དབྱིན་སྒྲུང་གྲགས་ཅན“ཁེངས་དྲེགས་དང་ཕྱོགས་ལྷུང”གི་བོད་འགྱུར་མ་རོབ་གླེང་།

ལྷ་སྡེ་གནམ་ལོ་ཡག


ཉིན་ཤས་ཡར་སྔོན་ངོ་དེབ་བརྒྱུད་ནས་ཨ་རིར་རྟེན་གཞི་བྱས་པའི་ལ་རྩེ་དཔེ་མཛོད་ཁང་གི་ལས་གཞི“འགྱུར་བརྒྱ་རྩ་བརྒྱད”ལས་གསར་ཐོན་དེབ་ཕྲེང་བཞི་བ་དབྱིན་ཡིག་གི་བརྩམས་སྒྲུང་གྲགས་ཅན“ཁེངས་དྲེགས་དང་ཕྱོགས་ལྷུང” འདི་བཞིན་ལོ་ཙཱ་བ་ཨ་ཤུལ་ཚེ་རིང་སྐྱིད་ལགས་ཀྱིས་བོད་བསྒྱུར་གནང་ཟིན་པ་ཀློག་སྐལ་བྱུང་སོང་། ཁོ་མོ་ནི་དེང་སྐབས་མཛུབ་རྩིས་རྒྱག་ཐུབ་པའི་བོད་ཀྱི་སྐྱེས་མ་ལོ་ཙཱ་བའི་ཁྲོད་ཀྱི་གཅིག་རེད་ལ། བརྩམས་སྒྲུང་འདི་བཞིན་དེང་གི་བར་སྐད་རིགས་སོ་ལྔའི་ནང་བསྒྱུར་ཡོད་པས། བོད་འགྱུར་མ་འདི་སྐད་རིགས་སུམ་ཅུ་སོ་དྲུག་པ་དེ་རེད། བོད་ཡིག་ལ་མཚོན་ན་འདི་ནི་ཚེ་སྲོག་ཡུན་བསྲིངས་ཀྱི་གོམ་སྟབས་ཆེན་པོ་གཅིག་བསྒྱུར་ཐུབ་ཡོད་པ་སྨོས་མ་དགོས་པ་ཞིག་ཅིས་མ་ཡིན། དེ་མཚུངས་སུ་གོ་སྐབས་འདི་བཟུང་ནས་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་བཙན་བྱོལ་ནང་གི་བླ་སྤྲུལ་དང་ཕྱུག་པོ་ཚོར་ཕྱི་རྩོམ་བོད་འགྱུར་གྱི་མཐུན་རྐྱེན་སྦྱོར་བའི་མིག་དཔེ་འདི་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་འདུན་བྱུང་སོང་།

ལོ་ཙྭ་བ་ཨ་ཤུལ་ཚེ་རིང་སྐྱིད་དང་། ཁེངས་དྲེགས་དང་ཕྱོགས་ལྷུང་། པར་རིས། ལ་རྩེ་ངོ་དེབ།  

མ་གཞི་བརྩམས་སྒྲུང་འདིའི་རྒྱ་འགྱུར་མ་སྨྱུག་ཐོགས་པས་ལོ་ངོ་ཉི་ཤུའི་ཡར་སྔོན་ཀློག་མྱོང་ཡོད། ཡིན་ནའང་། སྐབས་དེར་སྒྲུང་གཏམ་ཙམ་གྱི་ཚོར་བ་མ་གཏོགས་མི་སྣ་རེ་རེ་ཡི་ཁྱད་ཆོས་སམ་མ་འདྲ་ས་དང་མཐོ་རིམ་སྤྱི་ཚོགས་དང་འབྲིང་རིམ་སྤྱི་ཚོགས། ཐ་ན་དམའ་རིམ་སྤྱི་ཚོགས་བཅས་ཀྱི་ཞིབ་འབྲིའི་ཐད་ལ་གོ་བ་ཆེར་ལོན་ཐུབ་མི་འདུག

 

