར་ལུག་སོགས་ལའང་གོ་སྙམ་ན། དེ་ལྟར་ན་མི་ཞེས་པ་དེ་སྐྱེས་པ་དང་བུད་མེད་ཁོ་ན་མིན་པའི་ཟ་མ་དང་མ་ནིང་སོགས་ལའང་འཇུག་པས་དེ་ཡང་སྐྱེས་པ་དང་བུད་མེད་གཉིས་ཀ་མཚོན་པའི་གཞན་ལྡན་རྣམ་གཅོད་ཀྱི་མིང་ཚིག་མིན་དགོས་ལ། དེ་ལྟར་ན་སྐྱེས་པ་དང་བུད་མེད་གཉིས་ཀའི་སྤྱི་མིང་ཡང་རྒྱལ་སྤྱི་ཅིག་ཅིག་ཚང་གིས་མིང་གཏན་འབེབ་ཨེ་བྱེད་བསྙམས་ནས་བསྒུག་དགོས་པ་མིན་འགྲོ།
༤
རྒྱུད་སྡེ་ལས་བྱུང་བའི་གཡག། དཔེ་མཚོན་ཙམ་ཞུས་ན། དཔལ་ཧེ་རུ་ཀ་སྙིང་རྗེ་རོལ་པའི་རྒྱུད་ལས། སྲིན་མོ་དམར་སེར་ཤིང་ཆེན་ཏྲི་ཤཱུ་གཡག་མགོ་མ། ཞེས་འབྱུང་ཞིང་། དེ་དང་འདྲ་བར་སྒྱུ་འཕྲུལ་ཞི་ཁྲོའི་ལྷའི་གྲས་སུའང་གཡག་གི་མགོ་བརྙན་ཅན་བྱུང་མོད། དེ་དག་ལྷ་མོ་རྒྱུད་ཡིན་པས། མགོ་བརྙན་དེའང་དོན་ལ་མོ་གཤིས་སུ་གནས་དགོས་པ་སྟེ། ཐད་ཀར་བཤད་ན། འབྲིའི་མགོར་ཡོད་དགོས་པ་ལྟ་བུ་ཞིག་མ་རེད་དམ། དེ་མིན་ན། སེང་གདོང་མའི་དབུ་དེའང་སེང་ཕོ་ཡིན་ནམ་སེང་མོ་ཡིན་སོགས་རྣམ་རྟོག་སྤྲོས་ན་དགོད་བྲོ་བ་ཡོང་། དེ་ཙམ་གྱིས་ཀློག་པ་པོའི་སྐོམ་ཁ་མི་སོད་པ་ངས་ཤེས་ཀྱི་ཡོད་པས་ང་ཚོས་མུ་མཐུད་བལྟས་ན།
འདི་ནི་བདེ་མཆོག་སོགས་ལས་བྱུང་བའི་ཁྱི་གདོང་མ་དེ་ཡང་ཁྱི་མོའི་གདོང་པ་ཅན་ཡིན་བསམ་པ་དང་སེང་གདོང་མའི་དབུ་དེ་ཡང་སེང་མོའི་དབུ་ཡིན་བསམ་པ་དེ་རེད། དེ་ལྟར་ན་དབང་མོ་ཉེར་བརྒྱད་ནང་གི་ནོར་སྲུང་ཤྭ་བའི་མགོ་ཅན་གྱི་ཤྭ་མགོ་དེ་ཡང་ཡུ་མོའི་མགོ་ཡིན་དགོས་པས་ཤྭ་བ་དེ་ཡང་དོན་ལ་ཤྭ་བ་ཡུ་མོ་གཉིས་ཀའི་སྤྱི་མིང་ཡིན་ཟེར་དགོས་པས་བགོད་བྲོ་བའི་ཕྱིར་རོ། སེང་གདོང་མ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དབུ་སེང་གེའི་གདོང་པ་ཅན་གྱི་ལྷ་མོ་ལ་སེང་གདོང་མ་ཞེས་བཏགས་པ་ལས་དུད་འགྲོ་སེང་མོ་ཞིག་གི་དབུ་བཅད་ནས་དེ་ལ་བཏགས་པ་ག་ལ་ཡིན། དེ་བཞིན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གདུལ་བྱ་ལ་རྣམ་པ་གཡག་གི་གདོང་ཅན་སྟོན་མཁན་ལ་སྲིན་མོ་གཡག་གདོང་མ་ཞེས་བཏགས་པ་ལ་དེ་འབྲི་གདོང་ཡིན་ཟེར་བ་ཨུ་ཚུགས་ཙམ་དུ་ཟད་དེ། ངོ་བོ་ཡེ་ཤེས་མཁའ་འགྲོ་མ་ལ་རྣམ་པ་གཡག་གི་གདོང་པ་ཅན་ཙམ་ཡིན་པའི་ཕྱིར། དེའི་གདོང་པ་དེ་འབྲི་གདོང་ཡིན་སྙམ་པ་ནི་ཀླུ་ཞིག་གིས་སྟོད་བུ་མོ་ལ་སྨད་སྦྲུལ་ཡིན་པ་ཞིག་སྤྲུལ་བའི་ཚེ་དེའི་སྨད་ཀྱི་སྦྲུལ་མཇུག་དེ་མོ་སྦྲུལ་གྱི་མཇུག་མ་ཡིན་སྙམ་པ་དང་གཅིག་མཚུངས་རེད། སྤྱིར་རྒྱུད་ནས་གསུངས་པའི་མགོ་བརྙན་སྣ་ཚོགས་པ་དེ་ལ་བཞེད་པ་མི་མཐུན་པ་ཡོད། སྦྲུལ་གདོང་ཞེས་པའི་སྦྲུལ་གདོང་དེ་མགྲིན་པ་ཡན་ཆད་སྦྲུལ་གྱི་མགོ་ཡིན་པ་ལ་གོ་བ་མ་ཡིན་པར་མགོ་ལྷའི་མགོ་ཡིན་པ་ལ་མདུན་གྱི་ངོ་གདོང་སྦྲུལ་གྱི་གདོང་ལྟ་བུ་ལ་ཟེར་བ་ཡིན། དེ་ལྟར་མིན་ན་རྣ་རྒྱན་སོགས་བཏགས་མི་རུང་བར་ཐལ་བའི་ཕྱིར་ཞེས་སྐྱོན་གཏོང་མཁན་སྔོན་ནས་བྱུང་མྱོང་ཡོད།
༥
ཡང་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་བྱེད་ཀྱི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་ལས། རྣལ་འབྱོར་མ་བརྒྱད་དོ། །འདི་རྣམས་ཀྱི་གདན་ནི། བསེའི་པགས་པ་དང་། སྟག་ལྤགས་དང་། དོམ་ལྤགས་དང་། ནེའུ་ལེའི་པགས་པ་དང་། གཡག་གི་པགས་པ་དང་། ཅེ་སྤྱང་གི་པགས་པ་དང་། སྲམ་ལྤགས་དང་། བྱི་ལའི་པགས་པའོ། །ཞེས་གསུངས། འདིའང་གཞན་དག་ལ་ཕོ་མོ་ངེས་བཟུང་མེད་བཞིན། གཡག་ཁོ་ན་ཕོ་ཡིན་དགོས་པའི་ཁྱད་པར་ཡོད་དམ། དུས་འཁོར་བསྡུས་རྒྱུད་སོགས་སུའང་དེ་འདྲ་མང་པོ་འབྱུང་མོད། རེ་རེ་ནས་འདྲེན་མི་དགོས།
འདིའི་རིགས་ལ་དོགས་སློང་ཟེར་བ་ཙམ་ལས་སྒྲུབ་བྱེད་ཟེར་བ་གཏན་ནས་མ་རེད། དོགས་པ་འདི་ལྟར་གླེང་ཆོག་མོད། འདི་ཙམ་གྱིས་དུས་འཁོར་འགྲེལ་བས་གཡག་ཅེས་པ་དེ་འབྲི་གཡག་ལ་གོ་བ་རེད་ཅེས་བཤད་གཏན་ནས་མི་ཐུབ། དེས་ན་ང་ཚོ་གཞུང་འདི་དག་གིས་ཐ་སྙད་གང་བཀོལ་ཡོད་ན་དེའི་ཐ་སྙད་འཇུག་ཡུལ་ཇི་ལྟར་གྲགས་པ་ལྟར་འཚོལ་དགོས་པ་ལས་རིགས་པ་བསྒྲེ་ནས་ཡར་བཏགས་མར་བཏགས་བྱེད་རྒྱུ་མེད། དཔེར་ན། རྟ་ལྤགས་དང་ལུག་ཐང་བའི་ལྤགས་པ་ཟེར་ཡོད་ན། ལུག་མ་མོའི་ལྤགས་པ་སྐབས་དེར་གོ་ཆོག་པ་རིགས་པས་དེད་རྒྱུ་ག་ལ་ཡོད། འདི་འདྲའི་རིགས་པ་འདེད་མཁན་དག་ལ་མཚན་ཉིད་པ་རིགས་བསྒྲེས་འཕུང་ཟེར་བ་དེ་ཡིན་པས་བག་ཡོད་མཛོད།
༦
