མཱ་ཡུན་”བོར་བརླག་”གི་རྒྱུ་རྐྱེན་གླེང་བ།

ཟླ་བ་ཚེ་རིང་།


(རྒྱ་ནག་གི་ཕྱུག་བདག་མཱ་ཡུན་”བོར་བརླག་”ཏུ་ཕྱིན། གནད་དོན་དབྱེ་ཞིབ་པ་ཁྲང་ཕིན་() གྱི་དགོངས་ཚུལ་ལྟར་ན། མཱ་ཡུན་རྩ་མེད་གཏོང་བར་རྔམ་པའི་རྒྱ་ནག་གི་དབང་འཛིན་པ་ཚོའི་རེ་འདོད་དེ་འགྲུབ་པར། མཱ་ཡུན་ཁོ་རང་ངོས་ནས་ཀྱང་དེའི་མཐུན་རྐྱེན་མི་ཉུང་བ་ཞིག་བསྒྲུབས་ཡོད་པར་འདོད། མཱ་ཡུན་”བོར་བརླག་”ཐད་བོད་པའི་སྤྱི་ཚོགས་དྲ་ལམ་ནའང་དོ་སྣང་ཤུགས་ཆེན་བྱེད་པ་མཐོང་། འོན་ཀྱང་ཞིབ་ཚགས་ཤིག་ཤེས་མཁན་དང་བཤད་མཁན་ཉུང་སྟབས། འཇར་མན་རླུང་འཕྲིན་གྱི་དྲ་ངོས་སུ་སྤེལ་བའི་རྒན་ཁྲང་ཕིན་ལགས་ཀྱི་དཔྱད་བརྗོད་འདི་བོད་ཡིག་ནང་དོན་བསྒྱུར་བྱས་པ་ཡིན།)