ད་རེས་ཨ་ཤུལ་ཚེ་རིང་སྐྱིད་ལགས་ཀྱི་བོད་འགྱུར་མ་ཀློག་སྐབས། མི་སྣ་རེ་རེ་ཡི་ཁྱད་ཆོས་སམ་མ་འདྲ་ས་དང་མཐོ་རིམ་སྤྱི་ཚོགས་དང་འབྲིང་རིམ་སྤྱི་ཚོགས་ཀྱི་མ་འདྲ་ས་མིག་ལམ་དུ་ཤར་ཡོང་བ་དང་ཉིན་གཉིས་དང་ཕྱེད་ཀའི་རིང་ལེའུ་དྲུག་ཅུ་རེ་གཉིས་ཆ་ཚང་ཚེགས་མེད་དུ་བཀླགས་ཟིན། འདི་ནི་སྨྱུག་ཐོགས་པར་མཚོན་ན། དེང་གི་བར་ཀློག་མྱོང་ཡོད་པའི་བོད་འགྱུར་སྒྲུང་རྩོམ་ཁྲོད་དུ“ཆུ་ངོགས་གཏམ་རྒྱུད”དང་འདྲ་བར་འགོ་ནས་མཇུག་བར་དུ་མཚམས་མ་ཆད་པར་ཀློག་འདུན་ཆེན་པོ་བྱུང་བའི་བརྩམས་སྒྲུང་གཉིས་པ་དེ་ཡིན། དེ་བས། འདི་ནི་ཀློག་བྱང་འབྲི་དགོས་པ་དང་འབྲི་བར་འོས་འགན་ཡོད་པའི་བོད་འགྱུར་བརྩམས་སྒྲུང་ཞིག་ཏུ་མཐོང་སོང་།

 

༡ འགྱུར་མ་གཉིས་བསྡུར་ནས་བོད་འགྱུར་མར་ལྟ་བ།

 

འདི་ནས་འགྱུར་མ་གཉིས་ཞེས་པ་ནི་རྒྱ་འགྱུར་དང་བོད་འགྱུར་གཉིས་ལ་བཤད་ཀྱི་ཡོད། རྒྱ་འགྱུར་ལ་དེང་གི་བར་སྔ་རྗེས་སུ་འགྱུར་སུམ་ཅུ་སོ་བདུན་བྱུང་ཡོད་ཅིང་། འགྱུར་ཐོག་མ་དེ་ཕྱི་ལོ ༡༩༣༥ལོར་བྱུང་འདུག དེའི་ཁྲོད་དུ་འགྱུར་ཉི་ཤུ་རྩ་ལྔ་ལྷག་ཐེ་ཝན་ནས་དཔར་བསྐྲུན་བྱས་འདུག སྨྱུག་ཐོགས་པས་ཀློག་མྱོང་བའི་རྒྱ་འགྱུར་མ་དེ་ཧ་ལམ་ཕྱི་ལོ ༡༩༩༥ལོར་པེ་ཅིན་ནས་དཔར་བསྐྲུན་བྱས་པའི་འགྱུར་དེ་ཡིན་པ་འདྲ། གང་ལྟར་རྒྱ་ཡིག་ནང་འགྱུར་དེ་འདྲ་མང་བོ་ཞིག་ཐོན་ཡོད་ནའང་། སྨྱུག་ཐོགས་པར་ད་རེས་བོད་འགྱུར་མ་ཀློག་པ་ལྟ་བུའི་ཚོར་བ་ཞིག་བྱུང་ཐུབ་མ་སོང་། རེད་དེ་ཕྱིས་སུ་ཕྱི་གླིང་གི་འཚོ་བར་རྒྱུས་མངའ་ཅུང་ཟད་ལོན་ཡོད་པ་དང་ཕྱི་གླིང་བར་འབྲེལ་འདྲིས་གང་འཚམས་བྱུང་བ་དག་གཞོགས་འདེགས་ལྟ་བུར་གྱུར་ཡོད་པའང་བརྗོད་ཆོག་པ་ཞིག་ཡིན།

 

