རྔ་བ། སྦྲ་དུངས་སེམས།
ཏོག་གསར་རིམས་ནད་ཀྱི་ནད་མགོ་མར་ངོའི་ཟླ་ལྟར་འགྲིབ་སྟེ་དགའ་སྤྲོ་སྐྱེས་བཞིན་པའི་སྐབས་འདིར།
གློ་བུར་དུ་བྱ་ཁྭ་ཏའི་ཐན་སྐད་ཅིག་ཐོས་ཡོང་བས་སེམས་ཀྱི་དགའ་སྤྲོ་དེ་ཡང་འཇའ་ལྟར་ཡལ་ནས་སེམས་ཀྱི་སྟེང་དུ་མེ་ཐོག་ཏུ་ཆུ་བླུགས་པ་ནང་བཞིན་འཁྱག་སིབ་སིབ་བྱེད། དེ་གང་ཡིན་ཞེ་ན། ངའི་ཕ་ཡུལ་རྔ་བའི་ཡུལ་ཕྱོགས་སུ་བོད་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་བསྒྱུར་བཅོས་བཏང་ནས།
ཐབས་ལམ་གཉིས་པ་སྟེ། རྒྱ་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད་ཅེས།
ཨ་གསལ་པོ་དང་ཨོཾ་དག་མོས་བཤད་ཀྱིན་འདུག འདི་ནི་ཅི་འདྲའི་སེམས་སྐྱོ་དགོས་པ་ཞིག་དང་རྨ་ཁའི་སྟེང་དུ་ཚྭ་ཆུ་བླུགས་པ་ལྟ་བུའི་ན་ཟུག་གཅིག་ངང་གིས་སྐྱེས་ཡོང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནམ་རྒྱུན་གང་དུ་ཕེབས་ན་ཁོང་གིས་གྲངས་ཉུང་མི་རིགས་དག་གི་རིག་གནས་དང་།སྲོལ་རྒྱུན་རིགས་གནས་སོགས་སྲུང་སྐྱོབ་དང་དར་སྤེལ་རྒྱུན་འཛིན་བྱེད་དགོས་པར་ནམ་རྒྱུན་ལེགས་བཤད་རྨད་དུ་བྱུང་བ་གནང་གི་ཡོད།
དེ་བཞིན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་བའི་ནང་།“མི་རིགས་ཚང་མར་རང་གི་སྐད་དང་ཡི་གེ་བེད་སྤྱོད་པ་དང་གོང་འཕེལ་གཏོང་བ།
དེ་བཞིན་རང་ཉིད་ཀྱི་དམངས་སྲོལ་དང་ཡུལ་སྲོལ། གོམས་གཤིས་སྲུང་སྐྱོབ་བྱེད་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད།”ཅེས་དང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པའི་ནང་།
“གྲངས་ཉུང་མི་རིགས་གཙོ་བོ་ཡིན་པའི་སློབ་གྲྭའི་ནང་གྲངས་ཉུང་མི་རིགས་དེའི་སྐད་ཡིག་གཞི་ལ་བཞག་ནས་སློབ་ཁྲིད་བྱེད་དགོས།”
ཞེས་དང་། ཡང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་པའི་ནང་།
“གྲངས་ཉུང་མི་རིགས་གཙོ་བོ་ཡིན་པའི་སློབ་གྲྭས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་ཐོབ་ཐང་ཡོད་པ་ཁས་ལེན་བྱེད་ཀྱིས་ཡོད།”ཅེས་སོགས་མང་དུ་མཆིས།
