ཁྲིམས་བཟོ་དང་ཁྲིམས་ཞིབ་གཉིས་ལས་སུ་”ལག་དམར་བ”རེད་འདུག

བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་”ཁྲིམས་འགྲེལ་”ཞིབ་གསལ་མེད་པ་ནི་རྙོག་དྲ་དང་སྒེར་གཅོད་ཀྱི་གོ་སྐབས་ཆགས་པ་ཡིན།

ཟླ་བ་ཚེ་རིང་།

༡༽ གྲོས་ཚོགས་ཚོགས་དུས་ཕར་འགྱངས་ནི་རྒྱུན་ལས་ཚོའི་ངོས་ནས་ཐུགས་བསམ་ཆེ་བཞེས་ཀྱིས་ཐག་གཅོད་ཅིག་ལ་ངོས་འཛིན་ཞུས་ཆོག རྒྱ་ནད་འགོས་ཁྱབ་ཀྱི་”ཛ་དྲག་གི་དུས་ཡུན་”ནང་ཐུགས་བསམ་དེ་འདྲ་བཞེས་དགོས་པ་ཡིན། ལྷག་པར་སྤྱི་འཐུས་རྒྱུན་ལས་ལ་གྲོས་ཚོགས་དང་འབྲེལ་བའི་ལས་དོན་ཐག་གཅོད་ཀྱི་དབང་ཆ་”སྒེར་ཚུགས་པ”ཡང་ཡོད་པ་ཡིན། འོན་ཀྱང་། ཁོང་རྣམ་པ་བཅའ་ཁྲིམས་ནང་གི་ཚོགས་དུས་གཏན་འབེབས་ཀྱི་འབྲུ་དོན་དང་འགལ་ཡོད་པ་ཡིན། བཅའ་ཁྲིམས་ནང་ཚོགས་དུས་ཀྱི་ཡུན་ཚད་དང་བར་ཚད་སོགས་ཞལ་གསལ་བོ་བྱས་ནས་གསུངས་ཡོད། ཞལ་གསལ་མེད་པ་དེ། ནད་ཡམས་འགོས་ཁྱབ་སོགས་”ཛ་དྲག་གི་དུས་ཡུན་”ནང་བཅའ་ཁྲིམས་ཀྱི་འབྲུ་དོན་ལ་”ཁྲིམས་འགྲེལ་”གསལ་བོ་མེད་པ་དེ་རེད། ན་ནིང་ད་ལོ། ང་ཚོ་ལ་ནད་ཡམས་ཀྱི་དཀའ་ངལ་འཕྲད་པ་རེད། སང་ལོ་རྗེས་ལོ་”དམག་འཁྲུག་”གི་དཀའ་ངལ་ཡང་འབྱུང་མི་སྲིད་པ་མིན། ཁྲིམས་ཡིག་ལ་”ཁྲིམས་འགྲེལ་”གྱི་”ས་མཚམས་ཆུ་མཚམས་”ནི་མེད་དུ་མི་རུང་བ་ཡིན།


༢༽ “ཁྲིམས་འགྲེལ་”གྱི་ས་མཚམས་ཆུ་མཚམས་མེད་དུས། ཕྱོགས་ཚང་མར་དཀའ་ངལ་ཞིག་འཕྲད་བཞིན་པ་དངོས་ཡོད་ཡིན། ཁ་ཐུག་གི་དཀའ་ངལ་ལ་དུས་ཡུན་ཐུང་ཐུང་ནང་”ཁྲིམས་འགྲེལ་”ཞིག་ཡོང་མི་ཐུབ་པ་ཡང་དམངས་གཙོའི་རྒྱལ་ཁབ་ཚོའི་གནས་སྟངས་ལས་ཤེས་ཐུབ། བར་སྐབས་འདིའི་ཉམས་ལེན་ནི། བསམ་ཤེས་གོ་ཤེས་དེ་ཡིན། དམར་ཕྱོགས་རྒྱལ་ཁབ་དང་ལྷག་པར་རྒྱ་ནག་ལ་མཚོན་ན་དེ་གློག་ལྟར་མྱུར་ཆོག འདས་པའི་ལོ་གཅིག་གཉིས་ནང་རྒྱ་ནག་གིས་ཧོང་ཀོང་གི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་”ཧོང་ཀོང་གཞི་རྩའི་རྩ་ཁྲིམས”སོགས་ལ། རྒྱ་ནག་དམངས་ཆེན་ཚོགས་འདུས་”ཁྲིམས་འགྲེལ་”ཡོང་སྟངས་ལས་ང་ཚོས་གསལ་བོ་ཤེས་ཐུབ། འོན་ཀྱང་། དེ་པེ་ཅིན་རེད། ཝ་ཤིན་ཌོན་མ་རེད། ལྡི་ལི་གསར་པ་ཡང་མ་རེད། ངྷ་ས་དེ་བས་ཀྱང་མིན་དགོས་པ་ཡིན།