མདོ་འདུལ་ལས་བྱུང་བའི་གཡག ། ཡང་འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ཀྱིས། ཞེས་པ་ནས། གླང་ངམ། རྟའམ། མ་ཧེའམ། གཡག་ལ་འཇུས་ཤིང་ཀླུང་རྒལ་ན་ཉེས་པ་མེད་དོ། །ཞེས་གསུངས་ཤིང་། འདིའང་སྐྱལ་མི་ཤེས་མཁན་གྱི་གྲྭ་པས་ཆུ་ཀླུང་བརྒལ་བར་ཕྱུགས་རིགས་འདི་དག་གི་རྔ་མ་འཇུས་ནས་བརྒལ་ཐབས་བྱེད་ཆོག་པར་གསུངས་པའི་ལུང་ཡིན་མོད། འདིའང་ཕོ་ཁོ་ནའི་དབང་དུ་བྱས་པའི་སྒྲུབ་བྱེད་མི་འདུག་ལ། གཡག་ཁོ་ན་དམིགས་སུ་བཀལ་ནས་ཕོ་ཡིན་དགོས་པར་དེ་བས་ཀྱང་བཤད་དཀའ།
འདི་ནི་ཀརྨ་པས་བཀའ་འགྱུར་མ་ལག་ནང་དུ་གཡག་ཅེས་པའི་ཡིག་འབྲི་འཚོལ་ཚེ་དེ་མ་ཐག་ཏུ་འཆར་འོང་བའི་འདུལ་བའི་གཞུང་སྐེད་ཙམ་ལ་མགོ་འཁོར་ནས་ལོག་བཤད་བསྐྱོན་པ་ཞིག་རེད། དེ་ལ་གོ་བརྡ་ཙམ་སྤྲད་ན། འདུལ་བའི་གཞུང་འདིས་དོན་ངོ་མར་གཡག་ལ་འོ་མ་མེད་པ་གསལ་བཤད་བྱས་ཡོད་དེ། ཕྱུགས་རིགས་ཀྱི་རྔ་མ་ལ་འཇུས་ནས་ཆུ་བརྒལ་མི་རུང་བར་བཅས་པ་མཛད་ཚེ་དང་པོ་གླེང་གཞི་ཞིག་བྱུང་བ་དང་། དེའི་རྗེས་དགག་པའི་བཅས་པ་མཛད། ཡང་དེའི་རྗེས་དགག་པའི་རྗེས་སུ་གནང་བ་ཞིག་མཛད་པའོ།།
དང་པོ་གླེང་གཞི་ནི<<འདུལ་བ་གཞི>> ལས། “དྲུག་སྡེ་དག་གིས་ཁྱིམ་བདག་གཞན་ཞིག་གི་བའི་མཇུག་མ་ལ་བཟུང་ནས། བའི་འོ་མ་ཟད་ཟད་དུ་ཕར་རྐྱལ་ཚུར་རྐྱལ་ལོ། །དེས་ཕྱུགས་རྫི་ལ་དྲིས་པ། དེ་རིང་ཅིའི་ཕྱིར་འོ་མ་མེད། དེས་སྨྲས་པ། འཕགས་པ་དྲུག་སྡེ་དག་གིས་ཞེས་བྱ་བ་ནས་དེ་སྨོད་པར་བྱེད། འཕྱ་བར་བྱེད། ཁ་ཟེར་བར་བྱེད།”ཅེས་གསུངས་ཡོད། མདོ་འདིས་དྲུག་སྡེས་བའི་མཇུག་མ་ལ་བཟུང་ནས་ཆུ་བརྒལ་ཞོར་བའི་ནུ་མ་འཐེན་ནས་ཕར་འགྲོ་ཚུར་འགྲོ་མང་པོ་བྱས་པས་འོ་མ་མང་པོ་ཆུ་ནང་འཛགས། ཕྱི་དྲོར་བཞོན་མ་དག་གིས་བ་བཞོ་སྐབས་འོ་མ་མེད་པས་ཕྱུགས་རྫི་ལ་དྲིས་སྐབས། ཕྱུགས་རྫིས་འོ་མ་རྣམས་དྲུག་སྡེས་ཆུ་ནང་དུ་བཞོས་ཟིན་ཅེས་ལན་བཏབ་པས་ཁོ་ཚོ་མ་དད་པ་གྱུར་ཅིང་འཕྱ་ཀ་བཏང་བའོ།།
གཉིས་པ། དགག་པའི་བཅས་པ་མཛད་པ་ནི། <<འདུལ་བ་གཞི་ལས>> “བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བའི་མཇུག་མ་ལས་བཟུང་སྟེ་རྐྱལ་བར་མི་བྱའོ།།” ཞེས་གསུངས་ཡོད།
