ན་བུན་གྱིས་སྒྱུར།
གནའ་བོའི་ཏ་ཟིག་གི་རྒྱལ་རབས་མཐའ་མ་སཱ་སཱ་ནེ་ཌི་(Sassanidae)བཙན་རྒྱལ་གྱིས་ལོ་ངོ་༤༠༠ ཙམ་ལ་རྒྱལ་སྲིད་བཟུང་ཞིང་། ཏ་ཟིག་ནི་སྙན་མཚན་གླིང་དུ་གྲགས་པའི་ཆུ་མོ་གྷང་གྷའི་ཕར་ཕྱོགས་ཀྱི་རྒྱ་ནག་དང་མཐའ་མཚམས་འབྲེལ་ཡོད། ང་ཚོས་གནའ་བོའི་ཏ་ཟིག་གི་རྒྱལ་རབས་རིམ་བྱོན་གྲས་ནས་ཀུན་གྱིས་གཙིགས་སུ་བཀུར་བའི་རྒྱལ་པོ་ཞིག་གི་གཏམ་རྒྱུད་ཀློག་པར་བྱའོ། །ཁོང་ནི་དུས་སྐབས་དེའི་རྒྱལ་པོ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་བཤད་ཅིང་། རྒྱལ་འབངས་ཀྱིས་ཁོང་ལ་བརྩི་བཀུར་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཁོང་ལ་འཚེར་སྣང་བྱེད། སྐུ་ཚེའི་འཕེན་པ་མ་རྫོགས་སྔོན་ལ་ཁོས་རང་གི་རྒྱལ་ཁབ་ལ་སྟོབས་འབྱོར་ཕུན་སུམ་ཚོགས་པ་བསྐྲུན་ཏེ། དུས་སྐབས་དེའི་ཏ་ཟིག་གི་སྟོབས་འབྱོར་མངའ་ཐང་དེ་འདྲ་སྔོན་བྱོན་རྒྱལ་པོ་སུས་ཀྱང་བསྐྲུན་ཐུབ་མེད་པ་རེད།
སཱ་སཱ་ནེ་ཌི་ལ་རྒྱལ་སྲས་གཉིས་ཡོད་པ་དང་།
ཁོ་ཚོ་ཚང་མ་ཕན་ཚུན་ལ་ཕ་བུའི་བརྩེ་འདང་ཆེན་པོ་ལྡན། སྲས་ཆེ་བ་ས་ཤཱ་ཧེར་(Schahriar)ལ་མཚོན་ན། སྐབས་དེའི་རྒྱལ་སྲིད་ཀྱི་འགྲོ་ལུགས་ལྟར་རྒྱལ་སྲས་ཆུང་བ་ཤཱ་ཙི་མན་(Schahzeman)དང་མཉམ་དུ་རྒྱལ་སྲིད་བཅད་བཟུང་བྱས་མི་ཆོག་པ་དེ་ནི་དངོས་འབྲེལ་གྱི་དཀའ་སྡུག་ཅིག་ཆགས་མོད།
འོན་ཀྱང་ལོ་ངོ་༡༠ རྗེས་སུ་རྒྱལ་སྲས་ཆེ་བ་ཤཱ་ཧེར་ནི་རྒྱལ་དོན་དཀའ་རྙོག་ལ་ཕྲད་དེ།
ཁོས་རང་གི་རྒྱལ་ཁབ་དེ་ཊར་ཊ་རེ་བཙན་རྒྱལ་(Great Tartary)དང་ཏ་ཟིག་བཙན་རྒྱལ་(Persian Empire)ཆེན་མོ་བཅས་རྒྱལ་ཁག་གཉིས་སུ་བཅད་ནས་རྒྱལ་སྲས་ཆུང་བའང་རྒྱལ་པོར་བསྐོས།
སྐབས་དེར་རྒྱལ་པོ་ཤཱ་ཧེར་ལ་བཙུན་མོ་ཞིག་ཡོད་པ་དང་།
ཁོང་ནི་རང་གི་སྲིད་དབང་ལས་ཀྱང་རང་ཉིད་ཀྱི་བཙུན་མོར་བརྩེ་འདང་ཆེན་པོ་ལྡན་ཞིང་།
