འཇོལ་ཉོག་ཏུ་གྱུར་པ་འདི་དག


 

ཞོགས་ལྗང་།

གཅིག

 

མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། བོད་ཀྱི་གཏམ་ལ་སྙིང་བོ་ཅན་འདི་དག་འདུག རང་སྐྱོན་མཐོང་ན་སངས་རྒྱས་ཡིན། སྲིད་པའི་གཏམ་ལ་མྱོང་བའི་མངར་ལྡན། རང་སྐྱོན་རང་གིས་མཐོང་དཀའ་བ་ཡིན་ན། རང་སྐྱོན་གཞན་གྱིས་བརྗོད་པར་ཉན་དགོས། འདི་བོད་ཀྱི་སྲོལ་ཡིན། གཞན་སྐྱོན་རང་གིས་བརྗོད་པར་འབད་དགོས། འདི་ནུབ་ཀྱི་ལུགས་ཡིན། རང་གཞན་གཉིས་ཀྱི་སྐྱོན་མཐོང་བ་གང་ཞིག ལེགས་ཚོགས་མཐའ་དག་གི་ལམ་འགྲུབ།

 

མི་རྣམས་འདུས་ཤིང་ཐུན་མོང་གི་དོན་ལ་བགྲོ། གང་ལེགས་པ་དང་གང་ངན་པ་སོགས་ནི་ཀུན་གྱིས་བགྲོས་ན་འོང་གིས། གཅིག་གིས་ཐག་བཅད་པས་མི་འོང་། ལེགས་ཉེས་བདེན་རྫུན་གྱི་རིགས་པ་གང་ཞིག་ཀུན་གྱིས་ཉམས་སུ་མྱངས་ནས་འོང་གི གཅིག་གིས་གཏན་དུ་ཁེལ་བ་ཡེ་མེད། ཚོགས་ནས་སྤྱི་བའི་དོན་བགྲོ་བ་འདི་ནུབ་ཀྱི་ལུགས་ལ་ཡོད་ཅིང་། རང་གི་སྲོལ་ལ་ཡང་ཡོད། གནའ་བོའི་གྷི་རིག་ནས་འོང་བའི་བགྲོ་གླེང་གི་ལུགས་སྲོལ་འདི་སྤྱི་བའི་ལས་དོན་མཐའ་དག་གོང་ནས་གོང་དུ་སྤེལ་བ་ལ་སྨན། གཅིག་གིས་ཐག་གཅོད་ཅིང་ཀུན་གྱིས་དེ་སྲུང་བ་ནི་རང་གཞན་ཀུན་ལ་འཚེ།

 

ལན་རེར་མང་པོ་ཁ་མཐུན་པས་བདེན་པ་རྫུན་དུ་འགྲོ་བའང་མེད་པ་མིན། དེ་ཙམ་གྱིས་སྤྱི་དོན་བགྲོ་བ་ཐེད་དུ་བོར་བའི་དཔེ་མི་འོང་། རང་ཅག་རྣམས་མ་རིག་པའི་མུན་པ་ཤིན་ཏུ་སྟུག འཇིག་རྟེན་གྱི་གནས་ལུགས་ལ་སྐྲ་རྩེའི་ཆུ་ཐིགས་ཙམ་ཤེས། དེ་ང་རྒྱལ་དུ་འཁྱེར་བ་དག་ཤིན་ཏུ་ཐ་ཆད་ཅེས་དམ་པ་གོང་མ་རྣམས་གསུངས། དེས་ན། མ་རིག་པའི་བློ་འདི་རྒྱས་པ་ལ་རང་གཞན་ཀུན་གྱིས་བདེན་པའི་གཏམ་ལ་བརྩི་དགོས། གཞན་གྱིས་གང་བརྗོད་པའི་རང་གི་སྐྱོན་དག་འདོར་དགོས། གཞན་གྱི་སྐྱོན་གང་མཐོང་བ་དག་ཀྱང་ཞེ་སེམས་དཀར་པོས་བརྗོད་དགོས། རང་གཞན་གྱི་མི་དགེ་བའི་སྤྱོད་པ་ཐམས་ཅད་སངས་ཐབས་ལ་དམ་པའི་གསུང་རབ་ལ་མཇལ་དགོས། དེ་དང་དེས་བསྟན་པའི་ལས་ཀྱི་ལམ་དག་ཁུར་དུ་འཁྱེར་དགོས། དེ་ལྟར་བྱས་པས་གཞི་ནས་སྤྱི་བའི་ལས་དོན་མཐའ་འཁྱོལ་བ་ཞིག་འོང་གི་འདུག་མོད། སྐལ་བ་སྙིགས་མར་གནས་པས། གཞན་གྱིས་རང་གི་སྐྱོན་བརྗོད་པ་ལ་ཁྲོ་ཞིང་སྡང་། རང་གི་ཉི་ཚེ་བའི་རྙེད་གྲགས་ལ་སྤྱི་དོན་མཐའ་དག་ལུད་བཞིན་འདོར། དེ་མགོ་ཚོས་པའི་རྟགས་སུ་བསྙད།

