རིག་ལྡན་རྒྱ་མཚོའི་སྒྲུང་ཐུང་ཡིག་བརྒྱ་མ་ཁག་གཉིས།

ཆོས་ཉིད་དང་རྒྱུ་འབྲས། རང་མགོན་གསུམ། 

 

རིག་ལྡན་རྒྱ་མཚོ།


འཇིག་རྟེན་གྲུབ་ཚུལ་དང་སྲོག་ཆགས་ཀྱི་ལས། བྱ་དངོས་ཀྱི་འཕེལ་རིམ། དོན་དག་གི་འཕོ་འགྱུར་སོགས་གཏན་ལ་འབེབས་པའི་སྐབས་སུ། འཇིག་རྟེན་བྱེད་པོས་མང་གཙོའི་ལམ་ལུགས་ལ་དཔེ་བལྟས་ནས། ཆོས་ཉིད་དང་རྒྱུ་འབྲས། རང་མགོན་གསུམ་གདན་དྲངས་ཏེ། ཁོ་ཚོ་གསུམ་པོའི་བསམ་འཆར་ལ་ཉན།

 

“ད་ནི་འཇིག་རྟེན་ཐོག་མར་བསྐྲུན་དགོས་པས། འཇིག་རྟེན་གྱི་གྲུབ་ཚུལ་དང་སྲོག་ཆགས་ཀྱི་ལས། བྱ་དངོས་ཀྱི་འཕེལ་རིམ། དོན་དག་གི་འཕོ་འགྱུར་རྣམས་ཅི་ལྟར་བཀོད་སྒྲིག་བྱས་ན་བཟང་། ཁྱེད་གསུམ་པོས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་དང”ཞེས་འཇིག་རྟེན་བྱེད་པོ་དེ་སྐད་སྨྲས་པར། ཆོས་ཉིད་ཀྱི་སེམས་སུ། གནད་དོན་འདི་ཚང་མ་ང་ཁོ་ནས་ཐག་གཅོད་ཐུབ་པ་ཡིན་ཕྱིན། རྒྱུ་འབྲས་དང་རང་མགོན་གཉིས་ལ་བསམ་ཚུལ་ཅི་ཞིག་ཡོད་ཀྱང་སྙིང་བོ་ཡོད་པ་མ་རེད་སྙམ་སྟེ། སྐད་མགོ་མཐོན་པོས་བཤད་རྒྱུར།

 

“འཇིག་རྟེན་བྱེད་པོས་གསུང་དོན་འདི་རྣམས་ང་གཅིག་པུས་ཐག་ཆོད་པས། རྒྱུ་འབྲས་དང་རང་མགོན་གཉིས་ལ་ལས་རྒྱུ་ཅི་ཡང་མི་འདུག དེ་བས་ཁོ་གཉིས་འཇིག་རྟེན་གསར་བསྐྲུན་གྱི་བྱ་བའི་ནང་མ་ཞུགས་ན་ཆོག”ཟེར་རོ།།

 

སྐད་ཆ་དེས་རྒྱུ་འབྲས་དང་རང་མགོན་གཉིས་ལ་ཕོག་ཐུག་ཆེན་པོ་བཟོས་པས། དེ་གཉིས་ཡེ་ནས་མ་དགའ་བར་རྣ་ཤུ་བརྒྱབ་པ་དང་མགོ་བོ་གཡུག་སྟེ། རྣམ་འགྱུར་མི་ལེགས་པ་སྣ་ཚོགས་བསྟན་མཐར། རྒྱུ་འབྲས་ཀྱིས་ལག་པ་གནམ་ལ་བཀྱགས་ནས་བཤད་རྒྱུར།

 