མཱ་ཡུན་དུས་རྒྱུན་སྡིངས་ཆའི་སྟེང་བུད་ནས་རང་ཉིད་ངོམ་སོ་བྱེད་པར་ཤིན་ཏུ་དགའ། “ཚོང་ལས་སྡེ་ཁག་གི་ཕྱུག་བདག་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་ཅིང་། འཛམ་གླིང་གི་ཆེས་མཐོའི་དཔོན་རིགས་ཚོ་དང་མཉམ་དུ་མཇལ་འཕྲད་བྱེད། འདི་ལ་དྲྭ་དམངས་ཚོས་དགེ་རྒན་མཱ་ཡུན་གྱི་ཐུན་མིན་ཁྱད་ཆོས་རེད་ཟེར།” དེས་ག་ལ་ཚད། ཁོས་ད་དུང་གློག་བརྙན་ལས་རིགས་ལ་མ་དངུལ་བཏང་ནས་རང་ཉིད་དྲག་རྩལ་མཁན་པོ་འཁྲབ་ཅིང་། རོལ་དབྱངས་རུ་ཁག་ལ་ཞལ་འདེབས་བྱིན་ནས་རང་ཉིད་རོལ་མོའི་བཀོད་འདོན་པ་བྱས། དར་སྲོལ་གཞས་མ་ཝང་ཧྥེ་(王菲)དང་ལྷན་དུ་གླུ་གཞས་མཉམ་ལེན་བྱས་ཤིང་། རྒྱུ་རྩལ་བ་ཙིན་ཁྲོའུ་ཀྲི་(曾梵志)དང་ལྷན་དུ་རི་མོ་མཉམ་འབྲི་བྱས།   དེ་ལྟར་ཡང་།  འདས་པའི་ཟླ་བ་གཉིས་ཙམ་རིང་ཁོ་ཚང་མའི་མཐོང་ལམ་དུ་མ་མངོན་ཞིང་རྣ་ལམ་དུ་གོ་རྒྱུ་མེད་པས་མི་ཚད། དེ་སྔ་ནས་ལས་རིམ་བསྒྲིགས་ཟིན་པའི་མཛད་སྒོ་གལ་ཆེན་ཞིག་གི་སྟེང་མ་ཡོང་བ་དེས། གསར་འགྱུར་བརྒྱུད་ལམ་ཁག་ལ། ཁོ་”བོར་བརླག་”ཕྱིན་པར་ཡིད་ཆེས་རྙེད་དུ་བཅུག་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ ཉིན། མཱ་ཡུན་གྱིས་ཧྲང་ཧེའི་འཛམ་གླིང་དངུལ་རྩའི་གླེང་སྟེགས་སྟེང་གཏམ་བཤད་བྱེད་སྐབས། ཁོས་རྒྱ་ནག་གཞུང་གིས་དངུལ་རྩའི་ལས་རིགས་ལ་སྟངས་འཛིན་བྱེད་བཞིན་པར་སྐྱོན་བརྗོད་བྱས། ཁོས་”རྒྱ་ནག་ནི་དངུལ་རྩའི་མ་ལག་གི་ཉེན་ཁ་གང་ཡང་མིན”ཞེས་དང་། “རྒྱ་ནག་གི་དངུལ་རྩ་ལ་གཞི་རྩའི་ཆ་ནས་མ་ལག་གི་གྲུབ་ཆ་གང་ཡང་མེད་”ཅེས་བརྗོད་པ་མ་ཟད། ཁོས་རྒྱ་ནག་གི་དངུལ་ཁང་ད་དུང་ཡང་”གཏའ་མར་འཇོག་ཁང་གི་བསམ་བློའི་”རྒྱ་ལས་བརྒལ་མེད་ཅིང་། དེས་ཁེ་ལས་བ་མང་བོ་ཞིག་ལ་གནོད་སྐྱེལ་ཡོད་པར་བརྗོད་འདུག བཤད་ཚུལ་ལ་ཁོའི་གཏམ་བཤད་དེས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོར་ཕོག་ཐུག་བཏང་ཡོད་འདུག ཡུན་རིང་མ་འགོར་བར། རྒྱ་གཞུང་གིས་མཱ་ཡུན་གྱིས་རྐང་འགན་འཁུར་ནས་གཉེར་བའི་གྲོག་མ་ཚོང་ལས་སྡེ་ཁག་(Ant Group)གི་མ་འཛུགས་དེབ་སྐྱེལ་(IPO)མཚམས་འཇོག་བྱེད་དུ་བཅུག་ཅིང་། གཞུང་ངོས་ནས་མཱ་ཡུན་གྱིས་གསར་གཏོད་བྱས་པའི་ཨ་ལེ་བྟ་བྷ་ཚོང་གཉེར་སྡེ་ཁག་(Alibaba Group)ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུའི་གསལ་བསྒྲགས་སྤེལ།

དབྱིན་ཇིའི་སྐད་ཡིག་དགེ་རྒན་ཕལ་བ་ཞིག་ནས་འཛམ་གླིང་ནང་སྙན་གྲགས་འབར་བའི་ཕྱུག་བདག་ཆེན་མོ་ཞིག་ཏུ་གྱུར་པའི་མཱ་ཡུན་གྱི་རྒྱལ་ཁ་དང་ལེགས་གྲུབ་ནི་བློ་དོགས་མེད་པ་ཞིག་རེད། ཡིན་ཡང་། འབྱོར་ཕྱུག་ལོངས་སྤྱོད་ཀྱིས་གནམ་ས་ཁེངས་ཤིང་། སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་ནས། མི་ཆེན་དཔོན་རིགས་ལ་འབྲེལ་འདྲིས་ཟབ་ནའང་། དེ་དག་གིས་མཐའ་མཇུག་ཁོ་རང་སྐྱོབ་ཐུབ་མེད། སྲིད་གཞུང་གི་དབང་ཤུགས་མདུན་ནས། མཱ་ཡུན་ཡང་ཆེས་དམའ་རིམ་གྱི་རྒྱ་རིགས་ཕལ་བ་ཚོ་དང་འདྲ་བར། གཞུང་འབྲེལ་གྱི་བརྡ་ལན་དང་ཁྲིམས་རྩོད་པའི་འབྲེལ་གཏུགས་གང་ཡང་མེད་པར། སེམས་ཆུང་མ་བྱས་ཚེ་”བོར་བརླག་”ལ་འགྲོ་ཆོག་ཆོག་ཡིན། གལ་ཏེ། སྲིད་གཞུང་གི་དགོས་མཁོར་ཐུག་ཚེ། མཱ་ཡུན་ཡང་མིན་ཐེན་ཞི་(明天系)ཡི་འགན་འཛིན་ཕྱུག་བདག་ཞའོ་ཅན་ཧྭ་(肖建)ལྟར། མགོ་ལ་ཉལ་རས་གཡོགས་ནས་མགྲོན་ཁང་ནས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་འགྱུར་སྲིད་ལ། ཏ་ལིན་ཧྲི་ཏིག་(连实 )གི་ཚོང་དཔོན་ཕྱུག་བདག་ཞིས་མིན་(徐明)ནང་བཞིན། གསང་བའི་ངང་ཁྲིམས་ཐག་བཅད་རྗེས་བཙོན་ཁང་ནས་ཚེ་སྲོག་ཤོར་མི་སྲིད་པ་ཡང་མིན།

