གཅར་རྡུང་སློབ་གསོ་དང་འབྲེལ་བའི་སྐད་ཆ་འགའ།

ཞོགས་ལྗང་།

 


ཉེ་བའི་ཉིན་འདི་དག་ལ། བསྟུད་མར་སློབ་གསོའི་སྐོར་གྱི་བརྙན་ཐུང་རིགས་གཉིས་ཐོན་ཏེ། ཀུན་ཀྱང་དེ་གླེང་བར་བྱེད། གཅིག་དེ་དགེ་རྒན་གྱིས་སློབ་མར་གཅར་བ་དང་། ཅིག་ཤོས་དེ་སློབ་མས་སློབ་མར་གཅར་བ་སྟེ། དཔེ་མི་སྲིད་པའི་ཐུབ་ཚོད་རིགས་ཤིག་རེད། སོ་སོས་རང་གི་སྐད་འཕྲིན་བར་སྟོང་དུ་སྤེལ་བ་གྲངས་མེད་ཀྱང་། མང་དུ་བྲིས་པའི་ཡི་གེ་ནི་གཞན་མ་མཐོང་ངོ༌།། རྒྱལ་ཡོངས་སློབ་གསོའི་སྐོར་གྱི་ཚོགས་གཏམ་གྱིས་སློབ་མ་རྣམས་ཀྱི་ལས་བྱའི་གནད་དོན་གླེང་། རེ་འགས་དེ་བཟང་ཟེར། རེ་འགས་ནི་དེས་ཀྱང་རྩ་བ་དོར་ནས་ཡལ་ག་བཟུང་ཟེར། ཐོས་ཚད་གཏམ་དུ་བྱ་བ་ལ་འཇོན་ནུས་ཀྱིས་མི་འདང་བ་དང༌། གཞུང་དོན་སྒེར་གྱིས་གླེང་བ་ལ་ད་ནི་སྐབས་ཀྱང་མི་ལེགས་པས་བསྒྱུར། རང་གི་ཕྱི་ནང་གི་སྡུག་བསྔལ་ལ་བཟོད་དུ་ནུས་ཀྱང་། ཕ་མ་བུ་ཕྲུག་དང་བཅས་པའི་སྡུག་བསྔལ་ལ་ཚབ་ཏུ་མེད་པས། ཞིག་རང་ཅག་ཁོ་ནའི་དོན་ལ་གྲོས་ཁ་བསྡུར་བ་ ག ཙིགས་སུ་འཛིན་པ་ལགས།

 