ལྷག་པར་དུ་ཁོང་རང་གི་མཙུན་མོར་མཛེས་སྤྲས་དང་རྒྱན་གོས་གང་ཡག་གང་བཟང་གནང་རྒྱུར་ཐུགས་འགྱེས་ཚོར་ཆེན་པོ་ཡོད་པ་རེད།
བརྩེ་གདུང་གི་དབང་གིས། མི་ལོ་ཁ་ཤས་རྗེས་སུ་ངོ་ཚ་ཁ་སྐྱེངས་དང་ཡིད་མུག་སྐྱོ་གར་ཞིག་གི་འགོ་བརྩམས་སོ།
།དེ་ནི་རྒྱལ་པོ་ཤཱ་ཧེར་གྱིས་བཙུན་མོས་རང་ཉིད་ལ་མགོ་སྐོར་སླུ་ཁྲིད་གཏོང་བ་གློ་བུར་ཤེས་ཏེ།
བཙུན་མོའི་བྱས་ཉེས་ལ་མཇུག་འབྲས་ཡིད་སྐྱོ་བ་ཞིག་བྱུང་བ་རེད།
དེ་ཡང་རྒྱལ་པོའི་བསམ་པར་ཡུལ་ཁྲིམས་ལག་ལེན་དུ་བསྟར་ནས་ནང་བློན་ཆེན་མོར་བཙན་མོ་སྲོག་ཐོག་ཏུ་གཏོང་བའི་བཀའ་སྒྲོག་དགོས་སྙམ།
རྒྱལ་པོར་སྐྱོ་གདུང་དྲག་པོ་སྐྱེས་ནས་གཤམ་འོག་གི་བུད་མེད་ཚང་མ་ནང་འཁོར་གྱི་བུད་མེད་ཚོ་ནང་བཞིན་ངན་པ་གདུག་ཅན་འབའ་ཞིག་ཡིན་པ་བསྙོན་མེད་ཡིན་པ་དང་།
གལ་ཏེ་ཁྱེད་ཀྱིས་གནས་སྟངས་དེ་ཤེས་པ་ཡིན་ན། ད་གཟོད་འཛམ་གླིང་བདེ་ལ་འཁོད་ཐུབ་ཅེས་བསྒྲགས་སོ།
།དེ་བས་མཚན་མོ་རེར་རྒྱལ་པོས་བཙུན་མོ་རེ་ཁབ་ཏུ་བཞེས་ཤིང་ཞོགས་པར་བློན་ཆེན་གྱི་མདུན་དུ་བཙུན་མོ་དེ་གསོད་ཀྱི་ཡོད་པ་རེད།
བློན་ཆེན་གྱི་འགན་འཁུར་གཙོ་བོ་ལས་ངན་པའི་བུ་མོ་དེ་དག་ཁྲིད་ཡོང་ནས་རྒྱལ་པོར་འབུལ་རྒྱུ་དེ་ཡིན་ཞིང་།
སྙིང་རྗེ་ཡུལ་དུ་གྱུར་བའི་བློན་ཆེན་གྱིས་རང་ཉིད་ཀྱི་འོས་འགན་དེ་སྒྲུབ་འདོད་གཏན་ནས་མེད་ནའང་།
ཁོང་གང་ཅི་ལའང་འབྱོལ་ཐབས་མེད་པས།
ཁོས་ཉིན་རྒྱུན་ལ་རྒྱལ་པོས་བུ་མོ་རེ་ཁབ་ཏུ་བཞེས་ནས་བཙུན་མོ་ཆགས་རྗེས་གསོད་བཞིན་པ་མཐོང་ཡོང་།
རྒྱལ་པོའི་བྱ་སྤྱོད་དེས་གྲོང་སྡེ་དེར་འཇིགས་སྐྲག་ཆེན་པོ་བསླངས་ཤིང་།
དེ་གར་ཆོ་ངེ་དང་ངུ་སྐད་མ་གཏོགས་གཞན་ཅི་ཡང་གོ་རྒྱུ་མེད་པར་གྱུར།
སྡོད་ཁང་གཅིག་གི་ནང་དུ་ཕ་རྒན་ཞིག་གིས་རང་གི་བུ་མོའི་སྲོག་ཤོར་བར་མིག་ཆུ་གཏོང་ཞིང་།
