གསུང་བཤད་པ། གཉའ་ཟླ་བ་བློ་གྲོས།
བོན་པོ་ནི་སངས་རྒྱས་པའི་གྲུབ་མཐའ་དག་ལས་གྲུབ་མཐའ་ཆུང་ཆུང་ཞིག་རེད། སྤྱིར་གྲུབ་མཐའ་ལ་ཆེ་ཆུང་མེད་མོད། འདིར་གླེང་བའི་གྲུབ་མཐའ་ཆུང་ཆུང་ཞེས་པའི་དོན་ནི་དད་ལྡན་པ་མང་ཉུང་གི་ཆ་ནས་ཡིན། སྤྱིར་མི་རིགས་ལའང་ཆེ་ཆུང་མེད་པར་འདྲ་མཉམ་ཡིན། མི་རིགས་ཆུང་ཆུང་ཞིག་ལ་རིག་གནས་ཆེན་པོ་ལྡན་པ་ནི་བོད་རེད། ༼མི་རིགས་ཆུང་ཆུང་ཞིག་ལ་རིག་གནས་ཆེན་པོ་ཞིག་ལྡན་པ་དེ་བོད་མི་རིགས་ཀྱི་མཚན་ཉིད། (གུག་རྟགས་ནང་གི་སྐད་ཆ་འདི་ཟིན་བྲིས་བས་ཟིན་ཐོ་འགོད་བཞིན་པའི་སྐབས་སུ་ཐོལ་བྱུང་དུ་ཡིད་ལ་ཤར་བ་དང་ཡིག་ཐོག་ལ་ཕབ།)༽རླབས་ཆེ་བའི་མི་རིགས་ཤིག་གིས་མ་གཏོགས་རླབས་ཆེ་བའི་རིག་གནས་ཤིག་བསྐྲུན་མི་ཐུབ། ལྷག་པར་ཏུ་མི་རིགས་ཆུང་ཆུང་ཞིག་གིས་འདི་ལྟ་བུའི་གཏིང་ཟབ་པའི་རིག་གནས་ཤིག་སྐྲུན་པ་ནི་ཧ་ལས་དགོས་པ་ཞིག་རེད། སྐབས་སུ་བབས་པའི་བོན་གྱི་གྲུབ་མཐའ་ཡང་རླབས་པོ་ཆེ་ཡིན་སྟེ་གྲུབ་མཐའ་ཆུང་ཆུང་འདི་འདྲ་ཞིག་གིས་བཀའ་དང་བསྟན་བཅོས་ཀྱི་སྐོར་ནས་བོངས་ཚད་ཆེན་པོ་འདི་འདྲ་ཞིག་སྐྲུན་པ་ནི་ཧ་ལས་པ་རེད། བོད་ཐམས་ཅད་ཁ་སང་གི་བོན་པོ་རེད། བོན་ལ་ལྟ་ཚུལ་ངན་པ་འཛིན་པ་ནི་རང་གི་ཨ་མེས་ཡང་མེས་ལ་ལྟ་ཚུལ་ངན་པ་འཛིན་པ་དང་གཅིག་པ་རེད། དེ་བས་ང་ཚོས་ཆོས་ལུགས་དང་སྤྱི་ཚོགས་གང་གི་ཆ་ནས་ཀྱང་མཐུན་སྒྲིལ་ནི་ཤིན་ཏུ་གལ་ཆེ། དཔེ་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་འདི་དག་ནི་ཉེ་བའི་ལོ་འགའི་རིང་བྱུང་བའི་དགའ་འོས་པའི་དོན་དག་གལ་ཆེན་ཞིག་རེད། དེ་བས་ཀྱང་ད་རེས་རྒྱལ་ཁབ་ཀྱིས་འགྲོ་སོང་བཏང་ནས་བོན་གྱི་༼བཀའ་འགྱུར༽དཔེ་སྐྲུན་བྱ་རྒྱུའི་ཚོགས་འདུ་འདི་ནི་བོད་གངས་ཅན་ལ་མཚོན་ན་བཀྲ་ཤིས་འཕྲིན་བཟང་ཞིག་རེད། ཆོས་ལུགས་དང་སྤྱི་ཚོགས་གང་གི་ཆ་ནས་ཀྱང་མཐུན་སྒྲིལ་ལས་གལ་ཆེ་བ་མེད།
རིག་གཞུང་ཉམས་ཞིབ་བྱེད་དུས་གཏིང་ཟབ་པའི་ཞིབ་འཇུག་ལས་ད་གཟོད་འགྲེལ་བརྒྱབ་དགོས། གཞན་གྱིས་མ་ཐོན་པའི་ཁྱད་ཆོས་ཡོད་པའི་གསར་གཏོད་ཡོད་དགོས། སྔོན་གྱི་མཁས་པ་ལ་མ་འགལ་བར་གསར་གཏོད་མཛད་དགོས། རྗེ་རིན་པོ་ཆེས༼ལམ་རིམ་ཆེན་མོ༽སོགས་གསར་གཏོད་མཛད་དུས་ཀྱང་སྔོན་གྱི་མཁས་པ་ཚོའི་དགོངས་པ་དང་འགལ་མི་འདུག