སློབ་གསོའི་ཐབས་ལམ་སྐོར་གྱི་ཕྱིར་དྲན་ཐུང་ངུ་མ།


—འབུམ་རམས་པ་ཞིག་གི་སྐད་ཆ་དང་། རང་གི་དྲན་སྣང་།

རྩོམ་པ་པོ། ཛམ་ཐང་ལྕགས་མདའ།

 

 ལོ་བཞི་ཙམ་གྱི་སྔོན་ཏེ། དེ་དུས་ང་རང་སློབ་ཆེན་ལོ་རིམ་གསུམ་པ་ཡིན། དབྱར་གནང་གཏོང་ལ་ཉེ་བའི་སྐབས་སུ་ང་ཚོའི་སློབ་གྲྭར་སློབ་སྐབས་གསུམ་པ་ཟེར་བ། སློབ་ཆེན་གཞན་དག་གི་དགེ་རྒན་འགའ་རེ་གདན་དྲངས་ནས་སློབ་ཁྲིད་བྱེད་པ་ཞིག་ཡོད། དེ་དུས་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་དང་། སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་ཀྱང་གདན་དྲངས་ཡོད།

 ཐེངས་འདིར་ཕྱིར་དྲན་གྱི་རིན་ཐང་ཡོད་པ་ཞིག་ལ། ནུབ་བྱང་དགེ་འོས་སློབ་ཆེན་གྱི་འབུམ་རམས་པ། མཚན་ལ་པའེ་ལང་ཟེར་བས་ང་ཚོར་སློབ་གསོའི་མཚན་ཉིད་རིག་པའི་སྐོར་ནས་ཉིན་འགར་སློབ་ཁྲིད་གནང་བྱུང་། ཁོང་གི་འཁྲིད་བྱ་སློབ་གསོ་མཚན་ཉིད་རིག་པ་ཡིན་ནའང་། དུས་ཚོད་མང་ཆེ་བར་བོད་ཀྱི་དགོན་སྡེ་དང་། བླ་སྤྲུལ་སོགས་ཀྱི་སྐོར་གསུངས་ལ། ཁོང་ནི་བྱང་བླ་བྲང་བཀྲ་ཤིས་འཁྱིལ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་མང་པོ་ཤེས་པ་ཞིག་རེད། དེ་བཞིན་ང་ཚོར་ཡང་མི་རིགས་རང་གི་ལོ་རྒྱུས་དང་། ཡུལ་སྲོལ་གོམས་གཤིས་སོགས་ཤེས་པ་གལ་ཆེ་ཚུལ་མང་པོ་བཤད་སོང་།

 ཡང་ཉིན་མ་གཅིག་ལ། བོད་རིགས་སློབ་མ་རྣམས་ཀྱི་མཐོ་རྒྱུགས་ཀྱི་སྐར་གྲངས་དམའ་བ་དང་། རྩིས་དངོས་རྫས་གསུམ་དང་། ས་ཁམས་དང་། ལོ་རྒྱུས་དང་། ཆབ་སྲིད་སོགས་ཀྱི་རྨང་གཞི་མི་བཟང་ལ། ནང་ལོགས་ཀྱི་སློབ་མ་སྦྱངས་འབྲས་ཞན་པ་ཚོར་ཡང་མི་དོ་རབས་དང་། དེའི་གནད་རྩའང་རྩིས་དངོས་རྫས་གསུམ་སོགས་བོད་ཡིག་གིས་ཁྲིད་བཞག་པས་ཡིན་རབས་དང་། ངེས་པར་རྒྱ་ཡིག་གིས་འཁྲིད་དགོས་རབས། དེའི་སྐོར་ལ་དཔྱད་རྩོམ་སུམ་ཅུ་རྩ་གྲངས་ཤིག་བྲིས་ཏེ། སློབ་གསོ་པུའུ་སོགས་ལ་ཕུལ་ཡོད་རབས་མང་པོ་བཤད་སོང་།

 དེ་ལ་ཕྲན་གྱིས་ལག་པ་བཀྱགས་ཏེ། ང་ནི་སློབ་མ་དཀྱུས་མ་ཞིག་ཡིན་པས་ཅི་ཡང་སྨྲ་མི་སྤོབས་ནའང་། རྒན་ལགས་ཀྱི་ལྟ་ཚུལ་དེ་ཡང་དག་ཅིག་མིན་པ་དང་། རྩིས་དངོས་རྫས་གསུམ་སོགས་བོད་ཡིག་གིས་ཁྲིད་པས་སྦྱངས་འབྲས་མ་བཟང་བ་མིན་པར། སྐད་གཉིས་ཀྱི་དགེ་རྒན་ཚད་ལྡན་བསྐྱངས་མ་ཐུབ་པས་ཡིན་པ་དང་། གོང་རིམ་ལ་དཔྱད་རྩོམ་ཕུལ་ནའང་མི་རིགས་ས་ཁུལ་དུ་རྩིས་དངོས་རྫས་གསུམ་སོགས་ཀྱི་སྐད་གཉིས་དགེ་རྒན་ཇི་ལྟར་གསོ་སྐྱོང་དགོས་ཚུལ་དང་། དེའི་གལ་ཆེན་རང་བཞིན་སོགས་བཤད་པ་ལས། སློབ་གསོའི་ཐབས་ལམ་བསྒྱུར་དགོས་ཚུལ་བྲིས་པ་ནི། ངེད་ཚོའི་སྐད་ཡིག་ལ་དམའ་འབེབས་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བྱས་པ་ཙམ་རེད། ཅེས་བཤད་པ་ཡིན། ཕྲན་རང་ནམ་རྒྱུན་རྒྱ་སྐད་བཤད་པར་དེ་འདྲ་མི་བྱང་ནའང་། ཉིན་དེར་རྒྱ་སྐད་ཆུ་བཞུར་བཞུར་ལྟ་བུ་ཞིག་རེད། ཕལ་ཆེར་དེའི་སྐོར་ལ་ཚོར་བ་ཟབ་དྲགས་པ་དང་། ལར་ཞེན་ཆེ་དྲགས་པས་ཡིན་པ་འདྲ།