རྒྱ་རིགས་ཕལ་བ་ཚོ་དང་མི་འདྲ་ས་ནི། མཱ་ཡུན་གྱིས་གཞན་ལ་མེད་པའི་རང་གི་རྣམ་དཔྱོད་དང་། གཞན་ལས་བརྒལ་བའི་རང་གི་འཚོ་གནས་འདོད་རྔམ་སྤྱད་ནས། རྒྱ་ནག་གཞུང་ལ་མི་ཆོས་དང་ལས་འབྲས་ལས་བརྒལ་བའི་སྣོག་ལས་མང་བོ་ཞིག་འགྲུབ་པར་རོགས་ཕན་སྒྲུབ་ཡོད་པ་དེ་ཡིན། ཁོའི་བྱེད་སྟངས་དེ་ལ་དེང་རྒྱ་ནག་ནང་”འཚོ་གནས་རྣམ་དཔྱོད་”དུ་འབོད་ཅིང་། རང་གི་སྙན་གྲགས་དང་སྡིངས་ཆ་སྤྱད་ནས་འཛམ་གླིང་ནང་རྒྱ་ནག་དྲིལ་བསྒྲགས་བྱེད་པ་སོགས་ལ་གོ་བ་ཡིན། དེར་བརྟེན། ཁོ་རྩ་མེད་གཏོང་བར་རྔམ་པའི་རྒྱ་ནག་གི་དབང་འཛིན་པ་ཚོའི་རེ་འདོད་དེ་འགྲུབ་པར། མཱ་ཡུན་རང་ངོས་ནས་ཀྱང་བྱས་རྗེས་སམ་རྒྱུ་རྐྱེན་དུ་མ་བསྐྲུན་ཡོད་པ་རེད།

“མཐོང་ཡང་མ་མཐོང་ཁུལ་བྱེད་པ།”

ལོ་ངོ་སོ་གཅིག་གི་ཡར་སྔོན་དུ། རྒྱ་ནག་ནང་སྤྱི་སྙོམ་དྲང་བདེན་གྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པར་གོ་སྐབས་བྱུང་མྱོང་། ཕྱི་ལོ ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་ནི་གོ་སྐབས་དེ་ཡིན། ལྕགས་ཁྲབ་འཁོར་ལོས་དྲག་གནོན་བྱས་པའི་དམངས་གཙོའི་ལས་འགུལ་ཐད། ཕྱི་ལོ་ ༢༠༡༣ ཟླ་ ༧ <<རྒྱ་ནག་ལྷོ་ཕྱོགས་ཞོགས་འཕྲིན་>>()གྱི་ཆེད་སྒྲིག་བཅར་འདྲིའི་སྐབས། མཱ་ཡུན་གྱིས་”ཏིང་ཤོ་ཕིན་[དྲུག་བཞིའི]དོན་རྐྱེན་སྐབས། རྒྱལ་ཁབ་ཀྱི་ཆེས་མཐོའི་ཐག་གཅོད་པ་ཡིན་པའི་ངོས་ནས། ཁོས་གལ་ཆེན་དུ་འཛིན་རྒྱུ་ནི་བརྟན་བརླིང་རེད། ཁོས་ངེས་པར་དུ་གདུག་རྩུབ་ཆེ་བའི་ཐག་གཅོད་དེ་རིགས་བྱེད་དགོས་པ་རེད། ཐག་གཅོད་དེ་འཐུས་ཚང་སྐྱོན་མེད་ཅིག་མིན་ནའང་། ཧ་ཅང་གི་ཐག་གཅོད་ཡང་དག་ཅིག་རེད། སྐབས་དེར་མཚོན་ན་ངོ་མ་ཐག་གཅོད་ཡང་དག་ཅིག་རེད་”ཅེས་བརྗོད་ཡོད།

