ལོ་གསར་ཚེས་ལ་ཉེས་བའི་དུས་འདིར་བོད་ཁུལ་དུ་ཏོག་ནད་ཁྱབ་རྒྱུར་འཇིགས་སྣང་ཡོང་གི་ཡོད་འདུག
ཟླ་ ༡ ཚེས་ ༡༩ ཉིན། བོད་ནང་གི་དྲ་ལམ་ཁག་ཏུ་སྤེལ་བཞིན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ཤ་ཚོང་ཁང་ཁག་ཏུ་ནང་འདྲེན་བྱས་པའི་འཁྱག་ཤའི་ཁྲོད་བརྟག་དཔྱད་བྱས་པ་བརྒྱུད། འཁྱག་ཤ་ཁག་ཅིག་ལ་ཏོག་ནད་ནད་རྟགས་ཐོན་ཡོད་པ་དང་། ད་ལྟའི་ཆར་ནད་རྟགས་ཡོད་པའི་ནང་འདྲེན་ཤ་དེ་བོད་ཁུལ་གྱི་ས་གནས་བརྒྱད་ཙམ་ནང་དངོས་སུ་ཐོན་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་ནང་འདྲེན་བྱས་པའི་ཤ་དེར་ཐོག་མར་ཏོག་ནད་རྟགས་ཐོན་ས་དེ་མཚོ་སྔོན་འབའ་རྫོང་ཡིན་པ་དང་།
རྗེས་སུ་ཡུལ་ཤུལ་རྫོང་དང་ན་གོར་མོ་གྲོང་ཁྱེར། མགོ་ལོག་དར་ལག་རྫོང་། ཀན་ལྷོ་རྨ་ཆུ་རྫོང་།
རྔ་བ་ཁུལ་དང་ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་སོགས་ནས་ནད་རྟགས་ཅན་བྱུང་ཡོད་སྐོར་བརྗོད་འདུག
འདི་གར་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་འབྲེལ་ཡོད་ས་གནས་དེ་དག་ནང་བརྟག་དཔྱད་དང་བཀག་འགོག་བྱེད་མགོ་ཚུགས་ཡོད་པ་དང་།
རྨ་ཆུ་ཕྱོགས་ནས་ཤ་དེ་རིགས་དང་འབྲེལ་བ་ཡོད་པའི་མི་ཚང་མར་བརྟག་དཔྱད་དང་ཤ་དེ་ཉོ་མཁན་གྱི་ཟ་ཁང་དང་འབྲེལ་ཡོད་ཚང་མར་བརྟག་དཔྱད་བྱེད་བཞིན་ཡོད་སྐོརབརྗོད་སོང་།
ཡང་འབྲེལ་ཡོད་གཞན་ཞིག་གིས་མཛོད་དགེ་རྫོང་སོགས་ནས་ཤ་ཚོང་ཁང་སྒོདང་། དེའི་ཉེ་འཁོར་དུ་ཡོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ཡོད་པ་དང་།
གནད་དོན་དེ་ལ་རྐྱེན་བྱས་ནས་མི་མང་ལ་འཇིགས་སྣང་གསར་བ་ཞིག་བྱུང་མགོ་ཚུགས་ཡོད་ཀྱང་། ད་ལྟའི་ཆར་དངོས་སུ་མི་ལ་ནད་རྟགས་ཐོན་པ་དེ་འདྲ་གང་ཡང་གོ་རྒྱུ་མེད་སྐོར་བརྗོད་བྱུང་།
སྤྱིར་བོད་ཁུལ་གྱི་ཤ་ཚོང་ཁང་དེ་དག་ནི་བོད་རང་གི་ས་གནས་ནས་ཐོན་པའི་སྐམ་ཤ་དང་ལུག་ཤ་རིགས་བཙོང་གི་ཡོད་ཀྱང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་མི་ཚོས་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཤ་རིགས་ཁག་ནང་འདྲེན་བྱས་ཏེ། བོད་ཀྱི་སྐམ་ཤ་ལས་གོང་སླ་རུ་བཏང་ནས་བཙོང་གི་ཡོད་སྟབས། གོང་ཚད་རྐྱེན་གྱིས་ཟ་ཁང་དང་ཡུལ་མི་མང་པོས་འབོར་ཆེན་ཉོ་བཞིན་ཡོད་པ་དང་། ཤ་དེའི་རིགས་ནང་ཡུན་རིང་གནས་ཐབས་ཀྱི་རྫས་སྨན་བརྒྱབ་པས་བོད་པ་ཚོར་མི་འཕྲོད་པ་དང་། རྫས་རིགས་རྐྱེན་གྱིས་ན་ཚ་བྱུང་བ་སོགས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་འདུག
ཐེངས་འདིའི་གནད་དོན་དང་འབྲེལ་ནས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ནང། ནང་འདྲེན་བྱས་པའི་ཤ་རིགས་དེ་དག་མི་ཟ་རྒྱུ་དང་། སྤྱིར་དེ་རིགས་རང་གི་འཕྲོད་བསྟེན་ལ་མི་བཟང་བ་མ་ཟད་བོད་ཁུལ་གྱི་ནོར་ལུག་གི་ཤ་རིགས་ཚོང་ལས་ལ་གནོད་སྐྱོན་བྱུང་གི་ཡོད་པའི་སྐོར་མང་པོ་བརྒྱུད་སྐུར་བྱེད་བཞིན་འདུག