དགེ་རྒན་དེས་སློབ་མ་ཆུང་ཆུང་དེ་དག་ལ་གཅར་བ་དེ་ཡང་རེ་འགས་འགྲིག་ཟེར། རེ་འགས་དེ་ཡང་སྡུག་རྩུབ་ཆེ་བས་སློབ་གསོའི་བྱེད་ཐབས་ཐབས་ལ་གནོད་ཟེར། ཅིས་ཀྱང་བདེན་རྫུན་གྱི་དབྱེ་བ་འབྱེད་པ་ལ། རྗེས་མར་འཐད་པ་ཡིན་ཏེ། ཞེ་སྡང་ དང་ཁོང་ཁྲོ་འབར་བའི་བྱེད་ཐབས་དེས་སློབ་མ་རྣམས་ལ་ཕན་ལས་གནོད་མི་ཆེའམ་སྙམ། གཅིག་ཏུ་མིའི་ཁྲག་རྩ་ཐམས་ཅད་ནི་ལག་རྩ་དང་འབྲེལ་བས། ནར་མ་སོན་པའི་སློབ་མ་དག་གི་བདེ་ཐང་ལ་གནོད། གཉིས་སུ་ཁྲོམ་གྱི་མདུན་ནས་མནར་གཅོད་གཏོང་བ་སེམས་ལ་གནོད་པས། བདེ་ཐང་གི་སེམས་ཁམས་ལ་ཕན་པ་ཡེ་མེད་དོ།། རང་གི་གཅེས་ཕྲུག་གིས་ལན་རེར་མི་དཔེ་བའི་ནོར་འཁྲུལ་བཟོ་བ་ལ་རང་རེ་ཚོས་བཟོད་པར་བྱེད་པ་བཞིན། བྱིས་པ་ནི་ནོར་འཁྲུལ་གྱི་ཁྲོད་ནས་འཚར་ལོངས་འབྱུང་དགོས་པ་ཡིན་པས། ཁོ་རང་ཚོའི་ནོར་འཁྲུལ་རིགས་ཤིག་སྐྱོན་ཤ་སྟག་ཏུ་བཟུང་ནས། གཅར་རྡུང་གི་བྱེད་ཐབས་འབའ་ཞིག་གིས་བཅོ་པ་མི་ལེགས། བྱིས་པས་ནོར་འཁྲུལ་བཟོ་སྟངས་སྣ་ཚོགས་ཚོགས་སུ་སྣང་། བྱིས་པའི་ནོར་འཁྲུལ་ཡོ་བསྲང་བྱེད་སྟངས་ཀྱང་སྣ་ཚོགས་ཚོགས་ས་སུ་ཡོད། སློབ་གསོ་ནི་ནོར་འཁྲུལ་ཡོ་བསྲང་གི་བྱེད་ཐབས་ཤིག་ཡིན་གྱི། ནོར་འཁྲུལ་རྩད་ནས་གཅོད་པའི་བྱེད་ཐབས་ཤིག་མ་ཡིན་ནོ།། སེམས་ཅན་གྱི་རྒྱུད་ཚོད་སངས་རྒྱས་ཀྱིས་ཀྱང་མི་ཐིག་པ་ཡིན་ན། དགེ་རྒན་རེ་གཉིས་ཀྱིས་ག་ལ་ཡིན། ནམ་ཡང་རང་གི་རྒྱུད་ལ་བརྟག་སྟེ་ནོར་འཁྲུལ་ལ་ཡོ་བསྲང་བཟོ་བའི་གོམས་གཤིས་འཇགས་པ་ཡིན་ན། ནོར་འཁྲུལ་རིགས་ཤིག་བཟོ་བའི་ཀུན་སྤྱོད་ལ་སྐྲག་དགོས་པ་མ་ཡིན།

 

ནོར་འཁྲུལ་བཟོ་བ་ནི་བྱིས་པའི་རང་བཞིན་རེད། སློབ་གསོ་ནི་བྱིས་པའི་རང་བཞིན་ལེགས་ལམ་དུ་བཀྲི་བ་དེ་ཡིན་གྱི། སྒོ་ཀུན་ནས་འགོག་པ་དེ་མ་ཡིན། ནར་མའི་འཚོ་བའི་ཁྲོད་རང་ཅག་ཀྱང་ནོར་འཁྲུལ་མང་པོའི་ཁྲོད་དུ་མི་ཚེ་ཆུད་ཟོས་པ་ཡིན་ན། བྱིས་པ་དག་ལྟ་ག་ལ་ཞིག ཁྱོད་དགེ་རྒན་ཡིན་པ་གང་ཞིག ཤེས་བྱ་ཁོ་ནས་རྒན་པ་མ་ཡིན་ཏེ། ཡོན་ཏན་གྱིས་ཡིན་འོས། ཡོན་ཏན་ནི་སྐྱོན་ལས་ལོག་པ་དེའོ།། ཕྱི་ནང་གི་གཞུང་གང་ནའང་དགེ་རྒན་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ གསུངས་པ་མ་མཐོང་། དེ་ལས་ཀྱང་སློབ་མ་རྣམས་སྨྲ་མི་དགོས་སོ།། དེས་ན་ཁྱོད་རང་ཉིད་ཀྱང་སྐྱོན་གྱི་དྲི་མས་ཀུན་ནས་སྦགས་པ་གང་ཞིག་ལ། གཞན་གྱི་སྐྱོན་བཙོ་བ་ཁུར་དུ་མི་ལེགས་མོད། འོས་སུ་བབ་པས་རེ་ཞིག་ཐབས་ཟད་ཀྱང་། བྱམས་དང་བརྩེ་བས་སློབ་མའི་རྒྱུད་ཀྱི་མ་རིག་པ་འཁྲུད་པར་རིགས་ཀྱི། ང་རྒྱལ་དང་ཁོང་ཁྲོ་སོགས་ཞེ་སྡང་གི་སྒོ་ཀུན་ནས་འཇུག་པ་འོས་མ་ཡིན།

