ཆུང་ངུའི་དུས་སུ། གླིང་སྒྲུང་ལ་ཉན་མ་མྱོང་། ངེད་ཀྱི་ཨ་མྱེས་སྒྲ་སྡུད་འཕྲུལ་ཆས་ལས་གསར་འགྱུར་ཉན་པར་དགའ་མོད། ཁོང་གིས་སྒྲུང་ལ་ཉན་པའི་སྐབས་མ་མཐོང་། ཡི་གེ་བསླབས་པ་དང་སྒྲུང་དཔེ་ཉོ་བའི་ཆ་རྐྱེན་གྱིས་དབུལ་བས། དེ་ཡང་ཅང་མ་བཀླགས། སློབ་ཆེན་སྐབས་སུ། དགོས་དབང་གིས་གླིང་སྒྲུང་སྟོད་སྨད་གཉིས་བཀླགས། དེ་དུས་ཚིག་ཙམ་ལ་མཉམ་འཇོག་བྱས་མོད། སྤྲོ་སྣང་ཅང་མ་བྱུང་། ཨུ་ཚུགས་མཐར་བསྐྱལ་གྱིས་བཀླགས་ཚར་བ་ཡིན།
ལྟ་སྲུང་ཁང་ནས་རང་གི་ཆེད་དུ་མིན། སྐབས་དེར། རང་གིས་ དེབ་མང་ཤོས་ནུབ་ཕྱོགས་རང་དབང་རིང་ལུགས་ཀྱི་མཁས་པ་དག་གི་གསུང་བཀླགས་པ་། རོའུ་སོ་ལགས་ཀྱི་བསམ་བློའི་ཉེས་ པའང་སྐབས་དེ་ལ་ཤེས་རྟོགས་བྱུང་བ་ཡིན། རྒྱ་ཡིག་གི་དེབ་མང་པོ་བཀླགས། བོད་ཡིག་ཀྱང་རེ་གཉིས་བཀླགས། དེ་ལས་རྗེའི་ལམ་རིམ་ཆེན་མོ་ཐེངས་མང་པོར་ཀློག་ཐུབ་བ་བྱུང་། དེ་ཤིན་ཏུ་བསོད་བདེ་ཆེན་པོ་ཡིན། ད་ལ་ཐུག་གི་བར་དུ། རྗེའི་ལམ་རིམ་ནི་ཅི་ཙམ་བཀླགས་ཀྱང་དེ་ཙམ་བཀླག་སྤྲོ་བ་དེ་ཡིན། གླིང་སྒྲུང་ལ་སྔར་བཞིན་ཀློག་སྤྲོ་ཅང་མེད།
ལྟ་སྲུང་ཁང་དུ་སྡོད་པའི་མི་ཚང་མ་སེམས་འཚིག་ནས་སྡོད། ང་ནི་ཁོ་ཚོ་དང་མི་འདྲ། ངས་སེམས་ནང་དུ་བསྡུས་ནས་དེབ་བཀླགས་པས། སེམས་འཚིག་པ་དང་ཉི་མ་མི་འཁྱོལ་བ་སོགས་ཀྱི་དཀའ་ལས་མ་བྱུང་། ཁོ་ཚོའི་ཉི་མ་རེ་རེ་ནི་བགྲོད་མི་ཚར་བའི་ལམ་ཐག་རིང་བོ་ཞིག་རེད། ང་ལ་ཉི་མས་མི་འདང་བའི་སྣང་བ་ནར་མར་འབྱུང་། ངས་དེབ་བཀླགས་པ་དང་། ཁོམ་སྐབས་ཅི་ཡོད་ཀྱིས་རྒན་པ་ཁོང་དང་བཅས་པར་གླིང་སྒྲུང་བཤད་པ་ཡིན།། སྐབས་དེར་ཁོས་ཁ་ཏོན་འདོན་མཚམས་འཇོག་པ་དང་། གཞན་དག་ཀྱང་རྩེད་མཚམས་འཇོག་པ་ཡིན། དབྱངས་ལ་འགུག་དགོས་པའི་སྐབས་མང་ཆེ་བས། དུས་ཚོད་མང་པོ་ཟད་འགྲོ། དེ་བས། ཉིན་གཅིག་གི་ཁོམ་གསེང་ནས་ངས་ཁོ་ཚོར་གླིང་སྒྲུང་གི་ཤོག་ངོས་ རེ་འགའ་མ་གཏོགས་བཤད་མི་ཐུབ། བར་སྐབས་ཤིག་ལ། ང་ཚོའི་སྡོད་ཁང་དེའི་ནང་གི་གསར་བུ་དག་ཀྱང་གླིང་སྒྲུང་ལ་ཉན་སྤྲོ་བར་གྱུར། ཁོ་ཚོས་གླིང་སྒྲུང་ལ་ཉན་སྐབས། སེམས་ཡོངས་སུ་དེ་ལ་འཁོར་བས། སྡུག་བསྔལ་གཞན་བརྗེད་པར་འགྱུར། དེ་ནི་ང་ཚོའི་ཉིན་གཅིག་གི་བདེ་བ་ཆེ་ཤོས་ཀྱི་སྐབས་ཡིན་སྲིད།