སྡོད་ཁང་གཞན་ཞིག་གི་ནང་དུ་མ་རྒན་ཞིག་རང་གི་བུ་མོའི་ལས་དབང་ལ་སྙིང་འདར་གྱི་ཡོད་ལ།
རྒྱལ་འབངས་ཀུན་ཀྱིས་རྒྱལ་པོ་ཤཱ་ཧེར་ལ་སྔར་བཞིན་བསྟོད་བསྔགས་གུས་འདུད་མི་ཞུ་བར་དམོད་མོའི་མཁའ་དབུགས་གང་སར་ཁྱབ་འདུག
བློན་ཆེན་རང་ཉིད་ཀྱང་བུ་མོ་གཉིས་ཀྱི་ཨ་ཕ་ཡིན་ཞིང་།
བུ་མོ་ཆེ་བའི་མིང་ལ་ཤཱི་ཧི་རཱ་ཛ་ཌི་(Scheherazade)དང་ཐ་ཆུང་བའི་མིང་ལ་ཌེ་ནར་ཛ་ཌི་(Dinarzade)ཞེས་འབོད་ཅིང་། བུ་མོ་ཐ་ཆུང་ཌེ་ནར་ཛ་ཌི་ལ་བུ་མོ་གཞན་དང་མི་འདྲ་བའི་དམིགས་བསམ་གྱི་བློ་རིག་ཅི་ཡང་མེད་ཀྱང་།
གཅེན་མོ་ནི་མཛངས་ཡོན་གཉིས་ལྡན་ཞིག་ཡིན་འདུག
བློན་ཆེན་གྱིས་རང་གི་བུ་མོ་ཆེ་བར་སྒྱུ་རྩལ་དང་ལོ་རྒྱུས། གསོ་རིག
མཚན་ཉིད་སོགས་ཀྱི་དགེ་རྒན་གང་བཟང་གང་གྲགས་བཙལ་ཡང་། དེ་དང་བསྡུར་ན། བུ་མོའི་ལྷན་སྐྱེས་ཀྱི་འཇོ་སྒེག་ནི་ཏ་ཟིག་རྒྱལ་ཁམས་ཡོངས་ཀྱི་བུད་མེད་གཞན་སུ་ལས་ཀྱང་ཆེས་མཆོག་ཏུ་གྱུར་ཡོད།
ཉིན་ཞིག་བློན་ཆེན་གྱིས་རང་གི་དགའ་སྤྲོ་དང་ང་རྒྱལ་དུ་བརྩི་བའི་བུ་མོར་ཁ་བརྡ་གློད་སྐབས།
བུ་མོ་ཤཱི་ཧི་རཱ་ཛ་ཌི་ཡིས་ཁོང་ལ། “ཨ་ཕ། ང་ཁྱེད་ལ་བཀའ་འདྲི་ཞིག་ཞུ་རྒྱུ་ཡོད།
ཁྱེད་ཀྱིས་ང་ལ་བཀའ་འཁྲོལ་གནང་ངམ།” ཞེས་དྲིས།
ཁོས། “དྲང་བདེན་དང་གནས་ལུགས་ལྡན་ན་ནི།
ངས་ཁྱེད་ལ་ཁས་ལེན་བྱས་ཆོག” ཅེས་ལན་བཏབ།
“དེས་ན་ང་ལ་ཉོན་དང་།” ཞེས་བུ་མོ་ན་རེ།
“རང་ཅག་གི་བུ་མོ་དང་མ་ཡུམ་ཚོའི་མགོ་ཐོག་ལ་བབས་པའི་ཡ་ང་བའི་ལས་དབང་བསྒྱུར་ཐབས་སུ།
ངས་རྒྱལ་པོའི་གདུག་རྩུབ་ཆེ་བའི་ལག་ལེན་འདི་མཚམས་འཇོག་ཏུ་འཇུག་པའི་སེམས་ཐག་བཅད་ཡོད།”
ཅེས་སྨྲས།
“དེ་ནི་རླབས་ཆེ་བའི་བྱ་གཞག་ཅིག་རེད།”
ཅེས་བློན་ཆེན་གྱིས་བཤད་རྒྱུར།
“ཡིན་ནའང་དམིགས་འདུན་དེ་ཁྱེད་ཀྱིས་ཅི་ལྟར་མངོན་འགྱུར་བྱེད་དམ།”
“ངའི་བརྩེ་བའི་ཨ་ཕ་ལགས།” ཞེས་བུ་མོ་ཤཱི་ཧི་རཱ་ཛ་ཌི་ན་རེ།