 

ནུབ་ཕྱོགས་པའི་གཞུང་ལྟར་ན། བྱིས་པའི་ཕ་མ་དང་དགེ་རྒན་དུ་གྱུར་པ་དག་ནི་ཁ་ནས་བཤད་པ་ལས། སྤྱོད་པས་འཁྲིད་པ་ར བ་དང་མཆོག་ཏུ་བསྔགས། བྱིས་པའི་རྒྱུད་ཀྱི་ལྷན་སྐྱེས་སུ་མངའ་བའི་ལད་ཟློས་ཀྱི་ཆ་དེས། རང་གི་ཕ་མ་དང་དགེ་རྒན་དུ་གྱུར་པ་དག་གི་སྤྱོད་པའི་རྗེས་སུ་འགྲོ་ཞིང་། གང་ཞིག་ཕ་མ་དང་དགེ་རྒན་རྣམས་བྱམས་ཤིང་བརྩེ་བའི་བདག་ཉིད་ཅན་དག་ནི་སློབ་གསོའི་དེད་དཔོན་ལ་མཆོག་ཏུ་བཀུར། མིའི་རྒྱུད་ལ་རང་བཞིན་དུ་གྲུབ་པའི་བྱམས་བརྩེའི་ནུས་པ་གསོ་སྐྱོང་བྱས་ཚེ། མིའི་ལེགས་བྱང་གོང་ནས་གོང་དུ་འགྲོ། གང་ཞིག་མི་རྣམས་ཀྱི་བཟང་སྤྱོད་ཇེ་མཐོར་གཏོང་བ་ནི་སློབ་གསོའི་དམིགས་ཡུལ་ཡིན་གྱི། ང་རྒྱལ་དང་ཕྲག་དོག་སོགས་གཤིས་རྒྱུད་ཡོངས་སུ་བརླམས་པའི་འགྲན་རྩོད་ཀྱིས་མི་རྣམས་ཀྱི་བཟང་སྤྱོད་གོང་དུ་སྤེལ་བ་མི་སྲིད་དོ།།

 