 

གཉིས།

རང་གི་རང་དབང་དང་རྩིས་ཐང་འདོར་བ་ལ་ཡ་ང་བག་ཚ་ཡེ་མི་བྱེད། གཞན་གྱིས་རང་དབང་དང་རྩིས་ཐང་སྲུང་བ་ལ་ཁྲེལ་དགོད་དང་རྒྱབ་བཤད་སྣ་ཚོགས་རྒྱག འཚོ་གནས་ཀྱི་རྩིས་ཐང་ནི་རང་དབང་དང་ཐོབ་ཐང་ཡོད་ན་འགྲུབ་ཀྱི། མེད་ན་མི་འགྲུབ་བོ།། རང་དབང་དང་ཐོབ་ཐང་ཤོར་བའི་མི་དེས་རྙེད་གྲགས་ཙམ་པོ་ཞིག་འགྲུབ་སྲིད་ཀྱང་། དེས་འཚོ་གནས་ཀྱི་རྩིས་ཐང་མི་མཚོན་ནོ།། ལན་རེར་མི་རྣམས་རྙེད་གྲགས་ཙམ་པོ་རྩིས་ཐང་ལ་འཁྲུལ་ཞིང་། དེ་དོན་དུ་གཉེར་ཆེད་གཞན་དག་ཐལ་བའི་རྡུལ་བཞིན་འདོར། རྒྱལ་པོ་དང་རྗེ་བོ་དག་དེ་ཤེས་ཤིང་། ཁོ་ཚོའི་རང་དབང་དང་ཐོབ་ཐང་བཅོམ་སྟེ་ཚབ་ཏུ་རྒྱུ་ནོར་དང་གྲགས་སྐམ་སྟེར། ཇི་ལྟར་རྒྱུ་ནོར་དང་གྲགས་སྐམ་སྤྲད་པ་དེ་ལྟར་དུ། ཁོ་ཚོས་རང་གི་རང་དབང་དང་ཐོབ་ཐང་ཡེ་མི་འདོད། འདོད་ཆགས་དང་ང་རྒྱལ་དེས་ཁོ་ཚོ་རྨོངས་པའི་མཐའ་རུ་འདེད་ཅིང་། དེ་རང་གི་འཚོ་གནས་རྩིས་ཐང་དུ་བསམ་སྟེ་ཤུགས་ཆེན་པོས་འཐམ་ཞིང་མི་གཏོང་། སྨྱོ་ཆུ་འཐུང་བ་དང་འདྲ་སྟེ། གཞན་དག་སྨྱོན་པར་སྨྲ་ཞིང་། ཁ་མཐུན་པ་དག་ཤོག་ཁ་བསྒྲིགས་ནས་ཉིན་མཚན་ཐོག་ཐག་ལ་རང་སེམས་བཟི་བའི་གཏམ་བཤད།

 