“ཉིན་རེར་རྒྱལ་པོར་བཙུན་མོ་རེ་འབུལ་མཁན་ཁྱེད་རང་རེད།
ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་སེམས་ལ་བཟོད་སྒོམ་གནང་སྟེ།
ལས་འགན་འདི་ང་ལ་སྒྲུབ་ཏུ་འཇུག་པར་ཞུ།”
“ཁྱེད་སྨྱོས་པ་ཡིན་ནམ།”
ཞེས་བློན་ཆེན་གྱིས་ངར་ངར་རྫིག་རྫིག་གིས་བཤད་རྒྱུར།
“ཁྱེད་ཀྱི་སེམས་ལ་དོན་དག་དེ་འདྲ་ཞིག་ཅི་ལྟར་དྲན་པ་ཡིན་ནམ།
ད་སྐབས་ཁྱེད་ཀྱིས་རྒྱལ་པོའི་བཙུན་མོ་བྱས་ན་མཇུག་འབྲས་ཅི་ཞིག་ཡིན་པ་ཤེས་པར་གྱིས།”
“དེ་ངས་ཤེས་ཡོད། ཨ་ཕ། ངས་གསལ་བོར་ཤེས་ཡོད།” ཅེས་བུ་མོ་ན་རེ།
“མཇུག་འབྲས་དེ་བསམ་ཡང་ང་ལ་ཞེད་སྣང་མི་འདུག གལ་ཏེ་ང་ཕམ་ཡང་།
ངའི་འཆི་བ་གཟི་བརྗིད་ལྡན་ངེས་ལ། གལ་ཏེ་ང་རྒྱལ་བ་ཡིན་ན། ངས་རང་རྒྱལ་ལ་རླབས་ཆེའི་ཞབས་འདེགས་ཞུས་པ་རེད།”
“དོན་དག་དེ་འགྲུབ་སྲིད་པ་མ་རེད།” ཅེས་བློན་ཆེན་ན་རེ།
“དོན་དག་དེ་ངས་ནམ་ཡང་ཁས་ལེན་མི་བྱེད།
གལ་ཏེ་རྒྱལ་པོས་ང་ལ་ཁྱེད་རང་གི་སྙིང་ཁར་གྲི་འཛུག་པའི་བཀའ་བཏང་ན་ནི།
ངས་བཀའ་བརྩི་དགོས་པ་རེད། ཀྱི་ཧུད། ཨ་ཕ་ཞིག་གི་འགན་འཁྲི་ག་རེ་ཡིན་ནམ།
གལ་ཏེ་ཁྱེད་རང་འཆི་བར་མི་སྐྲག་ནའང་། ཁྱེད་ཀྱིས་ང་ལ་སྤྲད་པའི་སྡུག་བསྔལ་ལ་ཞེ་འཚེར་འོས།”
“ཨ་ཕ། ད་དུང་།” ཞེས་བུ་མོ་ཤཱི་ཧི་རཱ་ཛ་ཌི་ན་རེ།
“ངས་ཁྱེད་ལ་བཀའ་འདྲི་ཅི་ཞིག་ཞུས་ན་ད་གཟོད་ཁྱེད་ཀྱིས་ཁས་ལེན་པ་ཡིན་ནམ།”
“ཅི་ཟེར། ཁྱེད་ཀྱིས་ད་དུང་ཨུ་ཚུགས་བྱེད་ཀྱི་ཡོད་དམ།”
ཞེས་བློན་ཆེན་ཧ་ལས་པའི་ངང་ན་རེ། “ཁྱེད་ཀྱིས་རང་ཉིད་རྨེག་མེད་བཟོ་དོན་ག་རེ་ཡིན་ནམ།”
ཡིན་ཡང་བུ་མོས་ཨ་ཕའི་སྐད་ཆར་མ་ཉན་པས།
བློན་ཆེན་ཡིད་ཆད་ནས་བུ་མོའི་བསམ་ཐོག་ལ་མི་འཇོག་ཀ་མེད་བྱུང་།
ཡིད་སྐྱོ་བའི་ངང་ཕོ་བྲང་དུ་ལོག་ནས་ཁོས་རྒྱལ་པོར་སང་དགོང་རང་གི་བུ་མོ་ཤཱི་ཧི་རཱ་ཛ་ཌི་ཁོང་གི་བཙུན་མོར་འཁྲིད་ཡོང་རྒྱུ་ཡིན་པ་ཞུས་སོ།།