གཅར་རྡུང་གི་ངོ་བོ་ནི་གདུག་རྩུབ་ཡིན། གདུག་རྩུབ་ཀྱིས་བསྐྱེད་པའི་མིའི་རིགས་ཀྱི་གྱོང་གུད་ལ་ཚད་མེད། འགྲོ་མིའི་ལོ་རྒྱུས་སྟེང་གི་དམར་པོ་ཁྲག་གི་འཁོར་ལོ་བསྐོར་ཚད་གདུག་རྩུབ་ཀྱིས་བསྐྱེད། ཆུང་བ་དགེ་རྒན་གྱིས་སློབ་མར་ཞེ་སྡང་གིས་ག ཅར་བ་དང༌། ཆེ་བ་རྗེ་དཔོན་གྱིས་འབངས་མིར་རྡུང་བ་སོགས། མདོར་ན། རང་གི་ཉི་ཚེ་བའི་རང་ཁེ་ཕན་གྱིས་གཞན་གྱི་བདེ་སྔག་ལ་ཅི་སྙམ་པ་ཐམས་ཅད་གདུག་རྩུབ་ཀྱི་སྤྱོད་པར་གཏོགས།། རང་རེས་དགེ་རྒན་གྱིས་སློབ་མར་གཅར་བ་ནི་དེ་ལ་སྙིང་ཉེ་བའོ་ཟེར་ན། རྗེ་དཔོན་དག་འབངས་མིར་རྡུང་བཙིར་བྱས་པ་ཚུན་ཆད་ཀྱང་དེ་ལ་སྙིང་ཉེ་བའི་མཚོན་རྟགས་སུ་མི་བཤད་དམ། གཅིག་ཏུ་ན། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་པ་དང་། བུ་ཆུང་ལ་ཤ་ཚ་ན། འགྲམ་ལྕག་གི་རྒྱུན་མ་གཏོང་ཟེར་བ་སོགས། སྲིད་པའི་མྱོང་བ་གཏམ་དུ་བྱ་བ་སྲིད་ཀྱང་། དེས་ཀྱང་སློབ་གསོ་གོང་དུ་འཕེལ་བ་ལ་ཁུངས་སྐྱེལ་མི་འཕེར་བས། རང་གི་མ་རིག་པའི་ཚད་ལ་ཞིབ་ཏུ་སེམས་ཤིག་ཀྱེ།

 

ཕ་མས་བུ་ཕྲུག་ལ་གཅར་བ་དང་། དགེ་རྒན་གྱིས་སློབ་མར་རྡུང་བ་ཚུན་ཆད་ཀྱིས། ད་ལྟ་སློབ་གྲོགས་ཕན་ཚུན་གྱིས་གཅར་རྡུང་བྱེད་པའི་བརྙན་ཡང་མངོན་སུམ་མིག་མཐོང་དུ་ཡོད། དེས་ན་འདི་དག་ཐམས་ཅད་རྒྱུ་འབྲས་རྟེན་འབྱུང་གི་རིགས་པ་ཡིན་པས་སུ་ཞིག་བསྙོན།

 

བརྙན་ཐུང་དེ་དག་དྲྭ་བའི་སྒང་སླེབས་པ་དང་། ཀུན་གྱིས་འུར་ཆིལ་ལེར་གཅར་མཁན་བུ་མོ་དེར་མི་འདོད་པའི་གཏམ་སྣ་ཚོགས་བྱེད་ཅིང་། ཐམས་ཅད་ལས་དབུགས་ཐོལ་ཐོལ་དུ་འཕྱུར། གཅིག་ཏུ་ན་བཟང་ངན་གླེང་བརྗོད་ཀྱི་ཐོབ་ཐང་རང་གཞན་ཀུན་ལ་མངའ་བས། ཅིས་ཀྱང་གླེང་ འོས་པ་ཞིག་ཏུ་མཆི་མོད། རང་གི་ཉེ་འཁོར་ན་དེ་དང་འདྲ་བའི་སྣང་ཚུལ་སྣ་ཚོགས་ཚོགས་སུ་འབྱུང་བ་བསྐྱུར་ནས། དེ་ཙམ་ལ་གཏམ་གྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཞེ་སྡང་འདི་སུ་ཡིས་བསྐྱེད་དམ།

 