སྨྱུག་ཐོགས་པས“ཁེངས་དྲེགས་དང་ཕྱོགས་ལྷུང”ཀློག་པའི་གོ་རིམ་ཁྲོད་དུ་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་རེ་རེ་ཡི་དགའ་སྐྱོ་ཆགས་སྡང་དང་འདོད་འདུན་ཇི་མ་ཇི་བཞིན་དུ་བརྙན་འཕྲིན་ཟློས་གར་ལ་བལྟས་པ་ལྟར་སྣང་ངོར་ཤར་བྱུང་། དེ་དག་ནི་འགུལ་རིས་རེ་རེ་དང་སྤྱི་ཚོགས་ཤིག་གི་མཐོ་དམན་བར་གསུམ་གྱི་གྲུ་ག་རེ་རེ་ཡི་མཚོན་དོན་མི་སྣ་སྟེ། མི་སྣ་དེ་དག་གི་འགལ་འབྲེལ་བརྒྱུད་ནས་དུས་རབས་བཅོ་བརྒྱད་དང་བཅུ་དགུའི་འགོ་སྟོད་ཀྱི་དབྱིན་ཇིའི་འབྲིང་རིམ་སྤྱི་ཚོགས་ཀྱི་གནས་སྟངས་དང་། ཕོ་མོའི་བར་གྱི་བརྩེ་དུང་འགོག་རྐྱེན་དང་རང་ཚུགས་གདོང་ཐུག་ཁྲོད་དུ་སྤྱི་ཚོགས་རིས་མེད་དུ་འཕོ་བསྐྱོད་བྱེད་འགོ་ཚུགས་ཟིན་པའི་བསྡུས་གཟུགས་ཤིག་ཏུ་སྣང་ཡོང་། དེ་ལས་བོད་འགྱུར་མ་འདི་ལེགས་འགྲུབ་ག་ཚད་བྱུང་ཡོད་མེད་རྟོགས་སླ་བ་ཞིག་རེད།

 

“ཁེངས་དྲེགས་དང་ཕྱོགས་ལྷུང”རྒྱ་འགྱུར་མའི་ངོ་སྤྲོད་ཁྲོད་དུ་ལེའུ་དང་པོ་དང་ལེའུ་དྲུག་པའི་ནང་གི་བརྗོད་ཚིག་གྲགས་ཆེན་གཉིས་ལོགས་སུ་དྲངས་ཡོད་པ་རེད། རྒྱ་འགྱུར་དང་ཨ་ཤུལ་ཚེ་རིང་སྐྱིད་ཀྱི་བོད་འགྱུར་གཉིས་བསྡུར་གཤིབས་གཤམ་གསལ་ལྟར་ཡིན།

ལེའུ་དང་པོ།

       “It is a truth universally acknowledged, that a single man in possession of a good fortune, must be in want of a wife.”

凡是有钱的单身汉,都需要一位太太,这已经成了一条举世公认的真理。

 

“འབྱོར་ལྡན་གྱི་ཕོ་ཧྲེང་ཞིག་ལ་ཅིས་ཀྱང་ཆུང་མ་ཞིག་དགོས་པ་ནི་འཇིག་རྟེན་ཡོངས་གྲགས་ཀྱིས་ཁས་ལེན་པའི་བདེན་དོན་ཞིག་ཡིན། ”

 

ལེའུ་དྲུག་པ།

 

       “Happiness in marriage is entirely a matter of chance.”

婚姻的快乐与否纯属命運。

“བཟའ་ཚང་གི་འཚོ་བར་བདེ་སྐྱིད་ལྡན་མིན་ནི་ལམ་ལྷོང་བྱུང་མིན་གྱི་གནད་དོན་ཞིག་ཡིན། ”

 