“ཨ་ཙི་ཨ་ཙི། ཆོས་ཉིད་འདི་ཇི་འདྲའི་ཧམ་སེམས་ཆེ་བ་ལ། ང་རྒྱུ་འབྲས་མེད་ན་ཁྱོད་ཆོས་ཉིད་ཅི་ལྟར་འབྱུང་། ཁྱོད་ཆོས་ཉིད་ནི་ང་རྒྱུ་འབྲས་ཀྱི་གཡོག་པོ་ལྟ་བུ་མིན་ནམ། ངས་ཅི་བྱས་ན་ཁྱོད་ཀྱིས་ལེགས་སོ་ཟེར་དགོས་པ་ལས། ང་རྒྱུ་འབྲས་དང་འགལ་བ་ཞིག་ཁྱོད་ཆོས་ཉིད་ཀྱིས་ཅི་ལྟར་བསྒྲུབ་ཐུབ་བམ། རྩ་བ་ནས་མི་ཐུབ། ཡིན་ངོ་མ་ནི་ང་རྒྱུ་འབྲས་ཁོ་ནས་འཇིག་རྟེན་གསར་བསྐྲུན་བྱེད་ཆོག་པས། ཁྱོད་ཆོས་ཉིད་དང་རང་མགོན་གཉིས་ཀྱིས་ཕན་ཐོགས་གང་ཡང་མེད”ཟེར་རོ།།

 

སྐད་ཆ་དེས་ཆོས་ཉིད་ལ་ཕོག་ཐུག་བཏང་བར་མ་ཟད། རང་མགོན་ལ་དེ་བས་ཀྱང་ཕོག་ཐུག་བཏང་པས། རང་མགོན་སེམས་གཏིང་ནས་མ་དགའ་བར་བཤད་རྒྱུར།

 

“ཨ་ཙི་ཨ་ཙི། རྒྱུ་འབྲས་ཀྱི་ཧམ་སེམས་ནི་ཆོས་ཉིད་ལས་ཀྱང་ཆེ་བ་ལ། དོན་ངོ་མར། འཇིག་རྟེན་གསར་བསྐྲུན་ལ་ང་རང་མགོན་ནི་མེད་དུ་མི་རུང་སྟེ། སེམས་ཅན་གྱི་ལས། བྱ་དངོས་ཀྱི་འཕེལ་རིམ། དོན་དག་གི་འཕོ་འགྱུར་ཚང་མ་ངས་ཐག་གིས་གཅོད་པ་མ་ཡིན་ནམ། ངས་ཅི་ལྟར་སྒྲུབ་ན་རྒྱུ་འབྲས་ཀྱིས་དེ་དང་ལེན་བྱ་དགོས་ལ། ཆོས་ཉིད་ཀྱིས་དེ་ཅི་ལྟར་ཡོད་པ་བཞིན་འཇོག་དགོས་པ་ལས། ཁྱོད་གཉིས་ལ་དམིགས་བསལ་གྱི་ལས་ཀ་ཞིག་གང་དུ་ལྷག་ཡོད་དམ”ཞེས་པར། ཆོས་ཉིད་དང་རྒྱུ་འབྲས་གཉིས་ཀྱང་ཁ་རོག་གེར་སྡོད་པ་ལས་བཤད་རྒྱུ་གཞན་མེད་སོང་།

 

དེར་འཇིག་རྟེན་བྱེད་པོས“རང་མགོན་གྱིས་བཤད་པ་བདེན་ཀྱང་། རྒྱུ་འབྲས་དང་ཆོས་ཉིད་གཉིས་གས་རང་མགོན་གྱི་བྱ་བའི་མཇུག་འབྲས་ལ་རམ་འདེགས་ཞུ་དགོས། དེས་ན། ད་ནས་བཟུང་ཁྱོད་གསུམ་པོས་མཐུན་སྒྲིལ་ངང་འཇིག་རྟེན་གསར་བསྐྲུན་བྱ་རོགས་གནང”ཞེས་བཤད་དོ།།

 

ཡིན་ཡང་། ཁོ་ཚོ་གསུམ་པོས་མཉམ་དུ་འཇིག་རྟེན་གསར་བསྐྲུན་བྱེད་དུས། ཆོས་ཉིད་དང་རྒྱུ་འབྲས་གཉིས་ཀྱི་སྒེར་སེམས་ཇེ་ཆེར་གྱུར།