དེ་དང་འབྲེལ་ནས་གཞུང་གིས་བཟོས་པའི་བཅའ་ཡིག་སྐོར་ཞིག་ཀྱང་གང་སར་བཀྲམ། ཁྲིམས་ཀྱི་གོ་རྟོགས་མཐོ་རུ་སོང་བའི་རྟགས་ཤིག་ཀྱང་ཞར་ལ་མངོན། སློབ་མར་རྡུང་རྡེག་ཐེབས་པའི་གནོད་འཚེ་ལ་ཁྲིམས་ཀྱིས་སྲུང་བ་ལེགས། སུ་དང་གང་ལ་འཇིགས་སྐུལ་བ་ལྟ་བུ་མིན་པར། རྒྱུ་འབྲས་ཚུལ་བཞིན་ཁྲིམས་ལག་ཏུ་བསྟར་བ་ཡིན་ན་བློ་ལྡན་སྐྱེ་བོ་ཐམས་ཅད་མགུ། ནམ་ཞར་ཡང་རང་གི་ཐོབ་ཐང་ལ་གཞན་གྱིས་རྡོག་བརྫིས་ཐེབས་པ་ན། དེ་ལ་དབང་དང་འབྱོར་བར་མ་ལྟོས་པར་འདྲ་མཉམ་སྒོས་ཞུ་གཏུག་བྱེད་སའི་ཡུལ་ཡོད་ཅིང་། དེས་ཀྱང་དཀར་ནག་ཚུལ་བཞིན་དཔྱོད་ཅིང་སྲུང་བ་ཡིན་ན། ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་ཚུལ་ལ་གནས་པ་ཡིན་པས་དེ་ལ་མི་དགའ་གང་གིས་དགའ།

 

སློབ་གྲོགས་ཕན་ཚུན་ལ་གཅར་རྡུང་ཐེབས་པར་ཁྲིམས་ཀྱིས་སྲུང་ངེས་པའི་དོན་ཚན་གཏན་འབེབ་ཡོད་ན། དགེ་རྒན་གྱིས་སློབ་མར་གཅར་རྡུང་བྱས་ན་ཁྲིམས་ཀྱིས་སྲུང་ངེས་པའི་དོན་ཚན་གཏན་འབེབ་ཡོད་དམ། ལོས་ཀྱང་ཡོད་དེ། དགེ་རྒན་གྱིས་སློབ་མར་གཅར་རྡུང་བྱས་པའི་གནོད་ཚད་ལྟར་ཁྲིམས་ཀྱི་ཐག་གཅོད་འཁུར་དགོས། ལྷག་ཏུ། ནར་མ་སོན་པའི་བྱིས་པར་ལུས་ཆད་གཅོད་པ་དང་མི་གཞི་དམའ་འབེབ་སོགས་བྱས་པ་ཡིན་ན། དེས་ངེས་པར་དུ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། ཡིན་ནའང༌། ད་ལ་ཐུག་གི་དབར་དུ། རང་ཅག་གི་བྱིས་པ་ཚོའི་ཨོང་ཤ་དང་སྒྱིད་པ་སྔོ་ནག་ཏུ་གྱུར་པ་གྲངས་ཀྱིས་མི་ལོངས་མོད། དེ་ལ་ཁྲིམས་ཀྱིས་སྲུང་བའི་དཔེ་སྟོན་ཞིག་རྙེད་རེ་དཀའ། བརྙན་ཐུང་དེ་ལས། ཁྱོད་དགེ་རྒན་ལ་སྙན་སྒྲོན་ཞུས་པ་ཡིན་ན་ངས་ཁྱོད་ལམ་སེང་གསད་འཇོག་ཅེས་འཇིགས་སྐུལ་ཅིང་། རྒྱལ་བ་པན་ཆེན་དཔང་དུ་བཙུགས་ནས་མནའ་བསྐྱལ། གདུག་ རྩུབ་ཆེ་བའི་སྒེར་གཅོད་ཀྱི་རྒྱལ་པོ་དང་རྗེ་བོ་དག་གིས་ཀྱང་ཁྱོད་ངས་བཟོས་པའི་སྒྲིག་དང་ཁྲིམས་མི་བསྲུང་བ་ཡིན་ན་མགོ་འབྲེག་གི་ཡིན་ཞེས་བརྗོད་ཅིང་། ཁོང་ཁྲོ་འབར་བའི་དགེ་རྒན་དག་གིས་ཁྱོད་ས་ལས་བྱ་མི་འགྲུབ་པ་དང་རྒྱུགས་མི་འཕྲོད་པ་ཡིན་ན་སྒྱིད་པ་གཅོག་གི་ཡིན་ཞེས་འཇིགས་སྐུལ་བ་ཡིན། དེས་ན། ཆུང་བ་ནས་ཆེ་བའི་བར་གྱི་ནག་པའི་སྦྱོར་བ་མཐའ་དག་ནི་མ་དག་པའི་སློབ་གསོ་འབའ་ཞིག་གི་བསྐྱེད་འབྲས་རེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། འཇིག་རྟེན་རྒུད་པ་ཇི་ སྙེད་པ།། དེ་ཡི་རྩ་བ་མ་རིག་པ།། གསུངས། རང་རེའི་མ་རིག་པའི་རྩ་བ་ཆེན་པོ་ནི་སློབ་གསོའི་མ་རིག་པ་འདི་ཡིན་ཅིང༌། འདིས་བསྐྱེད་པའི་རྒུད་པ་མཐའ་དག་ནི་ཤིན་ཏུ་ནས་ཀྱང་སྐྱི་གཡའ་བ་དེའོ།།