རྗེས་སུ་མཱ་ཡུན་གྱིས་གསར་འགོད་པས་རང་གི་ཞེ་འདོད་ངོ་མ་ལ་ལོག་འགྲེལ་བྱས་ཚུལ་བཤད། ཡིན་ཡང་ཁོའི་ཞེ་འདོད་ངོ་མ་ནི་དེ་འདྲའི་གོ་བ་ལོན་ཁག་པོ་ཞིག་མིན། ལྷག་པར་དུ་ཁོས་བཅར་འདྲིའི་ནང་རྒྱ་ནག་གཞུང་གིས་དྲ་རྒྱ་དམ་དྲག་སྐོར་བཤད་སྐབས། “རྒྱ་ནག་ནི་འགྲན་ཟླ་བྲལ་བ་ཞིག་རེད། དྲ་རྒྱ་སྟངས་འཛིན་ཐད་ཧ་ཅང་གི་ཆུ་ཚད་ལྡན་པ་ཞིག་རེད་”ཅེས་བསྟོད་བསྔགས་བྱས་ཡོད། མ་ཟད་དེ་རྗེས་ཀྱི་ཁོའི་གཏམ་བཤད་ཁག་གིས་ཀྱང་གསར་འགོད་པས་ཁོ་ལ་བསྐུར་འདེབས་བྱས་མེད་པ་བདེན་དཔང་བྱས་ཡོད།

ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་། ངས་<<རྒྱ་ནག་ལྷོ་ཕྱོགས་ཞོགས་འཕྲིན་>>གྱི་ཆེད་སྒྲིག་ལེ་ཚན་ནང་རྩོམ་ཡིག་སྤེལ་མགོ་བཙུགས་ཤིང་། རྒྱ་ནག་གི་སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཆབ་སྲིད། དྲུག་བཞིའི་དོན་རྐྱེན་ཚུད་པའི་གནད་དོན་ཁག་གི་ཐད་གླེང་སློང་བྱས་པ་ཡིན། ཕྱི་ལོ་ ༢༠༡༥ ཟླ་ ༦ པར་སླེབས་སྐབས། ང་ལ་རྩོམ་སྒྲིག་པའི་འཕྲིན་ཡིག་ཅིག་འབྱོར་ཞིང་། གསར་ཤོག་གི་དཔར་གཞི་ལ་བཅོས་སྒྲིག་ལས་དོན་གྱི་དབང་གིས་ད་ནས་ངའི་ཆེད་སྒྲིག་ལེ་ཚན་དེ་སྤེལ་མཚམས་འཇོག་དགོས་ཚུལ་བརྗོད་འདུག མ་ཟད་དུས་རྒྱུན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་རྩོམ་པ་པོ་ཁག་ཅིག་གི་ཆེད་སྒྲིག་ལེ་ཚན་ཡང་”བཅོས་སྒྲིག་”བྱས་ཚར་འདུག རྗེས་སུ་ང་ཚོས་ཤེས་རྟོགས་བྱུང་བ་ནི། ཏག་ཏག་སྐབས་དེར་མཱ་ཡུན་གྱིས་གསར་ཤོག་དེ་ཉོ་ཆེད་ཕན་ཚུན་གྲོས་མོལ་བྱེད་སྒང་ཡིན་འདུག ངས་དོན་དག་འདི་གཉིས་བར་གྱི་འབྲེལ་བ་གསལ་བོ་མ་ཤེས་སྔོན་ལ། མཱ་ཡུན་གྱིས་སྐད་གསེང་མཐོན་པོས་”ངས་དབྱིན་ཡིག་སློབ་ཁྲིད་བྱེད་ཤེས་པ་ཙམ་མ་ཟད། གསར་འགྱུར་ལའང་སློབ་ཁྲིད་བྱེད་ཤེས་” ཞེས་བརྒྱུད་ལམ་ཁག་ཏུ་བསྒྲགས།