 
ཆོས་ཉིད་ཀྱིས“འཇིག་རྟེན་འདི་ང་ཁོ་ནས་བསྐྲུན་ཆོག་པས། ཡོད་ཚད་ངའི་ལག་ན་ཡོད”ཟེར་ཞིང་། རྒྱུ་འབྲས་ཀྱིས“འཇིག་རྟེན་གྱི་བྱ་བ་ཡོད་ཚད་ངའི་ཕན་ཆད་དུ་བརྒལ་ཐབས་མེད་པས། ཚང་མས་ང་དང་བསྟུན་དགོས”ཟེར་ལ། རང་མགོན་གྱིས“འཇིག་རྟེན་གྱི་བྱ་བ་ཚང་མ་ཆོས་ཉིད་དང་རྒྱུ་འབྲས་གཉིས་ཀྱིས་ལས་པ་ག་ལ་ཡིན། རང་གི་མགོན་ནི་རང་ཡིན་པས། རང་མགོན་གྱིས་ཅི་ལྟར་ལས་ན། ཆོས་ཉིད་དང་རྒྱུ་འབྲས་གཉིས་ཀྱིས་ཀྱང་ངའི་བཀའ་ལྟར་སྒྲུབ་དགོས་པ་ལས། དེར་རྒྱབ་འགལ་རྩ་བ་ནས་བྱེད་མི་ཐུབ”ཟེར་རོ།།

 

ཁོ་ཚོས་རང་རང་ས་ནས་རང་རང་དྲིལ་བསྒྲགས་བྱས་པར། ཚོར་ཤེས་ཧ་ཅང་ཆུང་བའི་བྱ་དངོས་རྣམས་ཆོས་ཉིད་ཀྱི་དབང་དུ་འདུས། སེམས་ཅན་རྣམས་ལ་ཤེས་པ་ཅུང་ལྡན་པས་རྒྱུ་འབྲས་ཀྱི་དབང་དུ་ཤོར། མི་རྣམས་སེམས་ཅན་ལས་ཤེས་པ་མཐོ་མོད། དེ་ཚོའི་གྲས་སུའང་ཤེས་པ་རབ་འབྲིང་མཐའ་གསུམ་བྱུང་བས། ཤེས་པ་མཐའ་མ་ཚོ་རྒྱུ་འབྲས་ཀྱི་དབང་དུ་གྱུར་པ་དང་། ཤེས་པ་འབྲིང་ཚོ་སྐབས་རེར་རྒྱུ་འབྲས་དང་སྐབས་རེར་རང་མགོན་གྱི་དབང་དུ་གྱུར་ལ། ཤེས་པ་རབ་ཚོ་ད་གཟོད་རང་མགོན་ཁོ་ནའི་དབང་དུ་འདུས་སོ།།

 

འཇིག་རྟེན་གསར་བསྐྲུན་བྱུང་ནས་དུས་ཡུན་ངེས་ཅན་འགོར་རྗེས། འཇིག་རྟེན་བྱེད་པོས་ཆོས་ཉིད་དང་རྒྱུ་འབྲས། རང་མགོན་གསུམ་བོས་ནས། འདྲི་རྒྱུར། “ཁྱོད་ཚོས་འཇིག་རྟེན་ཇི་ལྟར་བསྐྲུན་པའི་བརྒྱུད་རིམ་ཤོད་དང”ཞེས་པར། ཆོས་ཉིད་ཀྱིས་ང་རྒྱལ་དང་བཅས། “ངས་བྱ་བ་བསྒྲུབས་པ་གཞན་ལས་མང་སྟེ། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་ངས་བཀོད་སྒྲིག་བྱེད་ཀྱི་ཡོད”ཟེར།

 

རྒྱུ་འབྲས་ཀྱིས་ཀྱང་ངའོ་སྙམ་གྱིན “ང་ལའང་བྱས་རྗེས་རྨ་མེད་པ་ཡོད་དེ། སེམས་ཅན་དང་མི་མང་པོར་ངས་བཀོད་སྒྲིག་བྱེད་ཀྱི་ཡོད”ཟེར།

 