བོན་ནང་ཁུལ་ནས་ངོ་བོའི་ཐོག་ནས་བོན་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་པར་བསྒྲུབས་ཡོད། དུས་གསུམ་སངས་རྒྱས་རྣམས་ཀྱིས་གསུང་པའི་ཆོས་ཀྱི་ངོ་བོ་ནི་གཅིག་ཡིན། ད་ཕན་ཆད་གྲུབ་ཡོད་པའི་བཀའ་དང་བསྟན་བཅོས་འདི་དག་བྲིས་མ་ལས་དཔར་མ་ཤིན་ཏུ་ཉུང༌། ཉེ་བའི་རིང་ནས་དཔར་མའང་བྱུང༌། ཡིན་ནའང་དཔར་མ་ཡོད་པ་དེ་དག་ཀྱང་བསྐྱར་དཔར་ཡང་དཔར་ཙམ་རེད། དེ་མ་ཡིན་པའི་ཤིང་པར་གྱི་པོ་ཏི་ཡང་བཞུགས། དཔེ་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་འདི་དག་ནི་ཉེ་བའི་ལོ་འགའི་རིང་ལ་བྱུང་བའི་དོན་དག་གལ་ཆེན་ཞིག་དང་དགའ་འོས་པའི་དོན་ཞིག་རེད། ཉེ་བའི་ལོ་ཤས་རིང་ནས་ཤིང་པར་བཏབ་པ་ཡོད་མོད། རྒྱལ་ཁབ་ཀྱི་ངོས་ནས་མིན་པར་དམངས་ཁྲོད་ནས་ལས་བཞིན་ཡོད་པ་རེད། སྔོན་གྱི་དུས་སུའང་བོད་ལ་དཔེ་སྐྲུན་ཁང་ཡོད་པ་རེད། སྔོན་གྱི་པར་ཁང་(སྡེ་དགེའི་པར་ཁང་སོགས།)དག་ནི་བོད་ཀྱི་དཔེ་སྐྲུན་ཁང་ཡིན། རྩ་འཛུགས་དང་རྣམ་པའི་ཆ་ནས་མི་འདྲ་མོད་ངོ་བོ་དང་བྱེད་ལས་ཀྱི་ཐོག་ནས་དཔེ་སྐྲུན་ཁང་ཡིན།
གྲུབ་མཐའ་ཆུང་ཆུང་ཞིག་གིས་འདི་ལྟ་བུའི་རིག་གནས་ཤིག་སྐྲུན་པ་ནི་གྲུབ་མཐའ་དེ་དང་མི་རིགས་དེ་རྒྱལ་ཁབ་དེའི་གཟི་བརྗིད་ཅིག་རེད། ལྷག་པར་མི་རིགས་གཞན་དང་བསྡུར་ན་རླབས་ཆེན་པོ་ཞིག་རེད། གཞན་ལ་སྟོན(ངོམས)ཆོག་པའི་རིག་གནས་མཆོག་ཏུ་གྱུར་པ་ཞིག་རེད། གཞན་ལ་སྟོན་རྒྱུ་རང་གིས་བསྒོམ་རྒྱུ་གལ་ཆེན་ཞིག་རེད། ལས་དོན་འདིའི་འགོ་འཛིན་མཁན་དག་ལ་བཀའ་དྲིན་ཆེ་ཞུ། གཡུང་དྲུང་ཚེ་རིང་དང་ཁོང་གི་ཁྱིམ་མི་ཡོངས་ལ་བཀའ་དྲིན་ཞུ། (ཁོང་ཁྱིམ་མི་གང་པོས་བོན་གྱི་བཀའ་འགྱུར་ལག་བྲིས་མ་གློག་ཀླད་ནང་བླུག་ཚར་གྲབས་ཡོད།) ཁྱིམ་ཚང་ཞིག་ལ་མཚོན་ན་ལས་གཞི་འདི་ནི་ཤིན་ཏུ་དཀའ་མོ་དང་ལས་གཞི་རླབས་ཆེན་པོ་ཞིག་རེད། ངས་རང་གི་ངོས་ནས་བསྟོད་པ་ཆེན་པོ་འབུལ་རྒྱུ་ཡིན། ཁྱིམ་ཚང་གཅིག་གི་མིས་ཀྱང་དོན་ཆེན་འདི་འདྲ་འགྲུབ་པ་ནི་བརྩོན་པ་དང་འབད་པ་ཆེ་བ་མཚོན་ཐུབ་ཀྱི་འདུག ད་ལྟ་དང་ཕྱིན་ཆད་ཀྱང་དགའ་ནི་ཡིན། ང་རང་ཉིད་ཀྱིས་འདིའི་ཐད་ནས་ཁྱེད་རྣམ་པས་གང་ལ་བསྐོས་རུང་འབད་པས་བསྒྲུབ་རྒྱུ་ཡིན། ཚང་མར་བཀའ་དྲིན་ཆེ།