སྨྱུག་ཐོགས་པས་འགྱུར་འདི་གཉིས་ལ་བསྡུར་གཤིབས་ཀྱིས་ཀློག་སྐབས། རྒྱ་འགྱུར་ལ་རྒྱ་ཡིག་རང་སྟེང་གི་ཉམས་དང་བོད་འགྱུར་ལ་བོད་སྐད་རང་གི་ཉམས་དངོས་སུ་ཐོན་འདུག ཡིན་ནའང་། འགྱུར་ཚིག་གཉིས་པ་དེ་བཞིན་བོད་འགྱུར་ལ་རྒྱ་འགྱུར་ལས་རྩོམ་ཉམས་དང་གོ་དོན་ཐོན་ཡོད་པར་སྣང་། དཔེར་ན། རྒྱ་འགྱུར་ནང་དུ“བཟའ་ཚང་གི་འཚོ་བར་བདེ་སྐྱིད་ལྡན་མིན་ནི་ལས་དབང་ཁོ་ནར་ཐུག་ཡོད”། དེ་ནི་མ་རྩོམ་དང་གོ་བ་ལོག་ཡོད་ཟེར་ནའང་མ་འགྲིག་པ་མེད། འདི་ནི་དཔེར་མཚོན་ཙམ་དྲངས་པ་ཡིན།

 

  ལོ་ཙཱ་ནི་གསར་རྩོམ་གཉིས་པ་ཡིན།

 

སྤྱིར་ཡིག་སྒྱུར་གྱི་ལས་ཀ་སྤྱི་དང་སྒོས་སུ་རྩོམ་རིག་ལོ་ཙཱ་ནི་གསར་རྩོམ་གཉིས་པ་ཡིན། འདི་ནས་གསར་རྩོམ་གཉིས་པ་ཟེར་དོན་ནི། གཅིག་ནས་བོད་སྐད་ནང་འབྲི་ཐུབ་དགོས་ལ། དེ་ལ་དོན་སྒྱུར་ཟེར་གྱི་ཡོད། གཉིས་ནས་ཐད་བསྒྱུར་དང་སྒྲ་བསྒྱུར་གཉིས་ཀྱང་བོད་སྐད་དང་ཆ་འདྲ་བ་ཡོད་དགོས། གསུམ་ནས་རྩོམ་རིག་ལོ་ཙཱ་ནི་སྒྱུ་རྩལ་བརྩམས་ཆོས་ཡིན་པས། ཚིག་གི་དག་ཆས་དོན་གྱི་གོ་བ་བཞེངས་བསྐྲུན་གྱིས་ཚིག་ཉུང་དོན་འདུས་དང་ཁ་མཚར་གྱིས་ཕྱུག་པའི་དོན་མང་ལྷུ་འགྲིག་ཅིག་ཡོང་ཐུབ་དགོས་ཀྱི་ཡོད།

 

“ཁེངས་དྲེགས་དང་ཕྱོགས་ལྷུང”བོད་འགྱུར་ཁྲོད་དུ་དཔེར་མཚོན་གང་མང་ཞིག་ཡོད། དཔེར་ན།

ལེའུ་དང་པོའི་ནང་དུ།

 

“འབྱོར་ལྡན་གྱི་ཕོ་ཧྲེང་ཞིག་ལ་ཅིས་ཀྱང་ཆུང་མ་ཞིག་དགོས་པ་ནི་འཇིག་རྟེན་ཡོངས་གྲགས་ཀྱིས་ཁས་ལེན་པའི་བདེན་དོན་ཞིག་ཡིན། དེ་ལྟ་བུའི་སྐྱེས་པ་ཞིག་ཐོག་མར་གྲོང་པར་འབྱོར་དུས་ཁྱིམ་མཚེས་གཡས་གཡོན་ཚོས་ཁོང་གི་སེམས་ཚོར་ཅི་ཡིན་ཆ་མ་འཚལ་རུང་། བདེན་དོན་དེ་ལ་ཡིད་ཆེས་བརྟན་པོ་བྱས་ནས་ཁོང་ནི་ཁོང་ཚང་གི་བུ་མོ་གང་རུང་ཞིག་ལ་ཐོབ་དབང་ཡོད་པའི་རྒྱུ་ནོར་ཞིག་ཡིན་པར་ཆ་འཇོག་བྱས། ”

 

འདི་ནི་མ་གཞི་སྒྲུང་འགོ་འཛུགས་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད་ལ། བོད་འགྱུར་ནང་དུའང་ཀློག་མཁན་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་རིགས་མ་ཤོར་བར་རོལ་མྱོང་བྱེད་དུ་འཇུག་ཐུབ་ཡོད།

 

ཡང་ལེའུ་བཞི་པའི་ནང་དུ། མོ་གཞོན་ཞིག་ཕོ་གཞོན་ཞིག་ལ་སེམས་པ་ཤོར་བཞིན་པའི་སེམས་ཚོར་འདི་ལྟར་བྲིས་ཡོད། “ཁོང་ནི་དངོས་འབྲེལ་ཡོད་ཚད་འཛོམས་པའི་ཕོ་གཞོན་ཞིག་རེད་འདུག སྤྱང་གྲུང་འཛོམས་པ་དང་ལྷན་དུ་ཉམས་མཚར་ཞིང་གསོན་ཉམས་དོད་པས། ངས་ནམ་ཡང་དེ་འདྲའི་ཉམས་དགའ་བའི་སྤྱོད་ལམ་ཞིག་མཐོང་མ་མྱོང་། བག་ལྷོད་པོ་དང་ལྷན་དུ་དེ་འདྲའི་སྐྱོན་གྱིས་མ་གོས་པའི་སྤྱོད་བཟང་ཞིག”

 

རྒྱའི་གཏམ་དཔེར། “དགའ་བོའི་མིག་ནང་མཛེས་མ་ཤིས་ཧྲི(རྒྱ་ནག་གི་མཛེས་མའི་ཚབ་མཚོན་མི་སྣ་ཞིག)འབྱུང”ཟེར་བ་ལྟར། གོང་བཀོད་ཚིག་དུམ་དེའི་ནང་དུ་ཕན་ཚུན་ལ་སེམས་པ་ཤོར་བཞིན་པའི་སྐྱེས་པ་དང་སྐྱེས་མ་སུ་ཞིག་ཡིན་ནའང་། ཕ་རོལ་བོ་དེ་ཧ་ཅང་སྣང་བར་འགྲོ་བའི་རྣམ་པ་དང་སེམས་ཚོར་ཇི་མ་ཇི་བཞིན་དུ་བོད་སྐད་ལྟར་ཐོན་ཡོད། དེ་ག་ནང་བཞིན་ཡག་གི་ཁ་ལ་རྒྱན་གྱི་དཔེ་ལྟར་ཚིག་མཇུག་དེར“སྤྱོད་བཟང་ཞིག་ཨང”ཞེས་ཨང་སྒྲ་ཞིག་སྦྱར་ཡོད་ཚེ་དེ་ལས་ཀྱང་གསོན་ཉམས་དོད་པར་གོར་མ་ཆག

 

ལེའུ་དྲུག་པའི་ནང་དུ་མི་སྣ་གཉིས་ཀྱི་བར་དུ་བྱུང་བའི་ཁ་བརྡ་ལས་སྤྱི་ཚོགས་མཐོ་དམན་བར་གྱི་བསམ་བློ་འཛིན་སྟངས་མངོན་ཡོད། དཔེར་ན། “ཏན་ཏན་རེད། སྐུ་ངོ་ལགས། སྟབས་ཡག་སྟེ་ཞབས་བྲོ་ནི་དམའ་རིམ་སྤྱི་ཚོགས་སུ་ཡང་དར་ཁྱབ་ཆེན་པོ་རེད་འདུག ཤེས་དམན་ཚོས་ཀྱང་ཞབས་བྲོ་རྒྱག་ཤེས་ཀྱི་འདུག”འདི་ནི་བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་སྐུ་དྲག་ཌར་སིིའི་སྐད་ཆ་རེད་ལ། བོད་སྐད་ནང་དུ་དེ་ལུགས་ཀྱི་གོ་དོན་ཇི་བཞིན་ཐོན་ཡོད། དེ་མིན་ད་དུང་དཔེར་མཚོན་མང་མོད། འདི་ནས་མང་བོ་དྲངས་རྒྱུ་མིན།

 

༣ ཉམས་འཇོག་གཅིག་དང་རེ་བ་གཉིས།

 