ཡིན་ན་ཡང་། དབང་ཤེད་ཅན་གྱི་མི་སྣ་རེ་ཟུང་གིས་ཁོ་ཚོས་མ་ནུས་པ་དང་མ་འཁྱོང་བ་རྒྱུ་མཚན་དུ་བྱས་ནས་བོད་སྐད་ཡིག་ལ་ཞྭ་མོ་གྱོན་དུ་བཅུག ནག་ཉེས་སྣ་ཚོགས་བཙན་གྱིས་མགོར་བཏགས་ཏེ་མེད་པར་བཟོ་འདོད་པ་འདི་ནི་ཧ་ཅང་འཇིགས་ཡེར་བ་ཞིག་མ་ཡིན་ནམ།དེ་དག་གིས་ཁ་ནས་རྒྱལ་ཁབ་དང་མི་རིགས་ཟེར་ཡང་དོན་གྱིས་རྒྱ་བོད་གཉིས་ཀྱི་བར་ལ་གཡུལ་འཁྲུག་གི་སྟ་གོན་བཤམ་འདོད་པ་མ་ཡིན་ནམ།
བོད་ཀྱི་སྐད་དང་ཡི་གེ་ནི་ལོ་ངོ་སྟོང་ཕྲག་གི་སྔ་རོལ་ནས་བོད་ཀྱི་ཤ་དང་རུས་པའི་གསེང་དུ་ཐིམ་ནས་ཡོང་བ་ཞིག་ཡིན་པས་མར་གྱི་གསེང་གི་སྤུ་ལེན་པ་ལྟ་བུ་ལས་སླ་བོ་ཞིག་ག་ལ་ཡིན།ཁྱེད་ཅག་གིས་མ་ནུས་མ་འཁྱོང་བ་ཡོད་ཚད་འདོར་དགོས་ན་ནི་འཇིག་རྟེན་གྱི་ཤེས་བྱ་ཕྱེད་ཀ་འདོར་དགོས་སོ།
།རྩིས་དངོས་རྫས་གསུམ་དང་ས་ལོ་ཆབ་སྲིད་སོགས་གང་ཞིག་ཁྲིད་ན་རང་གི་སྐད་དང་ཡི་གེའི་ལམ་ནས་འཁྲིད་རྒྱུ་ནི་གལ་ཆེ།
ཁྲིད་ཐབས་སྣ་ཚོགས་བེད་སྤྱོད་སྣ་བརྒྱ་གཏོང་རྒྱུའི་ཐོབ་ཐང་ཡོད་ཀྱང་། གཙོ་བོ་རང་གི་སྐད་དང་ཡི་གེ་གཞིར་བཞག་སྟེ་ད་བཟོད་ཐབས་ལམ་སྣ་བརྒྱ་བེད་སྤྱོད་དགོས་སོ།
།བོད་ལ་མཚོན་ན་བོད་ཀྱི་རྩ་བ་སྐད་དང་ཡི་གེ་ཡིན་པས་དེ་དོར་ནས་ཡལ་ག་གཞན་འཛིན་རྒྱུ་ཟེར་ན་ལོང་གཏམ་ཁོ་ན་ཡིན་པས།
ཁྱེད་རྣམས་ཀྱིས་ཐུགས་བསམ་ཡང་བསྐྱར་བཞེས་རོགས་གནང་།རྩིས་དངོས་རྫས་གསུམ་དང་ས་ལོ་ཆབ་སྲིད་སོགས་ཀྱི་སློབ་ཁྲིད་ཆ་ཇེ་ཚང་དུ་གཏོང་རྒྱུ་ནི་བླུན་པོ་ང་ཡིས་བཤད་མི་དགོས་པར་ཁྱེད་ཅག་གིས་མཁྱེན་ངེས་ཡིན།དེ་ཡང་བོད་ཀྱི་སྐད་དང་ཡི་གེ་གཞིར་བཞག་གི་སྟེང་ནས་ཆ་ཇེ་ཚང་དུ་གཏོང་དགོས་པ་ལས།
སྐད་རིགས་གཞན་གྱི་སྟེང་ནས་ཆ་ཇེ་ཚང་དུ་གཏོང་རྒྱུ་ཟེར་ན་བོད་ཀྱི་སློབ་མ་རྣམས་ལ་དཀའ་ངལ་ངང་ངམ་ཤུགས་ཀྱིས་འབྱུང་ཡོང་བ་དང་།
བོད་ཀྱི་སྐད་དང་ཡི་གེའི་ཐོབ་ཐང་ཡང་མར་ངོས་ཟླ་བ་བཞིན་འགྲིབ་འགྲོ། གང་ལྟར་“བོད་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་བསྒྱུར་བཅོས་བཏང་ནས།
ཐབས་ལམ་གཉིས་པ་སྟེ། རྒྱ་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་ལག་བསྟར་བྱེད་རྒྱུ་”ཟེར་བ་འདི་ལ་ཡང་བསྐྱར་བསྒྱུར་བཅོས་གཏོང་རྒྱུ་ནི་སྙིང་ཁོང་རུས་པའི་སྟེང་ནས་རེ་བ་ཞུ་ཞུ།
༢༠༢༠་༤་༡༤ནུབ་མོར་བྲིས།