བོད་ཀྱི་སློབ་མ་མེ་སྤྱང་།
ཁྱུང་མཆུ།
ད་ལོར་མི་རིགས་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་ནད་ཡམས་ཀྱི་སྡུལ་བསྔལ་སྣ་ཚོགས་པ་ཞིག་གི་མནར་གཅོད་ཀྱི་གོ་རིམ་ཁྲོད་ནས་འགྲོ་བ་མིའི་རིགས་ཤི་གསོན་གྱི་འགག་ཕྲེང་བརྒྱུད་ནས་ཡོང་བ་ཡིན་ཡང་།
ས་ཁུལ་འདི་ལ་མཚོན་ན་ད་ལྟ་ཅུང་ལྟོས་བཅས་ཀྱིས་ཉེན་ཁ་དང་འཇིགས་ཉེན་ཆེས་ཆེར་མེད་པའི་དུས་སུ།
རྔ་བ་བོད་རིགས་འཆང་རིགས་རང་སྐྱོང་ཁུལ་དུ་མི་རིགས་ཀྱི་རིག་གནས་རེ་རེ་བཞིན་ཡལ་ཤུལ་ན་རྒྱལ་ཁབ་ཀྱི་ཡར་རྒྱས་ཟེར་བ་ཞིག་ཡོད་པར་འདོད་པའི་བྱིས་བློ་ཅན་གྱི་ཞབས་འདྲེན་པ་ཁ་ཅིག་གིས།
རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་ཀྱི་ནང་དུ་སྔར་ནས་ཀྱང་གཏན་འབེབ་བྱས་ཟིན་པའི་སྐད་ཡིག་སློབ་གསོའི་སྐོར་གྱི་ཁྲིམས་ལུགས་ལ་རང་སྣང་གང་ཤར་གྱིས་བསྒྱུར་བཅོས་བཏང་ནས།
བོད་སྐད་ཡིག་གི་སློབ་གསོའི་ལས་དོན་དང་། ལྷག་པར་དུ་བོད་ཀྱི་སློབ་མ་དག་གི་མ་འོངས་པའི་མདུན་ལམ་སྔར་ལས་ལྷག་པའི་བཀག་རྡོ་བཟོ་བ་ནི་ཆེས་འཇིགས་སུ་རུངས་པ་དང་།
ཆེས་བཟོད་པར་དཀའ་བའི་ན་ཟུག་ཅིག་ཡིན་པས་ཅིས་ཀྱང་ཡར་ཞུ་ཞིག་མི་བྱེད་ཀ་མེད་བྱུང་། དེ་ནི་ན་མ་སྨིན་པའི་བསམ་སྤྱོད་ལས་བྱུང་བ་ཡིན་པའམ་ཡང་ན་རང་རང་གི་ཐོབ་འབྱོར་གང་ཞིག་དམིགས་ནས་འདི་ལྟར་སྒྲུབ་ཀྱིན་ཡོད་པ་གོར་མ་ཆག་མོད། བརྒྱ་ལ་ཅིས་ཀྱང་ལྷག་བསམ་གྱིས་སྒྲུབ་པ་ཞིག་ཡིན་ཡང་རྒྱལ་ཁབ་ལ་མཚོན་ན་དེ་ནི་ཕན་པ་ལས་གནོད་པ་ཆེ་བ་ཞིག་ཏུ་འགྱུར་བ་ཐག་གིས་ཆོད།
ཅིའི་ཕྱིར་ཞེ་ན། ཀྲུང་གོའི་རྒྱལ་ཁབ་ནི་མི་རིགས་ང་དྲུག་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པས།
ཀྲུང་གོ་ཡར་རྒྱས་སུ་འགྲོ་དགོས་ན་ཀྲུང་གོའི་རིགས་གནས་ཡིན་པའི་མི་རིགས་ཀྱི་རིག་གནས་དག་ཡར་རྒྱས་སུ་འགྲོ་དགོས་ལ།
མི་རིགས་ཀྱི་རིག་གནས་གང་དང་གང་ཡིན་ཡང་ཕལ་ཆེ་བ་ཞིག་རང་རང་གི་སྐད་ཡིག་ལ་བརྟེན་ནས་ཡོད་པ་ཡིན་པས།
གལ་ཏེ་སྐད་ཡིག་གཅིག་ཉམས་པའི་རྒྱུ་བྱས་པའམ། ཡང་ན་སྐད་དང་ཡི་གེ་གང་རུང་ཞིག་གི་ཐོབ་ཐང་རྩིས་མེད་དུ་བྱས་ནས་འཆི་ལམ་དུ་འདེད་པའི་སྦྱོར་བ་རྩོམ་པ་ནི་རིམ་གྱིས་རྒྱལ་ཁབ་ཅིག་འཆི་ལམ་དུ་དེད་པ་ཡིན་པས།