དཔེ་ཀློག་དཔྱད་བརྗོད་པ་ཞིག་ཡིན་ན། མར་གྱི་ནང་གི་སྤུ་བསལ་མཁན་ལྟ་བུ་ཞིག་ཡིན་དགོས། རྒྱུ་མཚན་ནི་མི་ཚང་མ་ག་ལེར་རྫོགས་འགྲོ་མོད། ཤུལ་ལུས་ཀྱི་དཔེ་དེབ་ཡོད་ཚད་བསྐལ་བ་མ་སྟོང་བར་དུ་ལྷག་རྒྱུ་ཡིན་པ་དེ་རེད། མ་གཞི“ཁེངས་དྲེགས་དང་ཕྱོགས་ལྷུང”བོད་འགྱུར་མ་དང་པོ་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ནའང་། འབྱུང་འགྱུར་དཔར་ཐེངས་གཉིས་པར་འཇུག་སྐབས། ད་ལྟ་ལས་ཀྱང་ཡར་རྒྱས་གཏོང་དགོས་པར་ཉམས་འཇོག་གནང་རོགས།  འདི་ནི་ལོ་ཙཱ་བ་གཅིག་པུའི་འགན་མིན། ལོ་ཙཱ་བ་དེབ་ཧྲིལ་བོར་བྱང་ཆ་སོང་ཡོད་པས། ཆུང་ཚེགས་རིགས་མི་མཐོང་བའི་དཀའ་ངལ་ཏན་ཏན་ཡོད་ལ། རྩོམ་སྒྲིག་པ་ཚོར་འགན་ཆེན་པོ་ཡོད། དཔེར་ན། སྨྱུག་ཐོགས་པས་ཀློག་སྐབས་ལེའུ་བཅུ་གཅིག་ནང་གི་ཚིག་ཕྲེང་ཁ་ཤས་ལ་གསལ་ཆ་ཆེར་ཐོན་མེད་པའི་ཚོར་སྣང་སླེབས་སོང་། དེ་མིན་ད་དུང་ལེའུ་མ་འདྲ་བ་ཁ་ཤས་ནང་དུ་ཚིག་ཕྲེང་རེ་འགའ་དེ་འདྲ་གསལ་བོ་མིན་པའམ། གོང་འོག་གི་མཐུད་སྦྱོར་ཆ་འགྲིག་ཡང་འགྲིག་ཅིག་ཡོང་མི་འདུག་བསམ་སའང་ཁ་ཤས་ཤིག་འདུག་སྙམ། དེ་ཕྱོགས་གཅིག་ཡིན།

 

རེ་བ་དང་པོ་ནི་བརྩམས་སྒྲུང་ནང་གི་མི་སྣའི་མིང་ཐོ་བོད་དབྱིན་ཤན་སྦྱར་གྱིས་དཔེ་དེབ་མཇུག་ཏུ་བཀོད་འོས། དེ་ལྟར་ཀློག་མཁན་ཡོངས་དང་སྒོས་སུ་བོད་ཡིག་གཅིག་པུ་ཀློག་མཁན་ཚོར་གོ་བ་དཔྱིས་ཕྱིན་པ་ཞིག་ལེན་པར་རོགས་ཕན་ཤིན་ཏུ་ཆེ།

 

རེ་བ་གཉིས་པ་ནི་བརྩམས་སྒྲུང་ནང་གི་མི་སྣའི་བར་གྱི་འབྲེལ་ལམ་དབྱིབས་རིས་ཤིག་ཀྱང་བཟོས་ནས་དེབ་མཇུག་ཏུ་འགོད་འོས། དཔེར་ན། གཤམ་གྱི་དབྱིན་ཡིག་མ་ཕྱི་འདི་བོད་བསྒྱུར་བྱེད་དགོས་པ་དེ་ཡིན།

དབྱིབས་རིས་འབྱུང་ཁུངས། https://zh.wikipedia.org


གོང་བཀོད་རེ་བ་དེ་གཉིས“ཁེངས་དྲེགས་དང་ཕྱོགས་ལྷུང”བོད་འགྱུར་མ་གཅིག་པུའི་དཔར་ཐེངས་གཉིས་པ་ཙམ་མ་ཡིན་པར་ལ་རྩེ་དཔེ་མཛོད་ཁང་གི“འགྱུར་བརྒྱ་རྩ་བརྒྱད”ཀྱི་ལས་གཞི་ཡོངས་ལ་འདོན་གྱི་ཡོད།