ཇི་ལྟར་རྒྱུན་བསྲིངས་པ་དང་ཐམས་ཅད་གོམས་ལོབས་སུ་འགྲོ། ནམ་ཞིག་ན། མི་ལ་རང་དབང་དང་ཐོབ་ཐང་ཡོད་པར་མི་མཐོང་ཞིང་། དེ་རྩོད་པ་བློའི་གུད་དུ་མི་ཤོང་། བློ་གྲོས་ཆེན་པོ་དག་དེ་མཐོང་ཞིང་ཡི་མུག་ནའང་སྐྱོབ་པའི་ཐབས་མི་འདུག དེ་ལྟར་སྨྱོ་ཆུ་འཐུང་བའི་མི་མང་དུ་སོང་བ་དང་། མཐར་ཐམས་ཅད་ཁ་མཐུན་ཏེ་བློ་གྲོས་ཆེན་པོའི་བདེན་པ་དག་ཀྱང་རྫུན་དུ་འགྲོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཏམ་སྨྲ་མཁན་མེད། བདེན་པ་དོན་དུ་གཉེར་བའི་མི་མེད། དུས་དེ་ཙམ་ལ་བྲན་གཡོག་འབའ་ཞིག་གིས་འཚོ་ཞིང་། རང་གི་རང་དབང་དང་ཐོབ་ཐང་ཐམས་ཅད་རྒྱལ་པོ་དང་རྗེ་བོར་འབུལ། མགོ་འབུལ་ལུས་འབུལ་བྱས་རྗེས། གཞན་གྱི་དགའ་སྐྱོ་ཙམ་གྱིས་རང་གི་སྲོག་ཀྱང་གཏོང་བ་ཡོད་མོད་ཐབས་ཅི།

 

སྨྱོ་ཆུ་འཐུང་བ་ལ་ཤེས་ཡོན་ཅན་ལས་འཇིགས་སུ་རུང་བ་ཡེ་མེད། ཁོ་རང་ཚོས་རང་གི་དཔྱོད་ཤེས་ཀྱི་རྩལ་ལ་བརྟེན་ནས་རང་དབང་དང་ཐོབ་ཐང་སོགས་ལོག་པར་བསྒྲུབ་ཅིང་། དེ་རྩོད་པ་དག་སྐལ་བའི་མཐའ་རུ་འདེད། དཔེར་ན། སྒེར་གཅོད་མཐའ་དག་དཔྱོད་ཤེས་ལས་འབྱུང་གི་བླུན་མོངས་ལས་མིན་པ་བཞིན། རང་དབང་དང་ཐོབ་ཐང་འཇོམས་པ་ལ་ཡང་དེ་ལས་ཚབས་ཆེ་བ་མེད། གཏམ་བརྗོད་རང་དབང་ནི་རང་དབང་ཀུན་གྱི་སྒོ་མོ་ཡིན། དེ་བཀག་པ་ནི་རང་དབང་གི་སྒོ་ལ་ལྕགས་ཟྭ་བརྒྱབ་པ་དང་ཅི་ཁྱད། དེ་འགོག་པ་ལ་རྒྱལ་པོ་དང་རྗེ་བོའི་དམག་དཔུང་ལས་ཀྱང་ཡི་གེ་བའི་སྙུ་གུ་འཇིགས་སུ་རུང་སྟེ། ཁོ་ཚོས་མཚོན་མེད་པའི་དམར་གསོད་ཆེན་པོ་གཏོང་།

 

