རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་གཏོང་མཚམས་ཆད་ཡོད་འདུག

ཕྱི་ཟླ་ ༢ ཚེས་ ༤ ཉིན། རྒྱ་གར་(The print)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་(All India Radio)ཀྱི་ཁོངས་གཏོགས་བོད་སྐད་སྡེ་ཚན་ནང་། འདས་པའི་ཟླ་གཉིས་ཙམ་རིང་ནས་གནས་ཚུལ་སྤེལ་མཚམས་ཆད་དེ། སྡེ་ཚན་དེའི་དྲ་རྒྱ་དང་རླུང་འཕྲིན་ཡུ་ཊོབ་སོགས་ཚང་མར་གནས་ཚུལ་གང་ཡང་མ་སྤེལ་བར་ལྷག་ཡོད་པ་དང་། གནད་དོན་དེ་ནི་རླུང་འཕྲིན་ཁང་གི་འཛིན་སྐྱོང་གི་གནད་དོན་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་ན་ཡང་། ལས་ཁུངས་དེའི་ལས་བྱེད་མང་པོས་བོད་སྐད་སྡེ་ཚན་ནང་ཁྱད་ལས་མི་སྣ་མེད་པས་ཡིན་སྐོར་སོགས་བརྗོད་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་རླུང་འཕྲིན་ཁང་དེས་གནད་དོན་དེ་ནི་བོད་སྐད་སྡེ་ཚན་ལ་སྒྱུར་བཅོས་གཏོང་རྒྱུའི་ཆ་ཤས་ཤིག་ཡིན་སྐོར་བརྗོད་ཡོད་ན་ཡང་། རླུང་འཕྲིན་ཁང་དེའི་ལས་བྱེད་གཞན་ཁག་ཅིག་གིས་བོད་སྐད་སྡེ་ཚན་སྟོང་བར་ལྷག་དོན། སྡེ་ཚན་དེའི་ནང་ཐོག་མར་གན་རྒྱ་བཞག་པ་ལྟར་ཁྱད་ལས་མི་སྣ་མེད་པས། སྤུས་ཚད་སོགས་མེད་པས་གནས་ཚུལ་གཏོང་མཚམས་འཇོག་དགོས་བྱུང་གི་ཡོད་པ་དང་། ལས་བྱེད་གཞན་ཞིག་གིས་བོད་སྐད་སྡེ་ཚན་ནང་ལས་བྱེད་བསྡུ་བར་གྲངས་ཚད་དང་། སྐད་རིགས་གཞན་གྱི་ཆ་རྐྱེན་དགོས་སྟབས། ཉིན་གླའི་ངོ་བོའི་ཐོག་ནས་ལས་བྱེད་གླ་བཞིན་ཡོད་པས་སྤུས་ཚད་ཀྱིས་མི་ཡོང་བ་མ་ཟད། དེ་ལས་བརྒལ་བའི་ལས་ཀ་བྱེད་མཁན་ལ་གླ་ཆ་མི་ཐོབ་པ་སོགས་ཀྱི་དཀའ་ངལ་བྱུང་སྐོར་བརྗོད་འདུག

 

རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་མི་ཟུར་བ་སྐུ་ཞབས་(Jayadeva Ranade)ལགས་ནས། རླུང་འཕྲིན་ཁང་ལ་ཕྱིའི་གསར་འགྱུར་སྤེལ་གནས་ཀྱི་སྡེ་ཚན་ཡོད་ན་ཡང་། བོད་དང་རྒྱ་ནག་གི་གསར་འགྱུར་སྡེ་ཚན་གཉིས་རྒྱུན་དུ་མེད་པར་ལྷག་ཡོད་པ་དང་། ད་ལྟའི་དུས་རབས་འདི་ལྟ་བུ་ཞིག་ལ་དྲིལ་བསྒྲགས་ཐབས་ལམ་བརྒྱུད་ནས་ང་རང་ཚོའི་ལྟ་ཚུལ་བསྒྲགས་རྒྱུ་གལ་ཆེན་ཡིན་པ་མ་ཟད། འཇམ་པོའི་སྟོབས་ཤུགས་བརྒྱུད་ནས་བོད་ནང་གི་བོད་མི་དང་བོད་དང་རྒྱ་ནག་གི་ནང་པ་ཚོར་དམིགས་དགོས་པ་དང་། མ་འོངས་པར་མུ་མཐུད་རླུང་འཕྲིན་ལྟ་ཉན་བྱེད་མཁན་ཚོའི་འདོད་མོས་དང་བསྟུན་ནས། རླུང་འཕྲིན་ཁང་གི་སྡེ་ཚན་དེ་དག་མུ་མཐུད་འགྲོ་ཐུབ་དགོས་པ་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག

 

རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་དེ་ ༡༩༣༦ ལོར་བཙུགས་པ་དང་། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་གཞུང་གིས་ཐོག་མའི་རླུང་འཕྲིན་ཁང་དེའི་མིང་སྟེ་ (Akashvani) ནས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ (All India Radio) དུ་བསྒྱུར་ཏེ། ཕྱི་སྐད་ ༡༥ དང་རྒྱ་གར་གྱི་སྐད་ ༡༢ བཅས་ཁྱོན་སྐད་རིགས་ ༢༧ ནང་ཆུ་ཚོད་ ༢༤ རིང་གཏོང་གི་ཡོད་པ་དང་། བོད་སྐད་སྡེ་ཚན་དེ་བཞིན་ཕྱི་ལོ་ ༡༩༥༦ ལོ་ནས་མགོ་འཛུགས་བྱས་ཏེ། སྔར་ལོ་ནས་རྒྱ་དཀར་ནག་གཉིས་ཧུན་བོད་ས་མཚམས་ནས་གདོང་ཐུག་བྱུང་བ་དང་བསྟུན། རྒྱ་གར་གཞུང་གིས་བོད་ནང་དང་ཧི་མ་ལ་ཡའི་མི་རིགས་ཚོར་ཆེད་དམིགས་དང་། རྒྱ་ནག་གི་ས་མཚམས་ཁག་གི་དྲིལ་བསྒྲགས་འགོག་ཐབས་སུ་བོད་སྐད་སྡེ་ཚན་ཡར་རྒྱས་གཏོང་རྒྱུ་ཡིན་པ་ཤུགས་ཆེར་བསྒྲགས་ཡོད་པ་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post