ཕྱི་ཟླ་ ༢ ཚེས་ ༤ ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན།
རྒྱ་ནག་གཞུང་འབྲེལ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ས་ཁུལ་མི་འདྲ་བའི་མགོ་ཁྲིད་
༤ རུལ་སུངས་གནད་དོན་ཡོད་སྐོར་བརྗོད་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། མགོ་ཁྲིད་དེ་དག་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཕུ་གསུམ་གྲོང་སྡེའི་མགོ་གཙོ་གཞོན་པ་ལྷག་པ་དང་།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤང་ཞིང་གྲོང་ཚོའི་ཏང་མགོ་ཁྲིད་བསྟན་པ་ཕུན་ཚོགས། ཆབ་མདོ་གྲོང་ཁྱེར་ཁ་རུབ་གྲོང་ཁྱེར་ཀརྨ་ཞིང་ཚྭ་ལ་གྲོང་ཚོའི་མགོ་ཁྲིད་དཀར་མཚོ།
མངའ་རིས་ས་ཁུལ་སྒར་རྫོང་མོན་འཚེར་གྲོང་སྡེའི་ལས་བྱེད་པ་ཕན་ཐོགས་བཅས་ཡིན་འདུག
དེ་འབྲེལ་གནས་ཚུལ་ནང་ཁོ་ཚོས་རུལ་སུངས་བྱས་པའི་གནད་དོན་ཁག་ནི།
ལྷག་པ་ཟེར་བས་ཞིང་འབྲོག་གི་མ་དངུལ་མ་སྤྲད་པ་མ་ཟད་མ་དངུལ་རེའུ་མིག་རྫུན་མ་བཟོས་སྐོར་དང་།
བསྟན་པ་ཕུན་ཚོགས་ནས་གོ་གནས་བེད་སྤྱོད་ཀྱིས་ཁྲིམས་ངང་དབུལ་སྐྱོར་མ་དངུལ་ཧམ་བཟུང་བྱས་པ།
ཡང་དཀར་མཚོས་གོ་གནས་བེད་སྤྱད་ནས་གཉེན་ཉེ་དང་གྲོགས་པོར་དམིགས་བསལ་ལྟ་རྟོགས་བྱས་པ། དེ་བཞིན་ཕན་ཐོགས་ཀྱིས་འགན་ཡག་པོ་མ་འཁུར་བར་སྐྱེ་ཁམས་སྲུང་སྐྱོབ་མ་དངུལ་བྱ་དགའ་སྤྲོད་ནོར་བྱས་པ་བཅས་ཀྱི་གནད་དོན་ཡོད་སྐོར་བརྗོད་འདུག
ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་གཙོའི་གྲངས་ཉུང་མི་རིགས་ཁག་གི་ས་གནས་མགོ་ཁྲིད་ཚོར་འཐབ་རྩོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་།
རྒྱ་ནག་གཞུང་གིས་བོད་རིགས་ས་ཁུལ་གྱི་མགོ་འཁྲིད་དང་ལས་བྱེད་ཚོར་ཆེད་དམིགས་འཐབ་རྩོད་བྱེད་ཡུལ་གཅིག་ནི་ཕྱི་ལོག་གི་བོད་མི་ཚོར་འབྲེལ་འདྲིས་དང་༧གོང་ས་རྒྱལ་བ་རིན་པོ་ཆེར་དད་གུས་བྱེད་མཁན་ཚོ་ཡིན་པ་དང་།
ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༨ ལོར་གྱོད་དོན་གྲངས་ཁྲི་
༣ ལྷག་ལ་འདྲི་ཞིབ་བྱས་ཡོད་པ་དང་། དེའི་ནང་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་ཡང་ན་དཔལ་འབྱོར་གྱི་རྒྱབ་རྟེན་འོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་དོན་
༢༥ ལ་འདྲི་ཞིབ་བྱས་པ་བརྒྱུད་མི་ ༢༥ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ གཉིས་སུ་བོད་ས་ཡོངས་སུ་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་དང་འབྲེལ།
ཆོས་དད་བྱེད་མཁན་གྱི་ཏང་ཡོན་དང་ལས་བྱེད་ཚོ་ཡང་ནག་འཇོམས་ངན་སེལ་ལས་འགུལ་ནང་བཅུག་སྟེ།
ཉེས་ཆད་གཅོད་པ་དང་ཏང་ནས་ཕུད་པ་སོགས་ཤུགས་ཆེར་བྱས་ཡོད་པ་དང་། ད་ལྟའི་ཆར་ལས་བྱེད་མང་དག་ཅིག་ལ་གནད་དོན་བྱུང་ཡོད་སྐོར་བརྗོད་ནས་ལས་གནས་ནས་ཕུད་པ་སོགས་ཉེས་ཆད་འདྲ་མིན་གཅོད་བཞིན་ཡོད་ཀྱང་།
བོད་རིགས་ལས་བྱེད་མང་པོ་ཞིག་ལ་ཏང་ལ་ཡིད་ཆེས་མེད་སྐོར་དང་། ཏང་ལ་དད་སེམས་བོར་ནས་ཆོས་ལུགས་ལ་དད་མོས་བྱས་སྐོར་གྱི་ནག་ཉེས་ཤུགས་ཆེར་གཡོག་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་གསལ་བ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་ལོ་མཇུག་བར་རྒྱ་ནག་རྒྱལ་ཡོངས་སུ་རུལ་སུངས་ཀྱི་གནད་དོན་བྱུང་བའི་མགོ་ཁྲིད་དང་ལས་བྱེད་གྲངས་ཁྲི་
༢༣༧ ལྷག་བྱུང་ཡོད་སྐོར་བཀོད་ཡོད་པ་རེད།