རང་རྒྱལ་གྱི་སྐད་ཡིག་གི་སློབ་གསོའི་ཁྱབ་ཁོངས་ལ་དུག་ནག་གི་རིམས་ནད་འདེབས་ནི་དོན་གྱིས་རྒྱལ་ཁབ་ཀྱི་ཡར་རྒྱས་དང་རྒྱལ་ཁབ་ལ་བློ་མི་དཀར་བའི་བྱ་སྤྱོད་ཅིག་ཡིན་པའང་ཐེ་ཚོམ་ཅི་ལ་དགོས།
ཡང་གཅིག་བཤད་ན། ཀྲུང་གོའི་རིག་གནས་གང་ཞིག་ཉམས་རྒུད་དུ་སོང་ན་དེ་བཞིན་དུ་ཀྲུང་གོ་ལ་ཡར་རྒྱས་ཀྱི་གནོད་རྐྱེན་དུ་འགྱུར་བར་མ་ཟད་སྤྱིར་འཛམ་གླིང་ལ་མཚོན་ནའང་རིན་བྲལ་གྱི་ནོར་བུ་ཞིག་ཐང་ལ་བརྡབ་པ་རེད།
སྐད་ཡིག་ནི་བརྡ་སྤྲོད་ཀྱི་ལག་ཆ་ཙམ་ཞིག་ལས་རིན་བྲལ་གྱི་ནོར་བུ་ཞིག་མ་ཡིན་པར་འདོད་ན་དེ་ནི་ཆེས་ཆེ་བའི་ནོར་བ་ཞིག་ཡིན་ཏེ།
རྒྱལ་ཁབ་གང་དང་གང་། མི་རིགས་གང་དང་གང་ཡིན་ཡང་དེ་དག་གི་ཐུན་མིན་གྱི་བསམ་བློའི་ལྟ་གྲུབ་དང་ཡུལ་སྲོལ་གོམས་གཤིས།
ཚན་རིག་ལག་རྩལ། བཟོ་ལས་ཐོན་སྐྱེད་སོགས་གང་ཅིའི་ཐད་ནས་ཀྱང་སྐད་ཡིག་ལ་མ་བརྟེན་པ་མེད་པས།
རྒྱབ་ཁབ་དང་མི་རིགས་གང་ཡིན་ཡང་སྐད་ཡིག་ཉམས་ན་རྒྱ་མཚོའི་ནང་ནས་གྲུ་གཟིངས་འཐོར་བ་བཞིན་རྟེན་མེད་པས་བརྟེན་པ་འཇིག་འགྲོ་བའང་དངོས་པོའི་ཆོས་ཉིད་ཅིག་ཡིན་པས་མང་པོ་བཤད་ག་ལ་དགོས།
བློ་མཐུན་སུ་ཏ་ལེན་གྱིས་སྐད་ཆ་ཞིག་ཡོད་པ་ནང་བཞིན་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡར་རྒྱས་སུ་འགྲོ་དགོས་ན་ཐོག་མར་དེའི་སྐད་ཡིག་ཡར་རྒྱས་སུ་གཏོང་དགོས་ལ།
དེ་ལས་གཞན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཉམ་རྒུད་དུ་འགྲོ་དགོས་ན་ཐོག་མར་དེའི་སྐད་ཡིག་མེད་པར་བཟོ་དགོས་ཞེས་བཤད་པ་ལྟ་བུ་རེད།
དེ་བས་རང་ས་རང་ཡུལ་དུ་ཐབས་ལམ་དང་པོའི་སློབ་ཁྲིད་མེད་པར་བཟོ་བ་ནི་ས་གནས་དེ་དང་མི་རིགས་དེའི་ཡར་རྒྱས་ཀྱི་མདུན་ལམ་ལ་དཀའ་ངལ་སྤྲད་པ་མ་ཡིན་ནམ། གཞན་ཡང་མི་རིགས་མང་པོ་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ན་དེའི་ཆ་ཤས་སུ་གྲུབ་པའི་མི་རིགས་རེ་རེ་མེད་ཤུལ་ན་རྒྱལ་ཁབ་ཟེར་བ་ཞིག་ཡོད་སྲིད་དམ།
མེད་ན། མི་རིགས་དེའི་ངོ་བོར་གྱུར་པའི་སྐད་ཡིག་རེ་རེ་ཉམས་ཤུལ་ན་མི་རིགས་ཟེར་བ་ཞིག་ཀྱང་ཡོད་པ་ཨེ་ཡིན་ནམ།
