རྩོམ་པ་པོ། གཉན།
——སྔོན་དུ་ཕུལ་བ།
ཁྱེད་ཀྱི་དབུ་སྐྲའི་ལན་བུའི་གསེང་གི
དུས་བཞིར་རྒ་བ་མེད་པའི་ལྗོན་དབང་དེ
ད་ནི་འདི་ག་ན་ལུས་འདུག
ང་ཚོས་འཚོལ་འཚོལ་བའི
ཡུལ་གདུང་ནི་ཁྱེད་ཀྱིས་ཁྱེར་སོང་ངམ
ད་ནི་འདི་ན་ཡུལ་གདུང་མི་འདུག་གོ
ང ཁྱེད་ཀྱི་ཆུ་མིག་དྭངས་མོ་དྭངས་མོ་དེའི་ཁ་རུ་སོང་སྟེ
ནང་ལ་ཡང་ཡང་བལྟས
ཁྱེད་ཀྱི་འོད་འབར་བའི་སྐར་ཚོགས་རྣམས
གང་ས་གང་ན་འགྱིང་འདུག་གོ
༡
བྷང་ལགས་ནི་གཞུང་དྲང་དང་མཁྱེན་ལྡན་གྱི་སྙན་ངག་སྨྲ་བ་ཞིག་ཡིན་ལ།རྟག་ཏུ་སྐྱོ་གདུང་བརྗོད་པའི་སྙན་ངག་རྩོམ་པ་ལ་ཅི་བས་དགའ།ཁོང་འཚོ་བའི་དུས་སུ།མིའི་རིགས་ཀྱི་སྒྲིབ་པ་དང་ཉོན་མོངས་པ་དང་ཚུལ་འཆོས་སོགས་ལ་མཐའ་གཅིག་ཏུ་གདོང་ཐུག་ཤ་སྟག་རྒྱག་སྤོབས་སོ།།བྷང་ལགས་ཀྱི་མི་ཚེ་ནི་རྩོམ་རིག་དུས་དེབ་སོགས་དང་རྩོམ་རིག་གཟེངས་རྟགས་སོགས་ལ་རྦད་དེ་འབྲེལ་བ་མེད་པའི་རང་དབང་གི་ཡི་གེའི་སྒྱུ་རྩལ་པ་ཞིག་གི་མི་ཚེའང་ཡིན་ནོ།།
༢
བྷང་ལགས་ནི་བྱམས་བརྩེ་དང་ལྡན་པའི་མི་ཞིག་ཡིན་ལ།བྷང་ལགས་ཀྱིས་གནས་ལུགས་མང་པོ་མཁྱེན་ཡོད་པ་དང་།དོན་དག་གལ་ཆེན་པོ་མང་པོ་ཤེས་ཤིང་གནས་ཚུལ་ཛ་དྲག་ཅན་མང་པོ་ཧ་གོ་ཐུབ་ཡོད། བྷང་ལགས་ནི་གངས་ཅན་མཐོ་སྒང་གི་མི་དང་ནམ་མཁའ།ས་གཞི་གསུམ་ལ་རྟག་ཏུ་ལྐོག་ལྟ་བྱས་ནས་ཁེར་རྐྱང་གི་ངང་དུ་སྙན་ངག་རྩོམ་མཁན་གྱི་མི་སྣ་ཡན་གར་བ་ཞིག་ཀྱང་ཡིན།
༣
བྷང་ལགས་ནི་སྙན་ངག་མཁན་གྱི་མི་གཤིས་འཛོམས་ཡོད་ས་ཞིག་ཡིན་པས།ཡུལ་དུས་གང་དུ་འཕྲད་ནའང་ང་ནི་ཁོང་གི་སྣང་བརྙན་ལ་ལྟ་རྒྱུར་ཞེ་དྲག་དགའ་བོ་ཡོད།ཁོང་གི་སྣང་བརྙན་གྱིས་རྩོད་པ་མེད་ཅིང་འཚེ་བ་མེད་པའི་དགའ་བདེ་སྟེར་ལ། ཁོང་གི་སྣང་བརྙན་གྱིས་སྐོམ་རྣམས་ཡོངས་སུ་སོས་པར་བྱེད་དོ།། ཁོང་གི་སྣང་བརྙན་དེར་ད