ངའི་ཕ་ཡུལ་དུ་སྒྲུང་བཤད་ན་རྣམ་རྟོག་ཟ་མཁན་གྱི་ཁྱིམ་ཚང་ མང་། ཁོ་ཚོས་སྒྲུང་བཤད་ན་སྲུང་མ་འཁྲུག་འགྲོ་ཟེར། སྒྲུང་ལ་ཉན་མཁན་གྱི་ཁྱིམ་ཚང་ཡང་མང་རབས་ཐོས། ངའི་ཁྱིམ་ཚང་ ནང་གེ་སར་ལ་དད་པ་བྱེད་མཁན་མེད། ང་ཚོའི་ས་ཆར་མི་མང་པོས་གེ་སར་གྱི་དཔའ་རྩལ་ལ་ཡིད་སྨོན་བྱེད་པ་ལས། དད་པ་བྱེད་མཁན་ཉུང་། འདི་དང་མགོ་ལོག་ས་ཆའི་ཡུལ་སྲོལ་གཉིས་ཡེ་མི་འདྲ།
རེབ་གོང་ས་ཆར་གེ་སར་ལ་དད་པ་བྱེད་མཁན་ཡོད་དམ་ཅི། ངའི་སྒྲུང་ལ་ཉན་མཁན་གྱི་རྒན་པ་དེའི་རྣམ་འགྱུར་ལས།
ངས་ཁོ་གེ་སར་ལ་དད་པ་ཡོད་མཁན་ཞིག་ཡིན་པ་ཚོར་གྱི་འདུག ཁོས་སྒྲུང་ལ་ཉན་སྐབས། སེམས་ཚེགས་དང་སྐྱོ་སྣང་མཐའ་དག་བསྒྱུར་ནས་སེམས་རྩེ་གཅིག་པས་ཉན། ཐ་ན་ཁོས་རང་ཉིད་ལྟ་སྲུང་ཁང་གི་ལྕགས་རར་ཡོད་པའི་སྣང་བའང་བོར་འདུག
ཚ་བ་ཤིན་ཏུ་ཆེ་སྐབས། ཁོས་ངའི་སྒྲུང་ལ་ཉན་ཅིང་། ཆར་ཞོད་ཆེན་པོ་འབབ་སྐབས་ཀྱང་ཁོས་ངའི་སྒྲུང་ལ་ཉན།
ངས་སྒྲུང་བཤད་མཚམས་བཞག་ནས་རང་གི་དེབ་ཀློག་འགོ་བརྩམ་པ་ན། ཁོ་ལྕགས་རའི་གྲུ་ ཟུར་དུ་བསྡད་ནས་རང་གི་ཁ་ཏོན་འདོན།
གཞན་དག་འགྱིག་འདེད་པ་དང་རྩེད་ཤོག་རྩེ།
ཁོ་ཚོ་ཤིན་ཏུ་ཁོམ་ནས་སེམས་འཚིག་སྐབས། ངས་ཁོ་ཚོར་ སྒྲུང་རེ་བཤད་པའམ།
ཁོ་ཚོས་སོ་སོ་རང་ལ་དགོས་པའི་ཕྲེང་བ་སོགས་བཟོ། ལྟ་སྲུང་ཁང་ལ་ཕྲེང་བ་འཁྱེར་འོང་མི་འཇུག་པས།
ང་ཚོས་གྱོང་རྡོག་ཆུ་ལ་སྦངས་ཤིང་། དེའི་ནང་ཤོག་བུ་དང་ཁང་བའི་ངོས་ཀྱི་དཀར་རྩི། ད་རུང་དྲི་མ་ཞིམ་ཆེད་སྤོས་དང་ཤུག་པ་སོགས་བསྲེས་ནས་བཟོས། སྒྲུང་ལ་ཉན་པ་དང་ཁ་ཏོན་འདོན་པ་གཉིས་གལ་ཆེ། ང་ཚོས་ཉི་མ་རེ་རེ་ལ་ཁ་དོན་འདོན་པའི་གྲངས་དང་དུས་ཧ་ལམ་གཏན་ཁེལ་ལྟ་བུ་བྱས་ཡོད།
སུ་ཞིག་ཁ་དོན་མི་འདོན་པ་དང་འདོན་མི་ཤེས་པ་ཡོད་ན། དེ་ལ་ཁ་དོན་འདོན་འཇུག་པ་དང་། མི་ཤེས་པ་དག་སློབ་པ་ཡིན།