གསུམ།

ཉེ་ལམ་ཁོ་བོས“ཤེས་ཡོན་ཅན་གྱི་ཉོན་མོངས”ཞེས་པ་སྤེལ་ཏེ། ཁྲི་སེམས་དཔའ་དང་འབྲོང་། སྒྲེན་པོ་སོགས་ཀྱི“གསར་འགྱུར་མཉམ་སྒྲོག”སྐོར་ལ་སྐད་ཆ་རེ་འགའ་བཤད། ཁྲི་སེམས་དཔའ་ལགས་ནས་ངའི་རྩོམ་ལ་རྒྱབ་སྐྱོར་གནང་མཁན་དག་རང་གི་སྐད་འཕྲིན་ནས་མཐར་སྐྲོད་བཏང་། སྐད་ཅིག་དེ་ཙམ་ལ་དྲ་སྟེང་ཧྲིལ་བོར་ཁོའི་གསར་འགྱུར་གྱིས་ཁེངས་པས། ཁོ་བོ་བློ་སེམས་མི་བདེ་བ་ཆེན་པོ་བྱུང་མོད་ཐབས་མེད། ངས་རྩོམ་དེ་བྲིས་པའི་དགེ་བ་དམིགས་ཡུལ་དང་བཅས་པ་དེ་ཙམ་ཡིན་ན་ཤིན་ཏུ་སྐྱོ་བ་ལ། དེ་དང་འབྲེལ་ནས་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལགས་ནས“གཞན་སྐྱོན་གླེང་མཁས་མི་དེར་མི་གཞི་མེད”ཅེས་པ་སྤེལ། ཁྲི་སེམས་དཔའ་ལགས་ཀྱི་རྒྱབ་ལ་ལངས་ཏེ་ཁོ་བོར་ཅོང་བརྡ་བརྒྱབ། ཞིབ་ཏུ་བཀླགས་པར་བློ་གྲོས་ཆེན་པོའི་གཏམ་གཅིག་ཀྱང་མི་འདུག ཞེ་སེམས་སྐྱོ་ལྷང་ངེ་བ་ཞིག་བྱུང་། ཉམས་མྱོང་རྒན་པོའི་འབེལ་གཏམ་ཅི་ཞིག་ཡོད་དམ་སྙམ་པའི་རེ་འདོད་ཀྱིས་བཀླགས་པ་ཡིན་མོད། སྒྲུང་འཆད་པ་བཞིན་ཤིན་ཏུ་རབ་རིབ་མག་མོག་གོ་བ་བདེ་ལེགས་སུ་མི་སྟེར་བ་ཤ་སྟག་ཅིག་བྲིས་འདུག་པས། འདིར་གཟས་སམ་སྙམ་པའི་འབེན་ཅིག་ཡེ་མི་མཐོང་།  གོ་ཁའི་རྒན་མོ་ཚུན་ཆད་ཀྱི་སྤྱོད་པ་དག་ཡི་གེའི་གཟུགས་སུ་འབྲི་བ་ཡིན་ན། རང་ཅག་གི་བོད་ཡིག་ལ་བརྙས་དྲགས་པ་ཨེ་ཡིན་ནམ། ལེགས་པར་སོམས།

 

དམིགས་པའི་འབེན་ལ་གཟས་པའི་མདའ་འཕེན་པ་ཤིན་ཏུ་དགའ་སྟེ། ཁོ་བོས་ཅི་བཤད་པའི་གཏམ་ལ་ཨ་ལན་ཤ་སྟག་ཏུ་ཡོད་ན། དེ་བས་མི་དགའ་ཅི་བས་དགའ། རང་ཅག་ཐམས་ཅད་སྤྱི་བའི་ལས་ཁུར་དུ་འཁྱེར་བའི་ཁུལ་འཛིན་པ་ལ། བདེན་པ་བརྡར་བའི་རྩོམ་ནི་མཆོག་དང་རབ་ཏུ་འདོད། ལྡོག་སྟེ་མས་བུ་ལ་སྲུང་བ་བཞིན། གོང་ནས་འོག་སྐྱོབ་བའི་ལས་ཁུར་དུ་འཁྱེར་བ་ལ། ཤེས་ནས་སྨྲ་བ་དག་ཁྲེལ་བའི་རྒྱུ་རུ་འགྱུར། དེས་ན། དམག་དང་དཔུང་འདྲེན་པའི་ལས་ཀྱི་བགྱི་བ་མཐའ་དག་ཅམ་གྱིས་བཞག་ནས། རང་གཞན་གཉིས་ཕན་གྱི་བགྲོ་གླེང་ལ་ཞུགས་པ་གལ་མི་ཆེའམ།

 