མེད་ན། མཐར་དེད་ན་རྒྱལ་ཁབ་ཅིག་གི་བརྟན་བརླིང་དང་ཡར་རྒྱས་ཀྱང་མི་རིགས་དང་མི་རིགས་ཀྱི་སྐད་ཡིག་ལ་ཐུག་ནས་ཡོད་པ་ཡིན་པས།
དེ་ཉིད་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཅིག་སྲུང་སྐྱོབ་བྱེད་པ་ཅི་ལ་མིན། དེ་བཞིན་དུ་དེ་ལ་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་འགོག་རྐྱེན་བཟོ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་འགོག་རྐྱེན་བཟོས་པའང་ལོས་ཡིན། དེ་བས་རྒྱལ་ཁབ་ལ་བློ་དཀར་བའི་མི་མང་གི་སྣེ་ཁྲིད་པ་ཞིག་བྱེད་འདོད་ན།
ངེས་པར་དུ་ཐོག་མར་རྒྱལ་ཁབ་ཀྱི་ཡར་རྒྱས་ནི་གང་དང་འབྲེལ་བ་ཡོད་པའི་གནད་གཙོ་བོ་རྣམས་མཁྱེན་ན་ཧ་ཅང་གིས་ལེགས་པས་དཔྱོད་ལྡན་གཟུ་བོར་གནས་པའི་གོང་རིམ་གྱི་མགོ་ཁྲིད་དག་ཐུགས་བསམ་གནང་བར་འཚལ་ལོ།
།
གཞན་ཡང་།
གནས་ཚུལ་འདི་ནི་རྩོམ་པ་པོ་ཁ་ཤས་ཤིག་གིས་ཚིག་གི་བཙན་འཛུལ་བྱས་པའམ་མ་ཉེས་ཁ་ཡོག་ཐེབས་པ་ཙམ་མ་གཏོགས་དོན་ལ་ཁྲིམས་དང་མཐུན་པ་ཞིག་ལོས་ཡིན་སྙམ་ན།
དེ་ནི་མ་ཡིན་ཏེ། འདི་ལྟར་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དོན་ཚན་བཅུ་པ་ལས།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པ་དང་། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་སུ་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།
ཞེས་དང་། ཡང་དེའི་དོན་ཚན་སོ་བདུན་པར། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་སློབ་གྲྭའི་འཛིན་རིམ་དང་སློབ་གསོའི་སྒྲིག་གཞི་གཞན་དག་གི་ནང་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་སྤྱོད་དགོས་པ་མ་ཟད།
སློབ་ཁྲིད་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་བྱ་དགོས། ཞེས་སོགས་ཁྲིམས་ལུགས་ཀྱི་སྐོར་ནས་སྒྲུབ་བྱེད་མང་དུ་བྱུང་ཡང་མཚོན་ཙམ་པ་རེ་དྲངས་པ་དེ་རེད།
མདོར་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་བཅའ་ཁྲིམས།
རྔ་བ་བོད་རིགས་འཆང་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་གང་ལྟར་ན་ཡང་བོད་རིགས་ཀྱིས་བརྒྱ་ཆའི་མང་ཕྱོགས་ཟིན་པའི་ས་ཁུལ་དུ་རྩིས་དངོས་རྫས་གསུམ་གྱི་མཚོན་པའི་སློབ་ཁྲིད་ཕལ་ཆེ་བ་ཐབས་ལམ་དང་པོ་སྟེ་བོད་སྐད་ཡིག་གི་ལམ་ནས་ཁྲིད་སྦྱོང་བྱེད་པ་ནི་ཁྲིམས་དང་མཐུན་པར་མ་ཟད།