 

དིང་སང་བཟང་སྤྱོད་ལས་རྒྱུགས་སྐར་ལ་རྩིས་ལས་ཆེ། སློབ་གྲྭའི་སྒོ་ཐེམ་སྙེགས་པ་ནས་རྒྱུགས་སྐར་གྱིས་སློབ་མའི་བཟང་ངན་འབྱེད། ཕ་མ་རྣམས་དེ་ལ་འབད་ཅིང༌། དགེ་རྒན་རྣམས་ཀྱང་དེ་ལ་བརྩོན། ཐམས་ཅད་རྒྱུགས་སྐར་ལ་བརྩོད་པས། བཟང་སྤྱོད་ནི་ནུབ་ཁའི་ཉི་མ་བཞིན་ཡལ། རྒྱུགས་སྐར་གྱིས་མ་འདང་བ་ཡིན་ན་མ་རབས་ཀྱི་གྲལ་ལ་རྫོང་ཞིང་ནམ་ཞར་ཡང་འཕྱ་སྨོད་ཀྱི་ཡུལ་དུ་བྱེད། ཡ་རབས་ཀྱི་ཚད་ལ་འདི་འཇོག་ཅིང་ཀུན་ཀྱང་སྙིང་ཉེ་ཉེ་བྱེད། མེས་པོ་རྣམས་མཐོང་ཆེན་པོར་བྱེད་ པའི་དཔའ་ཞིང་རྟུལ་ཕོད་པ། དྲང་ཞིང་གཡོ་མེད་པ། དེས་ཤིང་རྒྱུད་དྲང་བ། རྒན་ལ་གུས་ཤིང་ཆུང་ལ་བྱམས་པ། གྲོགས་ལ་བ རྩེ་ཞིང་དགྲ་ལ་བཟོད་པ་སོགས་ཡ་རབས་ཀྱི་སྲོལ་ལ་མི་བརྩི། དབང་དང་འབྱོར་བར་མཐོང་ཆེ་ཞིང་། ཁེ་དང་གསུག་ལ་ང་ཆེ། སློབ་གསོ་ནི་བཟང་སྤྱོད་ལ་འབད་དགོས་པ་ཡིན་མོད། ད་ལྟ་ནི་ཡོངས་སུ་ཐ་དད་པར་གྱུར།

 