<<རྒྱ་ནག་ལྷོ་ཕྱོགས་ཞོགས་འཕྲིན་>>ཉོས་རྗེས་ཀྱི་ལོ་དང་བོའི་ཚོགས་འདུའི་སྐབས།  མཱ་ཡུན་སྡིངས་ཆའི་སྟེང་བུད་ནས་གཏམ་བཤད་བྱས། ཁོས་བཤད་རྒྱུར། “ཚང་མས་ཏཱ་ལའི་བླ་མ་དང་ཆོས་འཁོར་སྒོམ་སྒྲུབ་ལ་རྒྱལ་ནང་ནས་གནོད་འཚེ་ཅི་ཙམ་ཕོག་ཡོད་པ་ཤེས་གསལ་རེད། ཡིན་ཡང་ང་ཚོ་རྒྱ་མི་རིགས་ཀྱི་རླབས་ཆེ་བའི་རྣམ་དཔྱོད་ནི་”མཐོང་ཡང་མ་མཐོང་ཁུལ་བྱེད་པ”དེ་རེད་ཅེས་བཤད། ཁོ་རང་སྦྱིན་བདག་ཡིན་པའི་ཆ་ནས། གཤམ་འོག་ན་ཡོད་པའི་ཉམས་ཞིབ་གསར་འགོད་པ་དང་རྩོམ་པ་པོ་ཚོས་དགའ་བསུའི་ཐལ་མོ་མི་རྡེབ་ཀ་མེད་བྱུང་། རང་ཉིད་གསར་འགྱུར་ལས་རིག་པ་ཞིག་ཡིན་པའི་ངོས་ནས། བརྙན་ཐུང་དེ་མཐོང་སྐབས་ལུས་སེམས་གཉིས་ཀར་ཚད་ལས་བརྒལ་བའི་བརྙས་བཅོས་ཕོག རྗེས་སུ། གསར་ལམ་ཁག་ཏུ་ཐོན་གསལ་ལ། <<རྒྱ་ནག་ལྷོ་ཕྱོགས་ཞོགས་འཕྲིན་>> ལ་རྒྱ་ནག་གི་བཟང་ཕྱོགས་ལས་ངན་ཕྱོགས་སྤེལ་མི་ཆོག་པའི་རེ་འདུན་བཏོན་ཞིང་། དེ་ནས་བཟུང་”རྒྱ་ནག་གི་གཏམ་རྒྱུད་ཡག་བཤད་”(好中国故事)ཀྱི་འཛམ་གླིང་ཕྱི་བསྒྲགས་ཆེན་མོའི་(大外宣)རུ་ཁག་ནང་ཞུགས།

“ཀྲི་ཧྥུ་པའོ་ག་དུས་ཡིན་ཡང་ཡར་འབུལ་ཆོག་ཆོག་ཡིན།”