ཁྱོད་ཅག་སྙན་ངག་དང་སྒྲུང་འབྲི་བ་སོགས་སོ་སོའི་མོས་པ་དོན་དུ་གཉེར་བ་ཤིན་ཏུ་རབ་ཏུ་ལེགས། ཁོ་བོ་དེ་ལ་མི་དགའ་གང་ལ་དགའ། ཡི་གེའི་ལས་ཀ་དོན་དུ་གཉེར་བ་གང་ཞིག་ལ། བདེན་པ་དང་རྩིས་ཐང་གི་འདུ་ཤེས་ཤིག་ངེས་པར་མཁོ། གནའ་ནས་ད་ལ་ཐུག་གི་བར་དུ། རྩོམ་མཁན་ནི་རྩོམ་མཁན་རང་ཡིན་གྱི། “གསར་འགྱུར་མཉམ་སྒྲོག”གི་ཞབས་ཞུ་ནི་ཁོ་རང་ཚོའི་ལས་ཀ་མ་ཡིན་ནོ།། གཞུང་སྒྲུབ་ཁང་ནས་གང་བསྒྲུབས་པ་ཐམས་ཅད་ནི་སོ་སོའི་ལས་ཀའི་དབང་དུ་བྱས་ཆོག་མོད། གཅིག་རྗེས་གཉིས་མཐུད་ཀྱིས་སྐད་འཕྲིན་བར་སྟོང་ལ་སྤེལ་བ་སོགས་ནི་དེ་དང་ངོ་བོ་ཡེ་མི་འདྲ། རྩོམ་མཁན་གྱི་བློ་མིག་ནི་བདེན་པ་སྲུང་བ་དེ་ཡིན་གྱི། སུ་དང་གང་གི་མགྲིན་ཚབ་པ་མ་ཡིན་ནོ།། མདོ་དབུས་མཐོ་སྒང་ན་ཆེས་རིང་བའི་མཚན་མོ་ཞིག་ཡོད་པ་ཁྲི་སེམས་དཔའ་ལགས་ནས་མཐོང་། གྲོ་ཞིང་ཁའི་སྙེ་རླབས་ཀྱང་ཁྲི་སེམས་དཔའ་ལགས་ནས་མཐོང་། ཡིན་ནའང་། གསར་འགྱུར་ལ་བསྙེས་པའི་འབྱུང་འགྱུར་གྱི་མུན་པ་རིང་མོ་དེ་ཁྲི་སེམས་དཔའ་ལགས་ནས་ཡེ་མ་མཐོང་བར་འདུག འདི་ནི་ཁྲི་སེམས་དཔའ་ལགས་ནས་བརྗོད་པའི་རྨོངས་ལམ་ཡིན་ནམ་དྲང་ལམ་ཡིན། དེས་ན། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལགས་ནས་སྲུང་དགོས་པ་གང་དེ་ནི་རྩོམ་མཁན་ཞིག་གི་བདེན་པ་བརྡར་བའི་རང་དབང་དང་རྩིས་ཐང་ཡིན་དགོས་ཀྱི། ཤོག་ཁའི་ཞེན་ཁོག་དང་སྣོག་ལས་ག་ལ་ཡིན།

 

ཨ་སྨྱོན་ལགས་ནས་གང་བརྗོད་པ་བཞིན། གཞན་སྐྱོན་གླེང་མཁས་མི་དེར་མི་གཞི་མེད་པ་ཡིན་ཏུ་ཆུགས་མོད། གཞན་སྐྱོན་ཙམ་ཡང་གླེང་བར་མི་ནུས་པའི་མི་དེར་མི་གཞི་ཡོད་དམ་ཀྱེ། ཁྱོད་ཡིད་ལ་ངེས་པར་གྱིས། འདིར་གླེང་བ་ནི་ཉིད་ནས་གང་བྲིས་པ་བཞིན་མ་ནེ་འོག་གི་གཏམ་དག་ཟེར་བ་མིན་ཏེ། དུས་ལ་བབ་ན་བདེན་པའི་གཏམ་ཙམ་ཡང་སྨྲ་བར་མི་ནུས་པའི་མི་དེར་མི་གཞི་ཡེ་མེད་ཅེས་པའོ།། མི་རྣམས་གཏམ་བདེན་པ་སྨྲ་བའི་སྤོབས་པ་བག་ལ་ཞ། གཏམ་བདེན་པ་མི་སྨྲ་བའི་བརྟུལ་ཞུགས་དང་དུ་བླངས་པས་གོམས་པར་འགྱུར། ཇི་ལྟར་གཏམ་བདེན་པ་སྨྲ་བའི་གོམས་གཤིས་མེད་པ་དེ་ལྟར་དུ། མི་རྣམས་བྲན་གཡོག་གི་ལས་ལ་གོམས་ཤིང་། རང་དབང་གི་ཐོབ་ཐང་ཡོངས་སུ་འདོར། གཞན་གྱི་རང་དབང་དང་ཐོབ་ཐང་འཕྲོག་པའི་ལས་མཐའ་དག་ནི་དགེ་སྡིག་གཉིས་ལས་སྡིག་ལ་གཏོགས་ཤིང་། ཡོན་ཏན་དང་སྐྱོན་ཆ་གཉིས་ལས་སྐྱོན་ཆར་གཏོགས། དེ་ལ་རྒྱབ་ནས་སྐྱོར་བ་དང་། དཔུང་དུ་ལངས་པ། མི་སྨྲའི་བརྟུལ་ཞུགས་འཛིན་པ་ཐམས་ཅད་མི་དགེ་བའི་ལམ་དུ་ཕྱོགས་པ་ཤ་སྟག་སྟེ། སྐྱོན་ཆ་དང་ལྡན་པར་འགྱུར། སྡིག་པའི་ལམ་དུ་ཕྱོགས་པའི་སྐྱོན་ལ་མཛུབ་མོ་ཀེར་རེར་འཛུགས་མི་ཕོད་པ་ཐམས་ཅད་ལ་མི་གཞི་ཡེ་མེད་དེ། མི་གཞི་ནི་བདེན་པ་སྲུང་བའི་མི་ལ་ཡོད་ཀྱི་གཞན་དག་མེད་དོ།།