དཔེར་ན། རྡུང་རྡེག་གཏོང་མཁན་བུ་མོ་དེའི་ང་རྒྱལ་ཁོ་ནས་ཀྱང་ར་འཕྲོད། ཉམ་ཆུང་བའི་བུ་མོ་དེར་རྡོག་བརྫིས་ཇི་ལྟར་ཐེབས་ཀྱང་། གཞན་དག་དེ་ལ་སྙིང་རྗེ་ལྟ་ཞོག ཕྱོགས་ཙམ་ཡང་མི་འཛིན་པར་གཞན་དེའི་རྗེས་སུ་རྒྱུགས། མ་རབས་ཀྱི་ལས་དེ་ང་རྒྱལ་དུ་འཛིན་ཞིང་། སྣང་བ་མཐོ་མཐོ་རང་བྱེད། རང་ཅག་ཕ་མ་དང་དགེ་རྒན་ཐམས་ཅད་བཟང་སྤྱོད་དོར་བ་ཡིན་ན། སློབ་མ་དེ་དག་སྨྲ་ཅི་དགོས། དོན་རྐྱེན་འདི་བྱུང་བ་དང་ཐམས་ཅད་སློབ་གསོ་ལ་རྩོད། དོན་ལ་ཁྱོད་རང་གི་ཁོར་ཡུག་ལ་སློབ་མའི་རྒྱུགས་འབྲས་ལྟར་འཛིན་གྲྭ་བགར་བ་སོགས་འདི་དང་ངོ་བོ་འདྲ་མཚུངས་པ་ཤིན་ཏུ་མང་མོད། ཁྱོད་ནམ་ཡང་ཅི་མི་སྙམ་པར་སྡོད་པ་ཨ་མཚར།

 

ཁྱོད་སློབ་མའི་རྒྱུགས་འབྲས་ལ་མཐོང་ཆེན་པོ་བྱེད་པ་གང་ཞིག་བཟང་སྤྱོད་སློབ་གསོ་མ་ཡིན་ནོ།། སློབ་མའི་རྒྱུགས་འབྲས་མཐོར་འདེགས་མ་བཏང་བའི་སྔོན་ལ། ཁྱོད་རང་གི་ཤེས་ཡོན་ཇེ་མཐོར་བཏང་བ་ཡིན་ན། སློབ་གསོ་ལེགས་ལམ་དུ་འགྲོ་ས་ བའི་སྔོན་འགྲོ་བསྒྲུབས་པ་ཡིན་མོད། ད་ལྟ་སློབ་ཆེན་མན་གྱི་དགེ་རྒན་རྣམས་དཔེ་ཀློག་ལ་འཇུག་པ་ཤིན་ཏུ་དཀོན། རང་གི་མ་རིག་པའི་བློ་མ་སངས་པ་དེ་སྲིད་དུ། སློབ་མ་རྣམས་ཀྱི་མ་རིག་པའི་བློ་སངས་པ་ཨེ་སྲིད་དམ། རང་གི་སློབ་མ་ལེགས་ལམ་དུ་དཀྲི་བ་ལ་ཐོག་མར་རང་ཉིད་ལེགས་ལམ་དུ་འཇུག་པ་དགོས་མོད། ཁྱོད་རང་ཉིད་ལེགས་ལམ་དུ་འགྲོ་བའི་སྔོན་འགྲོ་སྟེ། དམ་པ་གོང་མ་དག་གི་གསུངས་ལ་འཇུག་པ་དོར་ནས། མི་ཚེ་ཆུད་ཟོས་སུ་འགྲོ་བའི་ལས་ཁོ་ན་རྩོམ་པ་གང་ཞིག སློབ་མ་རྣམས་ལེགས་ལམ་དུ་དཀྲི་བ་མི་སྲིད་དོ།། སློབ་མ་ལེགས་ལམ་དུ་འཁྲིད་མ་ཐུབ་པས་ད་ལྟའི་སྣང་ཚུལ་འདི་དག་བྱུང་བ་ཡིན་མོད། རྟ་ཁ་གཞན་ལ་དཀྱུ་དགོས་པའི་རྣམ་རྟོག་འདི་ཉམ་ཆུང་།

 

དེས་ན། ཐམས་ཅད་རང་གི་སྤྱོད་པའི་རྗེས་སུ་བསླབས་པ་ལགས་པས།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post