བསམ་ཡིད་ལས་འདས་པའི་གནས་ཚུལ་དེ་རྒྱལ་པོའི་སྙན་ལམ་དུ་འབྱོར་བ་དང་།
རྒྱལ་པོ་ན་རེ།
“ཁྱེད་ཀྱིས་རང་ཉིད་ཀྱི་བུ་མོ་ང་ལ་གསོད་དུ་འཇུག་པའི་སེམས་ཐག་ཅི་ལྟར་བཅད་པ་ཡིན་ནམ།”
“རྒྱལ་པོ་རིན་པོ་ཆེ།” ཞེས་བློན་ཆེན་ན་རེ།
“དེ་མོ་རང་གི་རེ་འདུན་རེད། ཐ་ན་ཡིད་སྐྱོ་བའི་ལས་དབང་གིས་མོར་སྒུག་ཡོད་ཀྱང་།
མོ་རང་འགོག་ཐབས་མི་འདུག”
“བློན་ཆེན། ནོར་འཁྲུལ་བཟོས་མི་ཆོག” ཅེས་རྒྱལ་པོ་ན་རེ།
“མོའི་ཚེ་སྲོག་ཁྱེད་རང་ཉིད་ཀྱིས་ལེན་དགོས་པ་ཤེས་པར་གྱིས། ངས་མནའ་སྐྱེལ་ཆོག་སྟེ།
གལ་ཏེ་ཁྱེད་ཀྱིས་རང་གི་བུ་མོ་མི་གསོད་ན། དེའི་ཉེས་ཆད་ལ་ཁྱེད་རང་གི་མགོ་བོ་འབུལ་དགོས།”
“རྒྱལ་པོ་རིན་པོ་ཆེ།” ཞེས་བློན་ཆེན་ན་རེ།
“ག་རེ་འབུལ་དགོས་ཀྱང་། ངས་ཁྱེད་ཀྱི་བཀའ་བརྩི།
ང་བུ་མོའི་ཨ་ཕ་ཡིན་པར་མ་ཟད་ད་དུང་ཁྱེད་ཀྱི་ཞབས་ཞུ་བ་ཡང་རེད། དེ་བས་་་།”
རྒྱལ་པོས་བློན་ཆེན་ལ་ཁོ་རང་གི་འདོད་པ་ལྟར།
ཁོའི་བུ་མོ་ཁབ་ཏུ་བཞེས་སྲིད་པར་གསུངས་སོ།།
བློན་ཆེན་གྱིས་གནས་ཚུལ་དེ་བུ་མོ་ཤཱི་ཧི་རཱ་ཛ་ཌི་ལ་བཤད་པ་དང་།
གནས་ཚུལ་དེ་ཐོས་འཕྲལ་མོར་འཇིག་རྟེན་སྟེང་གི་བདེ་སྐྱིད་ཆེས་བསམ་གྱིས་མི་ཁྱབ་པ་ཐོབ་པ་ལྟ་བུའི་དགའ་སྣང་སྐྱེས།
མོས་ཨ་ཕར་མོའི་རེ་འདུན་ཞལ་བཞེས་གནང་བར་སེམས་གཏིང་ནས་བཀའ་དྲིན་ཞུས་ཤིང་།
མོས་ཨ་ཕ་ནི་སེམས་སྡུག་གིས་མགོ་བོ་དུད་ཅིང་སྡོད་པ་མཐོང་ནས།
ཁོང་ལ་མོ་རང་རྒྱལ་བོར་གཉེན་སྒྲིག་པར་ཁོང་ནམ་ཡང་བློ་འགྱོད་མི་སྐྱེ་བའི་རེ་བ་བཏོན།
དེའི་རྗེས་མོས་གཉེན་སྒྲིག་ལ་ལྟ་གོན་བྱས་ཤིང་།
གཅུང་མོ་ཌེ་ནར་ཛ་ཌི་མོ་ལ་ཁ་བརྡ་བྱེད་དུ་གཏོང་བའི་ཞུ་བ་ཕུལ།
གཅེན་གཅུང་གཉིས་གཅིག་པུ་ཡིན་དུས།
གཅེན་མོ་ཤཱི་ཧི་རཱ་ཛ་ཌི་ཡིས་གཅུང་མོར་བརྗོད་དོན།
“ང་ཡི་སྙིང་ཉེ་བའི་གཅུང་མོ་ལགས།
དོན་དག་གལ་ཆེན་ཞིག་ལ་ཁྱེད་ཀྱིས་ང་ལ་རོགས་བྱེད་དགོས་ཀྱི་འདུག