 སློབ་གསོའི་ཐབས་ལམ་བསྒྱུར་བའི་གནས་ཚུལ་ཅི་ཞིག་བྱུང་ན། ངས་ནི་རྒྱུན་པར་འབུམ་རམས་པ་པའེ་ལང་གི་སྐད་ཆ་རྣམས་དྲན་འོངས་ཏེ། མི་རིགས་ས་ཁུལ་དུའང་རྩིས་དངོས་རྫས་གསུམ་སོགས་རྒྱ་ཡིག་གིས་འཁྲིད་དགོས་པའི་སྐོར་ལ་དཔྱད་རྩོམ་མང་པོ་བྲིས་ཏེ། སློབ་གསོའི་པུའུ་སོགས་ལ་ཕུལ་ཡོད་རབས་རྣམས་དྲན་འོངས། འདང་རེ་བརྒྱབ་ན། རྔ་ཁུལ་གྱི་སློབ་གསོའི་ཐབས་ལམ་བསྒྱུར་དགོས་ཟེར་བའི་གནས་ཚུལ་དེའང་། ཡར་དེད་ན་འབུམ་རམས་པ་པའེ་ལང་ལྟ་བུ་དག་གི་དཔྱད་རྩོམ་ལ་འབྲས་བུ་སྨིན་པ་ཡིན་ནམ་སྙམ།

 དེ་བས། རང་རེའི་རྒྱ་ཡིག་ལ་བྱང་བའི་འབུམ་རམས་པ་ཚོས་ཀྱང་། བོད་རིགས་ས་ཁུལ་དུ་རྩིས་དངོས་རྫས་གསུམ་སོགས་ཀྱི་སྐད་གཉིས་དགེ་རྒན་གསོ་སྐྱོང་དགོས་ཚུལ་དང་། དེའི་གལ་ཆེན་རང་བཞིན་སོགས་ལས་བརྩམས་པའི་དཔྱད་རྩོམ་མང་པོ་བྲིས་ཏེ། སློབ་གསོ་པུའུ་སོགས་ལ་དབུལ་དགོས་པ་ཡིན་ནམ་སྙམ་མོ། །

 གཞན་ཁར་སང་ཚོགས་པ་ཞིག་ཏུ། སྐད་ཡིག་ནི་ལག་ཆ་ཙམ་ཡིན་པས། སྐད་ཡིག་གང་གིས་འཁྲིད་ནའང་གཅིག་པ་རེད། ཅེས་བཤད་བཞིན་འདུག །དེ་ལ་འདིར་ཞོར་དུ་ལན་ཐུང་ངུ་ཞིག་གདབ་པར་བྱ་སྟེ། སྤྱིར་སྐད་ཡིག་ནི་འབྲེལ་འདྲིས་ཀྱི་ལག་ཆ་ཙམ་ཡིན་པ་བདེན་ནའང་། མི་རིགས་ཤིག་ལ་མཚོན་ན། དེའི་སྐད་དང་ཡི་གེ་ནི་མི་རིགས་གང་དེ་དང་། དེའི་རིག་གནས་རྣམས་གནས་མིན་གྱི་རྩ་བ་ཡིན་པས། མི་རིགས་དེ་ལ་མཚོན་ན། རང་གི་སྐད་དང་ཡི་གེ་ནི་འབྲེལ་འདྲིས་ཀྱི་ལག་ཆ་ཙམ་པོ་མ་ཡིན་པར། མི་རིགས་གང་དེའི་སྲོག་དང་། རྣམ་ཤེས་ལྟ་བུ་ཡིན་པ་ཀུན་གྱིས་ཤེས་པར་བྱའོ། །

 
ཞེས་པ་འདིའང་གྱི་ན་བ་ཛམ་ཐང་ལྕགས་མདའ་རུ་འབོད་པ་དེས་རང་གི་དྲན་སྣང་ཙམ་ཞིག་ཡེ་གེར་བཀོད་པའོ། །

 མཆན།

འགའ་རེས་ཡིན་ནམ་སྙམ་ཟེར་དགོས་པ་ལ། མིན་ནམ་སྙམ་ཞེས་བྲིས་འདུག་མོད། མིན་ནམ་སྙམ་ཞེས་པས་མིན་པར་ཁས་བླངས་པ་དང་། ཡིན་ནམ་སྙམ་ཞེས་པས་ཡིན་པར་ཁས་བླངས་པ་མཚོན་པས། དེ་ལུགས་ལ་ན་མཉམ་ཡིག་འབྲི་བ་རྣམས་ཀྱིས་དོ་སྣང་དགོས་པར་སེམས་ལ། དམུ་དགེ་མཆོག་གིས་བློ་གསལ་དགའ་སྟོན་དུ། སྙམ་སྒྲ་ནི། བསམ་པའི་དོན་ཏེ། ཡིན་ནམ་སྙམ་ལྟ་བུ་ནི་ཡིན་པར་དོན་གྱིས་ཁས་བླངས་པ་དང་། མིན་ནམ་སྙམ་ལྟ་བུ་ནི་མིན་པར་དོན་གྱིས་ཁས་བླངས་པ་ཡིན་ལ། དེ་བཞིན་ཡོད་སྙམ་དང་། མེད་སྙམ། རེད་སྙམ། ལྟ་བུ་རྣམས་ཀྱང་དེ་ལྟར་དུ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །

  

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post