གསུམ་པ་དགག་པའི་རྗེས་སུ་གནང་བ་ནི། བཅས་པ་དེ་མཛད་རྗེས<<འདུལ་བ་གཞི>> ལས། “དགེ་སློང་ཆུ་བརྒལ་བ་དག་ཅིག་གླང་པོ་ཆེའི་མཇུག་མ་ནས་བཟུང་སྟེ་འགྲོ་བར་འདོད་པ་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཇུག་མ་ཅན་ལྔའི་མཇུག་མ་ལས་བཟུང་སྟེ། གླང་པོ་ཅང་ཤེས་པ་དང་། རྟ་ཅང་ཤེས་དང་། ཁྱུ་མཆོག་དང་། མ་ཧེ་དང་། གཡག་གིའོ། །འོན་ཀྱང་རྐྱལ་བས་རྐྱལ་བར་བྱའོ། །”ཞེས་བ་ལས་གཞན་པའི་གཡུང་དྭགས་ལྔའི་རྔ་མ་ལ་བཟུང་ནས་ཆུ་བོ་ཆེན་པོ་བརྒལ་ཆོག་པ་གནང་འདུག་པ་རེད། དོན་འདིས་གཡུང་དྭགས་འདི་ལྔ་པོ་ནུ་མ་འཐེན་ནས་འོ་མ་འཛགས་པ་སོགས་མེད་པར་བསྟན་ཡོད། རྒྱུ་མཚན་བའི་རྔ་མ་ནས་བཟུང་མི་ཆོག་ཅེས་པའི་དགག་བྱ་ནི་དེའི་ནུ་མ་ལ་འཐེན་ནས་འོ་མ་ཆུད་ཟོས་སུ་མི་གཏོང་ཆེད་ཡིན་ལ། གཡུང་དྭགས་འདི་ལྔ་པོ་ལ་འོ་མ་འཐེན་རྒྱུ་མེད་པས་དགག་པའི་རྗེས་སུ་གནང་བ་རེད། ལྷག་པར་གླང་པོ་ཅང་ཤེས་དང་། རྟ་ཅང་ཤེས་སོགས་ཚིག་དངོས་སུ་ཟིན་ཡོད་པས། རྟ་ཅང་ཤེས་ནི་རང་གི་མ་ལ་འདོད་ལོག་གཏན་ནས་མི་སྤྱོད་པའི་རྟ་ཕོ་ཞིག་ཡིན་པ་མདོ་དང་སྐྱེས་རབས་སོགས་ན་གསལ་བ་ལྟར། གླང་པོ་ཅང་ཤེས་དང་སྤྲེའུ་ཅང་ཤེས། དོམ་ཅང་ཤེས་སོགས་ཀྱང་སྲོག་ལ་བབས་ཀྱང་རང་གི་མ་ལ་འདོད་ལོག་མི་སྤྱོད་མཁན་གྱི་གཡུང་དྭགས་ཕོ་རིགས་ལ་གོའོ།། དེས་ན་གཡག་ཅེས་པ་འོ་མ་འཐེན་རྒྱུ་མེད་པའི་གཡུང་དྭགས་ཕོ་ཞིག་ཡིན་པ་མདོ་གོང་འོག་ཚང་མས་བསྟན་དོན་དུ་བབས་ཡོད་མོད། དྲྭ་ཐོག་གི་བཙལ་འབྲས་ཙམ་ལ་སྐྱབས་འཆའ་བའི་རྫ་ཚེ་སོགས་ཀྱིས་མི་གོའོ།།
མདོར། བཀའ་བསྟན་སོགས་ཀྱི་ལུང་དྲངས་ནས”གཡག”ཅེས་པ་འབྲི་གཡག་ཐུན་མོང་ལ་གོ་ཞེས་བཤད་པ་དང་། “ངོ་མ་བཤད་ན། འདི་ནི་ང་ཚོའི་མི་རབས་དང་དུས་རབས་བརྗེ་བཞིན་པ་དང་མཉམ་དུ་མིང་བརྡ་ཐ་སྙད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་སྔོན་བརྡ་ཞིག་རེད།”ཅེས་པ་གཉིས་ནང་འགལ་ཚབས་ཆེན་རེད་དེ། དང་པོར་སྔོན་ནས་བོད་རང་གི་མིང་བརྡ་ལ”གཡག”ཅེས་པ་འབྲི་གཡག་གཉིས་ལ་གོ་ཚུལ་བཤད། གཉིས་པར་སྔོན་གྱི་མིང་བརྡ་ལ་དེ་ལྟར་མ་གྲགས་རུང་། ད་སྐབས་འགྱུར་བ་འགྲོ་བཞིན་ཡོད་ཚུལ་བཤད། མ་གཞི་ནང་འགལ་ཅན་གྱི་སྐད་ཆ་འདི་ལ་དཔྱོད་རིན་མ་མཆིས་མོད། བོད་པ་རང་གི་ཐ་སྙད་གསེར་འདྲ་ཞིག་གད་སྙིགས་སུ་འཕེན་རྒྱུའི་གྲབས་གཤོམ་བྱེད་པར་མ་བཟོད་པས་གསལ་འདེབས་འདི་ཐལ་ལོ།།