མཱ་ཡུན་གྱིས་ག་དུས་ཡིན་ཡང་རང་ཉིད་”གཙང་མ་”ཡིན་ཚུལ་བསྒྲགས་བཞིན་ཡོད། ཡིན་ཡང་། <<ནེའུ་ཡོག་དུས་བབ་>> ཀྱི་སྙན་ཐོའི་ནང་། ཨ་ལེ་བྷ་བྷ་གཙོ་བོར་གྱུར་བའི་རྒྱ་ཆེའི་ཚོང་ལས་བཙན་རྒྱལ་གྱི་འཁོར་བསྐྱོད་ཁྲོད། མཱ་ཡུན་དང་རྒྱ་ནག་གི་དབང་བསྒྱུར་གྲལ་རིམ་བར་བསུབ་ཐབས་བྲལ་བའི་ས་འོག་དར་ཐག་གི་འབྲེལ་བ་ཡོད་པ་གསལ་འདོན་བྱས་ཡོད། ཨ་ལེ་བྷ་བྷ་ལ་དངུལ་རྩ་མ་འཛུགས་བྱེད་མཁན་གྱི་རྒྱལ་གཉེར་ཚོང་ལས་སྡེ་ཁག་བཞི་ཡོད་པའི་ཁྲོད། ཚང་མའི་ནང་རྒྱ་ནག་དམརཤོག་སྲིད་དབང་གསར་འཛུགས་སྐབས་ཀྱི་བྱས་རྗེས་ཅན་དང་། དེང་རྒྱ་ནག་དབུས་ཆབ་སྲིད་ཅུའུ་རྒྱུན་ལས་ཚོའི་བུ་རབས་ཚ་རྒྱུད་གང་མང་ཡོད་པ་ཡིན། དེའི་ནང་སྲིད་བློན་ཟུར་བ་ཝུན་ཅ་པའོ་(温家宝)ཡི་བུ་ཝུན་ཡུན་སུང་(温云松)དང་། ཧུག་གོ་ཆང་()གི་བུ་ཧུག་ཅིན་ལེ།(贺锦) ཁྲིན་ཡུན་()གྱི་བུ་ཁྲིན་ཡོན།() ལིག་ཡུན་ཧྲན་(刘云山)གྱི་བུ་ལིག་ལུག་ཧྥེ།(乐飞) ཙིན་ཕེ་ཡན་(曾培炎)གྱི་བུ་ཙིན་ཀྲི་ཅེ།(曾之杰) ཝང་ཀྲིན་(王震)གྱི་བུ་ཝང་ཅུན་()སོགས་ཚུད་ཡོད།

མཱ་ཡུན་ཚད་མཐོའི་ཚན་རྩལ་མ་ལག་སྤྱད་ནས་རྒྱ་ནག་གཞུང་ལ་ཁྲིམས་འགལ་གྱི་བྱ་སྤྱོད་བརྩོན་པའི་རོལ་རྩེད་ནང་ཇི་ལྟར་དབྱིངས་ཞུགས་ཚུལ་བཤད་དཀའ་ནའང་། ཚང་མར་རྒྱུས་མངའ་ཆེས་ཟབ་པ་ནི། རྒྱ་ནག་གཞུང་གིས་ཚད་མཐོའི་ཚན་རྩལ་མ་ལག་སྤྱད་ནས་རང་དང་ལྟ་བ་མི་མཐུན་མཁན་ལ་ལྟ་རྟོག་དང་གྲངས་ཉུང་མི་རིགས་ཁག་ལ་དམ་དྲག་བྱེད་པར་དོ་དབྱིངས་ཡོད་པ་དེ་ཡིན། གནས་ཚུལ་ཐོན་གསལ་ལ། ཨ་ལེ་བྷ་བྷའི་ཚོང་དོན་རྩིས་འཁོར་མ་ལག་ནང་། དྲ་ངོས་ནས་ཉོ་ཚོང་མགྲོན་པོའི་པར་རིས་དང་བརྙན་ཐུང་བརྒྱུད་ནས་ཡུ་གུར་པའི་གཙོས་གྲངས་མི་རིགས་ཀྱི་ངོ་རྟགས་ངོས་འཛིན་གྱི་མཉེན་ཆས་བཅུག་ཡོད་པ་དང་། དེ་བཀོལ་སྤྱོད་མཛུབ་སྟོན་རྩ་འཛིན་ཡང་བཅུག་ཡོད་འདུག