ཡིན་ནའང་། གཅིག་པུ་ལས། གེ་སར་སྒྲུང་བཤད་མཁན་མ་བྱུང་།
ངའི་གེ་སར་སྒྲུང་དཔེ་དེ་གྲོགས་པོ་ཞིག་གིས་ཉོས་ནས་བསྐུར་བ་ཡིན།
ངའི་གྲོགས་པོ་དག་ང་ལ་ལྟ་རུ་འོང་ན་དེབ་མང་པོ་འཁྱེར་འོང་། ངས་དེབ་དེ་དག་གཅིག་ཀྱང་མ་ལུས་པར་བཀླགས་པ་ཡིན།
ཐེངས་ཤིག ངའི་སློབ་གྲོགས་ཤིག་གིས་དེབ་འདེམ་མ་ཤེས་པར་ང་ལ་བྱིས་པའི་ཀློག་དེབ་འགའ་ཉོས་ནས་བསྐུར་འདུག
དེའང་ངས་གཅིག་ཀྱང་མ་ལུས་པར་ཞིབ་ཏུ་བཀླགས་པ་ཡིན། དེབ་དེ་ཚོ་བཀླགས་པ་དང་། ང་རང་བྱིས་རྩོམ་ལ་དགའ་བར་གྱུར།
མདོར་ན། ཁོ་ཚོའི་བཀའ་དྲིན་ལ། ངས་དེབ་སྣ་མང་ བཀླགས། ཤེས་བྱ་སྣ་མང་ཅན་དུ་འགྱུར་པ་དང་ལྷན།
ངའི་ཁོག་རྒྱའང་ཆེ་རུ་གྱུར་སོང་བ་འདྲ།།
ལྟ་སྲུང་ཁང་ནས་འཛིང་རེས་བྱེད་པ་དང༌། ཚིག་རྩོད་བྱེད་པ་རྒྱུན་མི་ཆད།
ཡིན་ནའང་། ལྟ་སྲུང་ཁང་ཧྲིལ་བོར། ང་དང་མི་མཐུན་པ་གཅིག་མེད། ང་སྡོད་སའི་ཁང་མིག་ལས། གསར་བུ་ཚོ་ནི་ཁང་མིག་གཞན་གྱི་མིར་མ་འཆམ་པར་འོང་བ་ཏག་ཏག་ཡིན།
ཁོ་ཚོ་ང་དང་མཉམ་དུ་སྡོད་སྐབས། ང་ཚོ་ཕན་ཚུན་ལ་ཚིག་རྩོད་ ཙམ་ཡང་མི་འབྱུང་། ངས་ཁོ་ཚོར་ཅི་ཙམ་གུ་ཡངས་བྱས་པ་དེ་
ཙམ་དུ། ཁོ་ཚོས་ཀྱང་ང་ལ་རོགས་རམ་མང་པོ་བྱས་ཡོད། རེབ་གོང་མདོ་བ་ནས་ཡིན་པའི་གསར་བུ་ཞིག་ཡོད།
ཁོ་ནི་མི་གཞན་ལ་མི་འདྲིས་པ་ཞིག་རེད། ཡིན་ནའང་། ངེད་གཉིས་ལ་མི་མཐུན་པ་ཅི་ཡང་མེད། ཁོས་ངའི་གྱོན་པ་བཀྲུ་བ་སོགས་ནམ་རྒྱུན་རོགས་རམ་མང་པོ་བྱེད།
ང་ཚོར་དེ་དང་དེ་ལྟ་བུའི་བརྩེ་བ་རིགས་ཤིག་ཡོད། ཁོས་རྐྱང་ཕྱག་མང་པོ་འཚལ་བ་ལས། གེ་སར་སྒྲུང་ལ་མི་ས་ཉེན་པོར་འདུག
ངས་གླིང་སྒྲུང་ཀློག་སྐབས། གླིང་གི་དཔའ་རྟུལ་དག་ལ་མཉམ་བཞག དེ་དག་གི་དཔའ་ངར་གྱིས་ང་རང་ཧོན་འཐོར་བར་བྱས། ཡང་འཐབ་ལ་དཔའ་ཡང་ཇུས་ལ་མི་སློབ་པའི་དཔའ་བོའི་ སྙིང་སྟོབས་དེ། རང་དང་མི་མཐུན་པར་སྙམ། དེ་ལྟར། ང་དང་པར་ གླིང་སྒྲུང་གི་དབར་ལ། བཤད་མི་ཤེས་པའི་འབྲེལ་ཐག་ཅིག་བྱུང་།