 

བཞི།

འདས་པའི་དུས་ཤིག་ལ། རང་ཅག་ལ་རང་དབང་དང་ཐོབ་ཐང་གླེང་མཁན་མང་། མི་གཞི་དང་རྩིས་ཐང་ཟེར་མཁན་མང་། ཉེ་བའི་དུས་འདིར། གཏམ་བདེན་པ་བརྗོད་པའི་སྨྲ་ལྕེ་ནི་འགག ལམ་དྲང་མོར་སྙེག་པའི་མི་བུ་ནི་ཚར། གང་ན་འཇོལ་ཉོག་ཏུ་གྱུར་བའི་ཚོགས་པ་ཡོད་ན། དེ་རུ་རང་ཅག་གི་ཡི་གེ་འབྲི་མཁན་དག་འཚང་། གང་ན་སྨྱོ་ཆུ་འཐུང་བའི་གར་འཁྲབ་མཁན་ཡོད་ན། དེ་རུ་རང་ཅག་གི་མགོ་བདེ་དྲན་འཕྲུལ་ཚོ་ཡོད།

 

དེ་ཡང་འདི་ལྟར་སྨྲ་བར་བྱེད་དེ། དང་པོའི་དུས་ལ་ཁོ་རང་ཚོས་རང་དབང་དང་ཐོབ་ཐང་གླེང་བས་རླུང་རྟ་རྒྱས་སམ་སྙམ། གཞན་གྱིས་གཉའ་ནས་བཙིར་ཅིང་རྗེས་ནས་དེད་ན། རང་ཉིད་མི་རུ་འགྲེང་བའི་འདུ་ཤེས་ཐམས་ཅད་ཀྱང་རྨེག་མེད་དུ་དོར། དེ་ལ་མི་གཞི་དང་ལ་རྒྱ་ཡེ་མི་འདུག་ཅེས་སྨྲ་བར་སྤོབས། མེས་པོ་ཁོག་དཔུང་ཅན་དག་ནི་བདེན་པའི་དོན་ལ་ལུས་སྲོག་ཐམས་ཅད་འདོར་བ་ལ། རང་ཅག་རྣམས་མི་ཕོད། དངངས་ཤིང་སྐྲག་པ་དང་ཀུན་ཏུ་སྐྲག་པ་དང་། ཀུན་ཏུ་སྐྲག་པ་དང་ལྡན་པར་འགྱུར། ཡང་མཁས་གྲགས་ཀྱི་འདོད་པ་དོན་དུ་གཉེར་བའི་ཧམ་སེམས་འདོར་དཀའ་བས། ཁོ་རང་ཚོས་ཐབས་དང་ཐབས་ཤེས་གཞན་ཞིག་རྙེད། དེ་ནི་ཤིན་ཏུ་མགོ་ཚོས་མདོག་སྟོན་པ་སྟེ། གཞན་དག་བྱིས་པའི་གཟུགས་སུ་འགོད་པའོ།། དཔེར་ན། ཉེ་ལམ་རྒྱ་མི་ཞིག་གིས་གླུ་དབྱངས་དགོང་ཚོགས་ཤིག་འཚོགས་པ་ལ། རང་ཅག་གི་མགོ་བདེ་དྲན་འཕྲུལ་དག་དེ་ཉིད་སྤུར། ཤིན་ཏུ་ཤེས་མདོག་ཚ་བོ་དང་། ཤིན་ཏུ་མཁས་མདོག་ཚ་བོས་སྤུར། མཁས་པའི་བགྲོ་གླེང་དང་བདེན་པའི་གཏམ་འཆད་པ་སོགས་དེ་དག་གིས་མི་མཐོང་བ་ལ། སྙན་པའི་གླུ་ལེན་པ་ཞིག་མཉམ་འུར་ཚ་བོ་བྱེད། ཁྱོད་རང་གི་སྙུ་གུ་ལ་བརྟེན་ནས་བདེན་པ་དང་རང་དབང་རྩོད་པ་གལ་ཆེ་བ་མ་ཡིན་ནམ།