 

མཇུག་འཕྲོས།

 

དཔེ་དེབ་ཀློག་པ་ནི་འཚོ་བ་གསར་བ་ཞིག་ལ་ཟབ་ཞུགས་ཡིན་པས། གཞུང་ལུགས་བརྩམས་ཆོས་ཡིན་ན་ཆོག སྒྱུ་རྩལ་བརྩམས་ཆོས་ཡིན་ནའང་འདྲ། མྱོང་བ་མ་འདྲ་བ་དང་ཤེས་བྱ་མ་འདྲ་བ་ལེན་ཐུབ། དེ་བས། དཔེ་ཀློག་ནི་གྲངས་ཀ་གསོག་ཆེད་མ་ཡིན་པར་དཔེ་དེབ་རེ་རེ་ཡི་འབྲི་ཐབས་དང་མི་སྣའི་སྐད་ཆ་བཤད་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་དེ་གནད་འགག་ཆགས་ཡོད། ལོ་ཙཱ་བ་ཨ་ཤུལ་ཚེ་རིང་སྐྱིད་ལགས་ཀྱི་བོད་འགྱུར་བརྩམས་ཆོས“ཁེངས་དྲེགས་དང་ཕྱོགས་ལྷུང”ལས་དབྱིན་ཡིག་གི་བརྩམས་སྒྲུང་གྲགས་ཅན་འདིའི་ནང་གི་མི་སྣ་གསར་བཞེངས་དང་མི་སྣ་ཕན་ཚུན་བར་གྱི་ཁ་བརྡ་བརྒྱུད་ནས་མི་གཤིས་བཞེངས་སྟངས། ལྷག་པར་དུ་སྐྱེས་མ་ཚོ་ཕན་ཚུན་བར་གྱི་ཁ་བརྡ་ནི་ཆུང་དུས་སུ་འབྲོག་མོ་ཚོའི་སྐྲ་བསླ་ས་ནས་ཐོས་ཐུབ་པའི་གཏམ་རྒྱུད་ལྟ་བུར་སྣང་སྟངས། གློ་བུར་དང་ཐོལ་བྱུང་གི་དོན་རྐྱེན་བསྟར་ལ་བརྒྱུས་པའི་སྒྲུང་གི་འཕེལ་རིམ་ལས་ཀློག་མཁན་ལ་མཚམས་འཇོག་འདུན་མེད་པའི་སྣང་བ་བསྐྲུན་ཐུབ་ཡོད་པ་བཅས་འབུར་དུ་ཐོན་ཡོད་པས། བོད་ཡིག་གི་རྩོམ་སྟེགས་སུ་རྩོམ་རྩལ་གསར་བ་ཞིག་ཁ་སྣོན་ཏེ། སྒོས་སུ་མི་སྣའི་ཁ་བརྡ་བརྒྱུད་ནས་མི་གཤིས་ཕྱི་ལ་མངོན་སྟངས་སམ་སེམས་ཁམས་ཞིབ་འབྲི་བྱེད་སྟངས་ཀྱི་ལག་སྐྱེས་གྱ་ནོམ་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ་བ་ཞིག་ཏུ་འདོད། ད་དུང་བོད་ཡིག་གི་ཚེ་སྲོག་བསྲིངས་སྟངས་ལ་དོན་གྱིས་ཕན་གྱི་ཡོད་པ་རྩོམ་འཁྱོག་འདི་འགོ་འཛུགས་དུས་ཞུས་ཟིན་པ་ལྟར་ཡིན།


ཁེངས་དྲེགས་དང་ཕྱོགས་ལྷུང་གི་དེབ་འདི་ནས་ཕབ་ལེན་བྱེད་ཐུབ།

 

ཕྱི་ལོ ༢༠༢༡ལོའི་ཟླ༠༢ཚེས༡༦ཉིན་ཨོ་སི་ཁྲི་ལི་ཡ་ནུབ་མ་ནས་རྩོམ་མཇུག་བསྡུས།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post