ས་གནས་ཀྱི་སློབ་མ་དག་ལའང་ཁེ་ཕན་ཡོད་པའི་སློབ་གསོའི་རིགས་དེ་ཡིན་པས། འདི་ལ་རང་དགར་ངང་བཅོས་བསྒྱུར་གཏོང་བ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས།
མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་རྩིས་མེད་དུ་བྱས་ནས་རང་སྣང་གང་ཤར་གྱིས་བྱ་བ་བྱས་པ་ཡིན་ཞིང་།
ང་ཚོ་བོད་ཀྱི་སློབ་མ་དག་གི་མདུན་ལམ་ལ་སྔོན་ཆད་བྱུང་མ་མྱོང་བའི་དཀའ་ངལ་བཟོས་པ་ཡིན་པས་དེ་ལ་གུས་བརྩི་མེད་པར་མ་ཟད་ནམ་ཡང་དགག་པ་ཡོད་ལ།
གོང་རིམ་གྱིས་གཏན་འབེབ་བྱས་ཟིན་པའི་སྤྱི་དང་བྱེ་བྲག་གི་ཁྲིམས་ལུགས་ཀྱི་ཡིག་ཆ་དག་དཔང་པོར་བཞག་ནས་ཅིས་ཀྱང་འབད་པས་སྲུང་བར་བྱེད་དོ།
། འདི་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཁྲིམས་ལུགས་སྒྲུབ་བྱེད་དུ་བྱས་ནས་ཁྲིམས་མཐུན་གྱི་ཁེ་དབང་བརྩད་པ་ནི་ཁྲིམས་འགལ་སོགས་གང་ཡང་མིན་པས་ཤིན་ཏུ་འོས་ཤིང་འཚམ་པ་ཞིག་ཡིན་པར་མ་ཟད།
ཁྲིམས་ཀྱི་ངོས་ནས་ཚང་མ་འདྲ་མཉམ་ཡིན་པས་སུ་ལ་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་ན་དེ་ཉིད་རྒྱལ་བར་ངེས་པའང་གདོད་མི་ཟའོ།
། དེ་བས་ཐབས་ལམ་གཉིས་པའི་སློབ་གསོ་ནི་རྔ་བ་ཁུལ་གྱི་སློབ་གྲྭ་དག་ལ་ཤིན་ཏུ་ནས་ཀྱང་མི་མཛའ་བ་དང་མི་འཚམ་པ་ཁོ་ན་ཡིན་ཏེ།
རང་ཁུལ་གྱི་བརྒྱ་ཆའི་མང་ཤོས་བོད་རིགས་སློབ་མ་ཡིན་པས་ཐབས་ལམ་གཉིས་པ་སྟེ་རྒྱའི་སྐད་ཡིག་གི་སྟེང་ནས་སློབ་ཁྲིད་ཅིག་བྱས་ཀྱང་སློབ་གསོ་ཐོབ་པའི་ཁེ་དབང་འཆོར་བྱེད་ཅིག་ལས་ཕན་ཐོག་གང་ཡང་མེད་པ་ང་ཚོས་ཉམས་མྱོང་གིས་གྲུབ་ཐུབ།
དཔེར་ན་དབྱིན་ཡིག་དེ་འཛམ་གླིང་གི་སྐད་ཡིག་ཨང་དང་པོ་དེ་ཡིན་ཡང་། ཀྲུང་གོའི་སློབ་གསོའི་ལས་ཁུངས་དག་གིས་ཐབས་ལམ་གཉིས་པ་དེ་མི་བཀོལ་བའི་རྒྱུ་མཚན་ཅི་རེད།
ཡར་རྒྱས་མ་འདོད་པ་ཨེ་རེད། རྒྱུ་མཚན་གཙོ་བོ་ནི་བརྒྱ་ཆའི་སློབ་མ་མང་ཕྱོགས་ནི་གཉུག་མར་གནས་པའི་ཡུལ་སྐད་ཡིག་ལ་བྱང་བའི་སློབ་མ་ཡིན་ལ།