ཚོང་གཉེར་ལེགས་གྲུབ་ལས་གཞན། མཱ་ཡུན་ཡང་སྤྱིར་བཏང་གི་རྒྱ་རིགས་ཚོ་དང་འདྲ་བར། འབྲེལ་བ་འཛུགས་རྒྱུ་དང་། གྲལ་རིམ་ཉུལ་རྒྱུ། གདོང་ལ་འབུད་རྒྱུ། སྟོབས་ཆེན་ལ་མགོ་སྒུར་དང་། རང་ཉིད་ཡག་ལས་ལ་དགའ་བ་མ་ཟད། གཏན་ཚུགས་དང་རྒྱབ་འགལ་རྣམ་དཔྱོད་དུ་རྩིས་ཤིང་། སྣོག་ལས་གནས་ལུགས་ལ་བསྒྱུར་བར་དགའ་། ཡིན་ཡང་། རྒྱལ་ཁབ་ལ་ཁྱོད་རང་རྩ་མེད་བཟོ་བའི་དགོས་མཁོ་བྱུང་སྐབས། སྤྱང་གྲུང་ཆུང་ཚགས་འདི་རིགས་དོན་ལ་ནུས་མེད་ཡིན་ཞིང་། གྲལ་རིམ་གྱི་འབྲེལ་འདྲིས་དྲ་བ་དེ་ཡང་རང་ཉིད་དམྱལ་བར་བརྫངས་བའི་ཞགས་ཐག་ཆགས་ངེས་ཡིན།

མི་གཞན་གྱིས་འདི་ལྟར་བཤད་སྲིད། མཱ་ཡུན་དེ་ལས་སྤྱང་གྲུང་འཛོམས་ཙམ་དང་། དེ་ལས་དམའ་ས་འཛིན་ཤེས་ཙམ་ཞིག་ཡིན་ན། ཡང་ན། ཁོས་བཤད་པ་ལྟར་རྒྱ་ནག་གི་དངུལ་རྩ་མ་ལག་གི་གནད་དོན་དེ་”མཐོང་ཡང་མ་མཐོང་ཁུལ་བྱེད་”ཤེས་པ་ཡིན་ན། ཁོ་ད་ལྟ་དུས་བདེ་ཞོད་འཇགས་ཡིན་ནམ་ཞེས་འདྲི་སྲིད། གཏན་ནས་མ་རེད། དབུ་ཁྲིད་ཀྱི་ཁྲོ་གཉེར་ནི་རྣམ་འགྱུར་ཙམ་རེད། དེའི་རྒྱབ་ལོག་ན་སྒེར་གཅོད་པའི་རང་གཤིས་ཡོད་པ་ཡིན།

དུས་གཏན་ནས་སྒེར་གཉེར་ཁེ་ལས་སྡེ་ཁག་”ཁྲིམས་མགོ་རང་བཙན་”བྱེད་དུ་འཇུག་མི་ཉན། རྒྱ་ཁྱབ་རྒྱུན་མཐུད་ཅན་གྱི་སྒེར་གཉེར་ཁེ་ལས་ཚང་མ་རྒྱལ་གཉེར་ཁེ་ལས་ཀྱི་འོག་ཏུ་འཇུག་དགོས། སྒེར་གཅོད་རང་གཤིས་ཀྱིས་དུས་ནས་དུས་སུ་དབང་འཛིན་པར་འདི་ལྟར་གསལ་འདེབས་གཏོང་གི་ཡོད། མཱ་ཡུན་གྱིས་ཀྱང་ཐེངས་མང་བོར་དེ་ལྟའི་རྣམ་འགྱུར་བསྟན་མྱོང་ཡོད། “གལ་སྲིད་རྒྱལ་ཁབ་ལ་དགོས་མཁོ་བྱུང་ཚེ། ཀྲི་ཧྥུ་པའོ་(支付宝)ག་དུས་ཡིན་ཡང་ཡར་འབུལ་ཆོག་ཆོག་ཡིན”ཞེས་བཤད་། འོན་ཀྱང་། རྒྱལ་ཁབ་ཀྱིས་དེ་འདྲའི་གནས་ལུགས་མི་བཤད་མཁན་གྱི་ཇག་རྐུན་ཞིག་འཁྲབ་མི་འདོད། ཁོས་ག་དུས་ཡིན་ཡང་”གནས་ལུགས་རྒྱུ་མཚན་”བཙལ་ནས་”ཁྲིམས་མཐུན་”གྱི་ལམ་ནས་ཡོད་ཚད་གཞུང་བཞེས་གཏོང་ངེས་ཡིན།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post