རང་མགོན་གྱིས་མགོ་བོ་དུད་ནས“ང་འཇིག་རྟེན་གྱི་གནས་ལུགས་འབའ་ཞིག་ཡིན་ཀྱང་། བྱ་དངོས་དང་སེམས་ཅན་ཐམས་ཅད་ཀྱིས་ངའི་སྐད་ཆར་ཡིད་མི་ཆེས་པས། ངས་ནི་བློ་གྲོས་ཅན་གྱི་མི་ཁ་ཤས་ལ་ལམ་སྟོན་གནང་རྒྱུ་ལས་བྱ་ཐབས་མི་འདུག”ཟེར།

 

དེར་འཇིག་རྟེན་བྱེད་པོས“རང་མགོན་ལགས། ཁྱེད་བློ་ཕམ་ཅི་ལ་གནང་། ཁྱེད་ཀྱིས་མི་བློ་གྲོས་ཅན་གཅིག་ལ་ལམ་བསྟན་ན། དེས་འཇིག་རྟེན་གསར་པ་ཞིག་སླར་ཡང་བསྐྲུན་སྲིད་པ་མིན་ནམ”ཞེས་སྨྲས་སོ། །

 

 

ལྷ་མཚོ་དང་ལྷ་སྒྲོན།

 


ནུབ་ཕྱོགས་ཀྱི་ལོ་ངོ་སུམ་བརྒྱའི་རིང་གི་འཕེལ་རྒྱས་དེ་རང་རེའི་རྒྱལ་ཁབ་ཀྱིས་ལོ་ངོ་སུམ་ཅུའི་རིང་ལ་བརྒལ་བ་ན། ཞིབ་འཇུག་པ་ཚོ་རེ་ཞིག་ལ་ཧ་ལས་ཤིང་། སྔོན་པོ་གནམ་གྱི་འོག་ཏུ་འདི་འདྲའི་སྟོབས་ཆེན་ཞིག་ཇི་ལྟར་བྱུང་བ་ཡིན་ནམ་ཞེས་སྡེ་ཚན་རབས་དང་རིམ་པ་བཙུགས་ནས་ཞིབ་འཇུག་བྱེད། ངོ་མཚར་བའི་ཐོད་བརྒལ་དེར་ནུབ་ཕྱོགས་པ་ཚོ་ཧ་ལས་པའི་དུས་སུ། བོད་པ་ཚོས་རྨི་ལམ་ཐེངས་ཤིག་རྨིས་པ་ལྟར། ཞབས་ཀྱི་བཞོན་རྟ་སྐད་ཅིག་ལ་འཕྲུལ་རྟར་བརྗེ་བ་དང་། འཕྲུལ་རྟ་ཡང་སྐད་ཅིག་ལ་རླངས་འཁོར་དུ་བརྗེས་ཤིང་། རླངས་འཁོར་ཡང་གནམ་གྲུར་བརྗེ་འདོད་མཁན་བྱུང་གི་འདུག ཡིན་ཡང་། འདི་འདྲའི་དཔལ་འབྱོར་གྱི་མགྱོགས་འགྲོས་ཇི་ལྟར་བྱུང་བར་ཁོ་ཚོས་ཡེ་ནས་བསམ་བློ་གཏོང་གི་མེད། དོན་དངོས་སུ་ཁོ་ཚོར་བསམ་བློ་གཏོང་ཁོམ་ཡང་མི་འདུག་སྟེ། ཨ་ལགས་ལྷ་ཚང་གིས་གྲྭ་པ་ཚོ་ལྕགས་རྟར་བཞོན་མི་རུང་ཞེས་ཞལ་ཏ་གནང་སྐབས། གྲྭ་པ་ཞིག་འཕྲུལ་རྟར་ཞོན་ནས་སླེབས། འཕྲུལ་རྟར་ཞོན་འོས་མིན་བརྗོད་སྐབས་ཡང་གྲྭ་པ་ཞིག་གིས་རླངས་འཁོར་བསྐོར་ནས་སླེབས། དྲང་མོར་བཤད་ན།གྲྭ་པ་ལྕགས་རྟར་ཞོན་འོས་མིན་བརྗོད་སྐབས།ཨ་ལགས་ལྷ་ཚང་གི་བསམ་བློའི་ནང“གྲྭ་པ་ཡིན་ན་སུག་བཞི་རྟ་བོར་ཞོན་རུང་མིན”གྱི་ཐེ་ཚོམ་ད་དུང་སེལ་མེད། འདི་ལྟ་བུའི་དཔལ་འབྱོར་གྱི་འཕེལ་རྒྱས་ལས་ཨ་ལགས་ལྷ་ཚང་གིས་སེམས་ཀྱི་ཐེ་ཚོམ་མང་པོར་བརྡར་ཤ་གཅོད་ཁོམ་མ་བྱུང་བར་རང་ཉིད་གློ་བུར་དུ་ནུབ་ཕྱོགས་དང་འགྲོས་མཉམ་པའི་དེང་རབས་སྤྱི་ཚོགས་ཀྱི་ནང་དུ་ལྷགས་པས། གནའ་བོའི་དུས་ལ་ཐག་མ་ཆོད་པ་མང་པོ་ད་ལྟའི་དུས་སུ་ཁབ་རྩེ་ཙམ་གྱི་དོན་དག་ཏུ་གྱུར་པས། དེ་ཐག་གཅོད་པའི་དགོས་པ་ཡང་ཡེ་ནས་མེད་སོང་།