 

ཁོ་རང་ཚོར་དགོས་པ་ནི་སྙན་པའི་གླུ་མ་ཡིན་པར། རང་སེམས་ཀྱི་ཟོལ་རྫུ་འབའ་ཞིག་གོ། རང་སེམས་ཀྱི་ཟོལ་རྫུའི་ཆེད་དུ། ཁོ་རང་ཚོས་ནམ་ཡང་གོ་སྐབས་ལ་སྒུག་ཅིང། གོ་སྐབས་ཅི་ཡོད་ལ་རང་གི་རྙེད་གྲགས་ཐམས་ཅད་འཚོལ། ཁོ་རང་ཚོས་དཔུང་དང་ཤོག་བསྒྲིགས་ནས། སོ་སོའི་ངོ་སོ་ལ་བསྟོད་མཐེབ་བསྒྲེངས། གཅམ་བུའི་ཚིག་ནི་ཁོ་རང་ཚོའི་ངོ་སོ་སྲུང་བྱེད་ཤ་སྟག་སྟེ། ཁོ་རང་ཚོ་ཆེས་དངངས་ཤིག་སྐྲག་པ་གང་དེ་ནི་བདེན་པ་ཉིད་དོ།། བདེན་པ་ཉིད་ཀྱིས་ཁོ་རང་ཚོའི་ཟོལ་རྫུ་ཐམས་ཅད་ཐལ་བའི་རྡུལ་དུ་བསྲེགས། ཡིན་ནའང་། ཇི་སྲིད་ཁོ་ཚོ་གནས་པ་དེ་སྲིད་དུ། བདེན་པ་ནི་ཤིན་ཏུ་ཉམ་ཆུང་།

 

ནམ་ཞིག་བདེན་པའི་མེ་རི་ཐོལ་གྱིས་འཕྱུར་བ་གང་གི་ཚེ། འདི་དག་ཤིན་ཏུ་གྲུང་མདོག་ཚ་བོས་བདེན་པ་འབའ་ཞིག་སྒྲོག་པ་ལ་ཐེ་མི་ཚོམ་ཞིང་། སྔོན་གྱི་བྱས་པ་མཐའ་དག་བརྗེད། ཁོ་ཚོ་ནི་ནམ་ཡང་བདེན་པ་ཉིད་རྩོད་པའོ་ཞེས་ཁྲོམ་གྱི་དཀྱིལ་ལ་གཏམ་སྒྲོག་པའི་དང་པོར་འགྱུར། དེ་ལ་བློ་གྲོས་དང་མི་ལྡན་པ་དག་བདེན་པར་སྙམ། མིའི་རིགས་ཀྱི་ལོ་རྒྱུས་ནི་འདི་ལྟར་ཤིན་ཏུ་ཉམ་ཆུང་བའི་ངང་འཁོར།

         

༢༠༢༢ ༤ ༡༨

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post