་ལྟ་ངས་གུས་གཙི་བླ་མེད་གནང་ནས་ཉིན་ཉིན་དྲན་དགོས་བྱུང་ཡོད།རྟག་ཏུ་སྐྱོ་གདུང་བརྗོད་པའི་རྒྱལ་སྲས་དེའི་འཛུམ་མདངས་དང་མིག་འོད།ཞྭ་མོ་དང་གཡུ་རྣ།མི་གཤིས་དང་སྙན་ཚིག་སོགས་གཟའ་སྐར་གྱི་འཕྲོད་སྦྱོར་བཞིན་བདེན་པ་དང་དགེ་བ་དང་མཛེས་པ་ལ་འགྱུར་བར་ཤོགརྟག་ཏུ་སྐྱོ་གདུང་བརྗོད་པའི་རྒྱལ་སྲས་ཁོང་ནི་སྣང་བརྙན་གྱི་ཁྲོད་དུ་ལུས་སོང་ནའང་།སྣང་བརྙན་ནི་ཇི་སྲིད་དུ་ཀློག་པར་སྤྲོ་བའི་ལེགས་རྩོམ་ཞིག་ཡིན་ཤག་ཤག་རེད།
༤
བྷང་ལགས་ནི་རྟོག་པ་སྔོག་ཐུབ་པའི་སྙན་ངག་མཁན་ཞིག་ཡིན་ལ།ཉིན་མཚན་བཅོ་བརྒྱད་རིང་དུ་ཡི་གེ་དང་རྟོག་པའི་བར་གྱི་གསང་བ་སྣ་ཚོགས་དང་མཉམ་པོར་བྲོ་རྩེ་བར་རབ་ཅིག་དགའ།བྷང་གི་སྙན་ངག་གིས།བྷང་རང་ཉིད་ཐེ་བའི་ཉོག་དྲ་ཆེ་བའི་མཐོང་བ་ཞིག་སྟོན་འདོད་སྐྱེ་ཡི་ཡོད་པ་དང་།བྷང་གི་སྙན་ངག་གིས།བྷང་རང་ཉིད་ཀྱི་སྐད་ཆའི་འཇིག་རྟེན་ཞིག་གྲུབ་ཚར་ཡོད།བྷང་ལགས་ཀྱི་སྙན་ངག་ནི་གསང་བ་ཡི་རྣམ་པ་ཅན་ཞིག་ཡིན་ནའང་།བྷང་ལགས་ཀྱི་སྙན་ངག་ནི་བོད་ཀྱི་རྩོམ་རིག་གི་དཔུང་རོགས་ཤིག་ཡིན་པའི་ཡིད་ཆེས་དང་།བྷང་ལགས་ཀྱི་སྙན་ངག་མཁན་གྱི་མི་གཤིས་དེ་བདག་གིས་སྔ་མོ་སྔ་མོ་ནས་བཀྲ་ཤིས་པའི་ངང་ནས་མྱངས་ཡོད་དོ།།
བྷང་ལགས།ཁྱེད་ཀྱི་འཛུམ་མདངས་དང་མིག་འོད།ཁྱེད་ཀྱི་ཞྭ་མོ་དང་གཡུ་རྣ།ཁྱེད་ཀྱི་མི་གཤིས་དང་སྙན་ཚིག་སོགས་ཡིད་ཀྱིས་སྤྲུལ་བའི་མཆོད་པ་བྱས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་ཕུལ་ཡོད་པས།རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཁྱེད་ཉིད་རྟག་ཏུ་སྲུངས་ཤིག་ཅེས་སྨོན་ལམ་འདེབས་སོ།།
༢༠༢༡/༨/༢༡
*བྷང་།——བྷང་ནི་འཕྱན་བྷང་གི་གཅེས་སྐད་ཡིན་ལ་། རྒྱུན་པར་བདག་གིས་ཁོང་ལ་བྷང་ཞེས་འབོད་སྲོལ་ཡོད།