དེ་བས་ཨ་ལགས་ལྷ་ཚང་ཡང་རླངས་འཁོར་ལ་བསྡད་ནས་བསྐྱོད་ཅིང་། “གྲྭ་པ་ཡིན་ན་སུག་བཞི་རྟ་བོར་ཞོན་རུང་མིན”གྱི་ཐེ་ཚོམ་དེ་ཡང་ཡིད་ནས་གཏིང་བརྗེད་དུ་གྱུར།


ཡོན་བདག་ལྷ་མཚོ་དང་ལྷ་སྒྲོན་གཉིས་ཀས་དགོན་པའི་ཉེ་འགྲམ་གྱི་ཡུལ་བསྐོར་ས་གནས་སུ་ཟ་ཁང་རེ་གཉེར། མོ་གཉིས་ཀྱི་ཟ་ཁང་གཤིབས་ནས་ཡོད་ལ། སྒོའི་ཡ་ཐོད་དུ་ལྷ་མཚོའི་ཟ་ཁང་དང་ལྷ་སྒྲོན་གྱི་ཟ་ཁང་ཞེས་པའི་མིང་བཀོད་པ་མི་འདྲ་བ་མ་གཏོགས་གཅིག་མཚུངས་རེད། ཟ་ཁང་གཉིས་འདྲ་དོན་ནི་ཡུལ་བསྐོར་ས་གནས་དེ་སྲིད་གཞུང་གིས་དགོན་པའི་མཛེས་ལྗོངས་སུ་གསར་དུ་འཛུགས་སྐྲུན་བྱས་པའི་རྣམ་གྲངས་ཤིག་ཡིན་ཕྱིན། ཁང་པའི་བཟོ་བཀོད་དང་རྒྱུ་སྤུས་ཧྲིལ་བོར་ཁྱད་པར་མེད།

 

ལྷ་མཚོ་དང་ལྷ་སྒྲོན་གཉིས་ཀྱིས་ཆ་རྐྱེན་གཅིག་མཚུངས་སྒོས་ཟ་ཁང་རེ་རེ་གཉེར་མོད། ལོ་གཅིག་འགོར་བ་ན། ལྷ་སྒྲོན་གྱི་ཡོང་སྒོ་ལྷ་མཚོ་ལས་ལྡབ་འགྱུར་གྱིས་མང་ཞིང་། ལྷ་སྒྲོན་གྱི་མིང་ཡང་ལྷ་མཚོ་ལས་སྐད་གྲགས་ཆེ། ཞིབ་ཏུ་བལྟས་ན། ལྷ་མཚོའི་ཟ་ཁང་དུ་མགྲོན་པོ་མེད་པའི་སྐབས་སུ་ལྷ་སྒྲོན་གྱི་ཟ་ཁང་དུ་ད་དུང་མགྲོན་པོ་མང་པོ་ཟང་ཟིང་གིས་གནས་འདུག