དེར་གློ་བུར་དུ་སྐད་ཡིག་གཞན་ཞིག་གི་སློབ་གསོའི་ཐབས་ལམ་སྤྱད་ན་ངེས་པར་སློབ་གསོའི་ལས་དོན་ལ་ཡར་རྒྱས་དང་མདུན་ལམ་མེད་པར་མ་ཟད།
འཐུས་ཤོར་ཆེན་པོ་ཞིག་འབྱུང་བར་དོགས་ནས་ཐབས་ལམ་དེ་མ་སྤྱད་པ་རེད་མ་གཏོགས། ཡར་རྒྱས་སོགས་མ་འདོད་པ་གང་ཡང་མ་རེད།
དེ་བཞིན་དུ་རྔ་ཁུལ་ལྟ་བུའི་བོད་ཀྱི་སློབ་མ་དག་ལའང་རང་རང་ལ་འདྲིས་ཆ་ཆེ་བའི་རང་རང་གི་སྐད་ཡིག་དེའི་སྒང་ནས་སློབ་གསོ་ཞིག་སྤྲད་ན་གོ་བརྡ་འཕྲོད་སླ་བ་སོགས་ཀྱི་དགོས་པ་མང་དུ་མཆིས་པས་དེ་ལུགས་བྱེད་པ་ནི་ཧ་ཅང་གལ་ཆེ།
དེ་མིན་སྐད་བརྡའི་རྐྱེན་གྱིས་བོད་ཀྱི་སློབ་མ་མང་ཆེ་བ་ཞིག་གི་མདུན་ལམ་ལ་བསལ་མི་ཐུབ་པའི་མུན་ནག་གི་དམྱལ་ཁམས་ཤིག་བསྐྲུན་པ་ལ་དོགས་པ་ཅི་དགོས།
དེ་བས་ངེས་པར་དུ་ཐབས་ལམ་དང་པོ་སྤྱད་ནས་བོད་ཀྱི་ན་གཞོན་མང་པོ་ཞིག་ལ་ཐོས་འོས་པའི་སློབ་གསོའི་ཁེ་དབང་ཡག་པོ་ཞིག་ཐོབ་ཐུབ་པའི་རེ་བ་དང་སྨོན་པ་ནམ་ཡང་ཡོད།
དེ་བས་མཁྱེན་དཔྱོད་ཡངས་པའི་གོང་རིམ་གྱི་ལས་བྱེད་པ་དག་གིས་ཡོ་བ་བསྲང་རོགས་ཞུ། ཆད་པ་མཐུད་རོགས་ཞུ།
ཞོར་དུ་རེ་བ་ཞིག་ལ་ད་ལན་བོད་ཀྱི་སློབ་གསོའི་ཕྱོགས་ལ་གནད་དོན་ཞིག་འབྱུང་བར་འགྱུར་ཉེན་ཡོད་ན།
བོད་ཀྱི་རྩོམ་པ་པོ་དང་སློབ་གསོ་བ་དག་གིས་ཁ་ཞིག་གྲག་ཐུབ་ན་ཡག་ཚོད་རེད། འདི་ནི་ཁྲིམས་མཐུན་ལུགས་མཐུན་གྱི་བྱ་བ་ཞིག་ཡིན་པས་ང་ཚོས་འགན་མ་འཁུར་ན་སུ་ཡིས་ཀྱང་འགན་ཁུར་མཁན་མེད་པས་མཉམ་དུ་ཕྱར་བ་གྲུ་འདེགས་བྱེད་པའི་རེ་བ་ཡོད།
དེ་མིན་བོད་ཀྱི་མང་ཚོགས་ཀྱི་འཐུས་མི་དང་ཁྱིམ་བདག་དག་གིས་ཁ་ཞིག་གྲགས་ན་བསམ་བྱུང་། མི་རིགས་ཀྱི་སློབ་གསོའི་ལས་དོན་གྱི་ཕྱོགས་ནས་བསམ་བློ་མང་པོ་ཞིག་གཏོང་མ་ཤེས་ཀྱང་སྐད་ཆ་མང་པོ་ཞིག་བཤད་མ་སྤོབས་ཀྱང་།
རང་རང་གི་བུ་རྒྱུད་ཀྱི་ཆེད་དུ་ཁ་ཞིག་གྲག་ན་བསམ་བྱུང་། གཞན་ཡང་བོད་ཀྱི་སློབ་མ་དག་གིས་ཀྱང་རང་རང་ལ་འཕྲད་དང་འཕྲད་མུས་སུ་ཡོད་པའི་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ལམ་ལུགས་ཕྱོགས་ཀྱི་དཀའ་ངལ་གང་ཡོད་ན།
ཁྲིམས་མཐུན་གྱི་སྒོ་ནས་ཁ་ཞིག་གྲག་ཐུབ་ན་དེ་བས་ཀྱང་བསམ་བྱུང་། མདོར་ན་ངས་ནི་ད་ནི་དམ་ཚིག་ཆེན་པོའི་དུས་ལ་བབས་ཅན་པོ་མ་ཡིན་ནམ་སྙམ་བྱུང་།
2020.4.14