༣༽ སྤྱི་འཐུས་རྒྱུན་ལས་ལ་ཚོགས་དུས་ཕར་འགྱངས་མ་གནང་ག་མེད་ཀྱི་དཀའ་ངལ་འཕྲད་པ་ལྟར། ཁྲིམས་ཞིབ་ཁང་ལའང་ཁྲིམས་ལུགས་དབང་འཛིན་གྱི་ཆ་ནས་དཀའ་ངལ་ཞིག་འཕྲད་པ་རེད། རྒྱུན་ལས་ལ་གནས་སྟངས་ཀྱི་ཆ་ནས་འཕྲད་པ་རེད། ཁྲིམས་ཞིབ་ཁང་ལ་ཁྲིམས་ཡིག་གི་ཆ་ནས་འཕྲད་པ་རེད། དེ་ཡང་གཙོ་བོ། དངོས་ཡོད་གནས་སྟངས་དང་བཅའ་ཁྲིམས་གཉིས་བར་ལ། དོན་དང་མཐུན་པའི་ས་མཚམས་ཆུ་མཚམས་ཀྱི་”ཁྲིམས་འགྲེལ་”གསལ་བོ་ཞིག་མེད་པ་དེ་རེད། འོན་ཀྱང་། ང་ཚོ་མི་རིགས་འདིའི་ངོ་བོ་དང་། རིག་གཞུང་། ཀུན་སྤྱོད། རྒྱུན་སྲོལ། ཉམས་ལེན་སོགས་ཀྱི་ཐད་ནས། ཕན་ཚུན་བར་བསམ་ཤེས་གོ་ཤེས་ཤིག་ཡོང་ཆོག་ནའང་། ད་རེས་གྲོས་ཚོགས་ནང་ཏག་ཏག་དེ་ལས་ལྡོག་སྟེ། ཕན་ཚུན་དགྲ་འཛིན་དང་སྡང་སེམས་ཀྱི་བྱེད་ཐབས་སྤྱད་པ་དེ་རེད།

༤༽ གལ་སྲིད་ང་ཚོས་ད་ཐེངས་ཀྱི་དོན་རྐྱེན་འདི་ལ་”དགྲར་འཛིན་”དང་”སྡང་སེམས་”ཀྱི་ངོས་ནས་བལྟས་ཚེ། སུ་ལ་”འཛིན་ཤུགས་”ཆེ་མིན་དང་། སུ་ལ་”སྡང་ཤེད་ལྡན་”མིན་བཤད་དགོས་ཚེ། རྒྱུན་ལས་ཚོ་ལ་”སྐར་རྟགས་”ཀྱི་གསོལ་རས་འབུལ་ངེས་པ་ཡིན། དཔེ་སྡུག་ཤོས་”ལག་དམར་”ཤིག་ལ་ཆ་བཞག་ན། ཁྲིམས་ཞིབ་ཁང་གིས་འདེམ་བྱེད་ལས་མ་བཀག་པ་ནི་”བསམ་ཤེས་གོ་ཤེས་”དང་”ཁྲིམས་ལ་འཕྲད་པའི་དཀའ་ངལ་”སེལ་ཐབས་ཤིག་རེད། དང་བོ་ནས་”དགྲར་འཛིན་”དང་སྡང་སེམས་”ཆེ་ཚེ། རྒྱུན་ལས་མི་བཅུ་གཉིས་བོའི་གདམ་བྱ་བཀག་ནའང་འགྲིག་ཡོད་པ་ཡིན། འཕོ་འགྱུར་མ་སོང་བའི་སྔོན་ལ། ཁྲིམས་ཞིབ་ཆེ་བ་དང་གཞན་ཚང་མར་དེའི་དབང་ཚད་ཡོད་པ་ཡིན། “གང་ཟག་དང་གང་ཟག་བར་གྱི་རྩེད་མོ་”སུ་ཡིན་ནའང་རྩེ་ཤེས་ངེས་རེད།

༥༽ གྲོས་ཚོགས་ཀྱི་གསང་བའི་འོས་འཕེན་ནི་ཁྲིམས་སྒྲིག་གང་ལ་ཁུངས་གཏུགས་མི་དགོས་པར། ཚོགས་གཙོ་སྦྲེལ་བོའི་དབང་ཚད་ཡིན་པ་འོས་མ་བླུག་པའི་སྔོན་གྱི་ཚོགས་གཙོའི་དྲི་བར་ལན་འདེབས་ལས་ཤེས་ཐུབ། གྲོགས་ཚོགས་ནང་ཚོགས་གཙོ་ལ་དབང་ཚད་ཡོད་པ་ལྟར། ཁྲིམས་ཁང་ནང་ཁྲིམས་ཞིབ་པར་ཡང་དེ་མཚུངས་སྐུ་དབང་ཡོད་པ་ཡིན། དཔེར་ན། བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་ཚེ། འདེམ་བྱེད་ཙམ་མིན་པར། ད་ཡོད་རྒྱུན་ལས་ཚོའི་གདམ་བྱ་ཡང་བཀག་ཆོག་པ་ཡིན། འདི་འགན་འཁུར་སྟངས་ཤིག་རེད་འདོད། གནས་སྟངས་དང་ཁྲིམས་ལ་འགན་འཁུར་སྟངས་ཤིག་རེད། དོན་དམ་པའི་སྒོ་ནས་བཤད་ན། སུ་”ལག་དམར་བ་”རེད་འདུག “གསོད་”དགོས་ན་བསམ་ས་གཟས་ས་མེད་”ལག་སྲིང་”ཐུབ་མཁན་དེ་སུ་རེད། རྙོག་དྲ་ཡོང་ས་འདི་རེད། སྒེར་གཅོད་བྱེད་ས་ཡང་འདི་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post