 

ལྷ་མཚོས་ཚོང་གི་ཡོང་འབབ་སྤར་ཕྱིར་ནམ་རྒྱུན་ཨ་ལགས་ལྷ་ཡི་སྐུ་མདུན་དུ་སོང་ནས་སྐྱབས་འཇུག་ཞུས། ཞོགས་པ་སྔ་མོ་དེར་ཡང་མོ་ཨ་ལགས་ལྷ་ཡི་སྐུ་མདུན་དུ་སྐྱབས་འཇུག་ཞུ་རུ་སོང་། ཨ་ལགས་ཀྱིས་ལྷ་མཚོ་མཐོང་མ་ཐག་ཐོད་པའི་ནང་ལ་གཟེར་ཞིག་བརྒྱབ། རྒྱུ་མཚན་ནི་དེ་རིང་ཐེ་ན་ལྷ་མཚོ་ཁོང་གི་མདུན་ནས་ཐེངས་བཅུ་གཉིས་ལ་པུས་བཙུགས་ཏེ་སྐྱབས་འཇུག་ཞུས་མྱོང་ཞིང་། སྐྱབས་འཇུག་ཞུ་ཐེངས་རེ་རེར་སྡུག་སྨྲེ་ལུང་བ་གང་འདོན་པར་བྱེད། ཨ་ལགས་ལྷས་གསར་མའི་སྐོར་གྱི་བཅའ་བ་རིམ་གྲོ་ཕལ་ཆེ་བ་སྒྲུབ་ཏུ་བཅུག་པར་མ་ཟད། རྙིང་ཕྱོགས་ཀྱི་བཅའ་བ་བཅོས་ཀ་རེ་གཉིས་ཀྱང་སྒྲུབ་ཏུ་བཅུག་མོད། ཡོན་བདག་ལྷ་མཚོའི་ཟ་ཁང་གི་ཡོང་སྒོ་ལ་མངོན་གསལ་གྱི་ཕན་ཐོགས་མ་བྱུང་བ་འདྲ།

 

ཨ་ཙི། ཨ་ལགས་ཐེ་ཚོམ་གྱི་གནས་སུ་ལུས་ཤིང་། ཡོན་བདག་ལྷ་མཚོར་སྙིང་རྗེ་ཚད་མེད་སྐྱེས། ཡིན་ཡང་། མོའི་ཡོང་སྒོར་མངོན་གསལ་དུ་ཕན་པའི་བཅའ་བ་དམིགས་བསལ་བ་ཞིག་མི་འདུག་པས། ཨ་ལགས་ལྷ་ཡིས་བཤད་རྒྱུར། “ཚོང་ལས་ནི་རང་གི་རྒྱུ་གཞན་གྱི་རྐྱེན་ལས་འཕེལ་དགོས་པ་ཞིག་ཡིན་ཕྱིན། རྒྱུ་མ་ལེགས་ན་རྐྱེན་ལེགས་པོར་ཡང་འཕྲད་རྒྱུ་དཀའ”ཟེར།

 

ལྷ་མཚོས་ཨ་ལགས་ཀྱི་གསུང་གི་གོ་དོན་མ་རྟོགས་པར “ཨ་ལགས། དེ་ལ་བཅའ་བ་བཅོས་ཀ་ཅི་ཞིག་ཡོད”ཅེས་དྲིས་པར། ཨ་ལགས་ཀྱིས་སྤྱི་བོར་ལག་པས་ཡང་ཡང་བྱིལ་བྱིལ་བྱས་མཐར། མིག་བཙུམས་ནས“ཁྱོད་ཀྱིས་ཀྱང་ལྷ་སྒྲོན་ལྟར་ངོ་གདོང་ལ་སྐེགས་ཤིག་བསྐུས་དང”ཟེར་རོ། །

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post