བོད་རིགས་མགོ་ཁྲིད་ཅིག་གིས་ཏང་ལ་དད་སེམས་ཉམས་པ་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པས་ཏང་གི་སྐྱིད་སྡུག་ཟེར་བ་ནས་ཕུད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྟ་བཤེར་ཁང་གིས། བོད་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་ཁང་གི་མགོ་གཙོ་གཞོན་པ་དང་ལྟ་ཞིབ་མགོ་ཁྲིད། བོད་མི་བློ་བཟང་ཚེ་རིང་ཟེར་བ་ཞིག་ལ་ཞིབ་བཤེར་བྱས་པ་བརྒྱུད། བོད་རིགས་མགོ་ཁྲིད་དེས་ཏང་ལ་དད་སེམས་ཉམས་པ་དང་ཏང་གི་ཕུགས་བསམ་ལས་འགན་རྒྱབ་ཏུ་སྐྱུར་བས། གཏན་འབེབས་དོན་ཚན་བརྒྱད་གཙོའི་རྒྱ་ནག་གི་སྒྲིག་ཁྲིམས་ལྟར། ལས་གནས་དང་ཏང་གི་སྐྱིད་སྡུག་ཟེར་བ་སོགས་ནས་ནས་ཕུད་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་བློ་བཟང་ཚེ་རིང་ཟེར་བས་ལ་ཏང་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ།
མི་གཞན་དང་ལྐོག་འབྲེལ་ཁ་མཐུན་བྱས་ཏེ་དཔྱད་གཞི་རྫུས་མ་བཟོས་པ་དང་ཞིབ་བཤེར་སྐབས་ངོ་རྒོལ་བྱས་པ།
མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་དྲང་པོ་མ་ཞུས་པ། སྒྲིག་འགལ་ངང་སྤྱི་པའི་དངོས་པོ་སྒེར་གྱིས་ཡུན་རིང་སྤྱད་པ།
མི་གཞན་དང་ཚུལ་མིན་གྱི་ལུས་འབྲེལ་བྱས་པ། ལས་གནས་བེད་སྤྱད་ནས་མི་གཞན་གྱི་ལག་ནས་ཁེ་ཕན་ཐོབ་ཐབས་བྱས་པ།
ཁྲིམས་འགལ་ངང་རྒྱུ་ནོར་ཧ་ཅང་མང་པོ་བླངས་བ་སོགས་ཀྱི་ནག་ཉེས་ཡོད་སྐོར་བརྗོད་འདུག
ཡང་ བློ་བཟང་ཚེ་རིང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།
ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྒྱ་ནག་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས།
སྤྱོད་གཙང་གི་སྒྲིག་ཁྲིམས། ལས་དོན་གྱི་སྒྲིག་ཁྲིམས་བཅས་ལས་འགལ་བ་དང་། ལས་གནས་ཁྲིམས་འགལ་དང་ལྐོག་ལེན་ཉེས་གསོག་གི་དོགས་པ་ཡོད་པ་མ་ཟད།
གཞུང་གི་ལས་གནས་ནས་ཕྱིར་ཕུད་དང་། སྒྲིག་འགལ་ཁྲིམས་འགལ་ངང་བླངས་པའི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་སྐོར་བཀོད་འདུག
རྒྱ་ནག་གཞུང་གིས་ནམ་རྒྱུན་གྲངས་ཉུང་མི་རིགས་ཁག་གི་མགོ་ཁྲིད་མང་པོ་ཞིག་ལ་ཏང་གི་དད་སེམས་ཉམས་ཡོད་སྐོར་གྱི་ནག་ཉེས་གཡོག་ནས་ཉེས་ཆད་གཅོད་བཞིན་ཡོད་པ་དང་།
དད་སེམས་ཉམས་པ་ནི་མི་དེས་རྒྱ་ནག་གཞུང་གི་འདོད་མོས་ལྟར་ལས་དོན་མ་བྱས་པ་དང་། ཡང་ན་ཆོས་ལུགས་ལ་དད་པ་དང་མཇལ་སྐོར་སོགས་སུ་སོང་བས་ཉེས་ཆད་དེ་གཡོག་བཞིན་ཡོད་པ་དང་།
འདི་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་མགོ་འཁྲིད་གཞོན་པ་བསོད་ནམས་རྒྱལ་ལ་ཡང་།
ཏང་ལ་དད་སེམས་ཉམས་སྐོར་བརྗོད་ནས་ཏང་ནས་ཕྱིར་ཕུད་བཏང་ཡོད་ཀྱང་། རྗེས་སུ་ཁོ་ལ་ཞིབ་བཤེར་བྱེད་དོན་མི་སྒེརཏ་ངོས་ནས་ཆོས་ལ་དད་པ་བྱས་པས་ཡིན་སྐོར་བརྗོད་པ་རེད།
ཉེ་སྔོན་རང་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་ཆོས་ལུགས་ལས་དོན་སྐོར་གྱི་ཚོགས་འདུ་ཟེར་བའི་སྟེང་།
རང་སྐྱོང་ལྗོངས་ཀྱི་དཔར་ཤོག་དྲུང་ཆེ་ཝེ་དབྱང་ཟེར་བས། ཕྱི་ལོ་ ༢༠༢༡ ལོར་བོད་རང་སྐྱོང་ལྗོངས་ཀྱིས་གནད་དོན་ཆེན་པོ་
༥ ཤུགས་སྣོན་རྒྱག་དགོས་སྐོར་བཤད་པའི་ནང་། ཏང་ཡོན་ཚོས་བསམ་པ་རྣམ་དག་གིས་ཆོས་ལུགས་དད་མོས་གཡུག་དགོས་པ།
ཏང་གི་དར་ཆ་འཕྱར་ནས་མངོན་གསུམ་གྱིས་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ། ནང་བསྟན་ཀྲུང་གོ་ཅན་ལ་སྒྱུར་བར་ཕྱོགས་ཡོངས་ནས་རོགས་རམ་དང་།
མཐའ་མཚམས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ་སོགས་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེ་སྔ་ནས་གྲངས་ཉུང་མི་རིགས་ཁག་གི་མགོ་འཁྲིད་གཙོའི་དམར་ཤོག་ཚོགས་མི་ཚོས། ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པའི་གནས་ཚུལ་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ གཉིས་སུ་བོད་ས་ཡོངས་སུ་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་དང་འབྲེལ། ཆོས་དད་བྱེད་མཁན་གྱི་ཏང་ཡོན་དང་ལས་བྱེད་ཚོ་ཡང་ནག་འཇོམས་ངན་སེལ་ལས་འགུལ་ནང་བཅུག་སྟེ། ཉེས་ཆད་གཅོད་པ་དང་ཏང་ནས་ཕུད་པ་སོགས་ཤུགས་ཆེར་བྱས་ཡོད་པ་དང་། སྔར་ལོའི་ལོ་ཕྱེད་ནང་བོད་རང་སྐྱོང་ལྗོངས་ནང་ཆོས་དད་བྱེད་མཁན་མི་གྲངས་ ༡༥༠ རྩད་ཆོད་དང་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།