ཨ་ཕས་ང་ཕོ་བྲང་ནང་ཁྲིད་ནས་རྒྱལ་པོར་གཉེན་སྒྲིག་ཏུ་འཇུག་འཆར་ཡོད།
རྒྱལ་པོས་ང་བཙུན་མོར་བཞེས་པ་དང་།
ངས་ཁོང་ལ་ཁྱེད་རང་ངེད་གཉིས་ཀྱི་གཟིམ་ཁང་ནང་དུ་ཉལ་འཇུག་པའི་མཐའ་མའི་ཞུ་བ་འབུལ་གྱི་ཡིན།
དེ་ལྟར་བྱས་ན།
ང་མ་བསད་པའི་ཆེས་མཐའ་མཇུག་གི་དགོང་མོ་དེར་ཁྱེད་ཀྱིས་ང་ལ་རོགས་བྱས་ཆོག་གི་རེད།
ངའི་རེ་བ་ལ། གལ་ཏེ་རྒྱལ་པོས་ངའི་རེ་འདུན་དང་ལེན་གནང་བ་ཡིན་ན། ནམ་མ་ལངས་པའི་ཆུ་ཚོད་གཅིག་གི་སྔོན་ལ་ཁྱེད་ཀྱིས་ང་གཉིད་ལས་བསླངས་ནས་སྐད་ཆ་འདི་ལྟར་བཤད་རོགས།
‘གཅེན་མོ་ལགས། གལ་ཏེ་ཁྱེད་རང་གཉིད་མེད་ན། ངས་ཁྱེད་ལ་ཞུ་བ་བྱེད། ཉི་མ་མ་ཤར་སྔོན་ལ།
ཁྱེད་ཀྱིས་ང་ལ་ཁྱེད་རང་གི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཅིག་གསུང་རོགས།’
དེའི་རྗེས་ངས་གཏམ་རྒྱུད་བཤད་འགོ་བརྩམ་ཆོག
གཏམ་རྒྱུད་འདིས་མི་མང་ལ་འཕྲད་པའི་འཇིགས་སྐྲག་བཟློག་ཐུབ་པར་ངས་རེ་བ་བྱེད་ཀྱི་ཡོད།”
ཅེས་སྨྲས་ཤིང་།
གཅུང་མོ་ཌེ་ནར་ཛ་ཌི་ཡིས་གཅེན་མོའི་རེ་འདུན་དེ་དགའ་དགའ་སྤྲོ་སྤྲོའི་ངང་དང་དུ་ལེན་རྒྱུ་ཡིན་པར་བཤད་དོ།།
འཆར་ཅན་གྱི་དུས་ལ་སླེབས་པ་དང་།
བློན་ཆེན་གྱིས་རང་གི་བུ་མོ་ཤཱི་ཧི་རཱ་ཛ་ཌི་ཕོ་བྲང་དུ་ཁྲིད་ནས་མོ་རང་གཅུག་པུ་གོང་མ་དང་མཉམ་དུ་བཞག་ཅིང་།
བུ་མོ་ཤཱ་ཧི་རཱ་ཛ་ཌི་ཡིས་རང་ཉིད་ཀྱི་གདོང་ཁེབས་ཡར་བཀྱགས་པ་དང་།
མོའི་འཇོ་སྒེག་ལ་རྒྱལ་པོ་ཧ་ལས་པར་གྱུར་རོ།
།ཡིན་ནའང་མོའི་མིག་ཟུང་མཆི་མས་ཁེངས་ཡོད་པ་མཐོང་འཕྲལ།
རྒྱལ་པོས་མོ་ངུ་དགོས་པའི་རྒྱུ་རྐྱེན་དྲིས།
“རྒྱལ་པོ་རིན་པོ་ཆེ།” ཞེས་བུ་མོ་ཤཱི་ཧི་རཱ་ཛ་ཌི་ན་རེ།
“ང་ལ་གཅུང་མོ་ཞིག་ཡོད། ང་མོ་ལ་བརྩེ་འདང་ཡོད་པ་ལྟར། མོ་ཡང་ང་ལ་བརྩེ་འདང་ཆེན་པོ་ཡོད།
འདི་ནི་ངེད་གཅེན་གཅུང་གཉིས་ཀྱི་ལྷན་འཛོམ་མཐའ་མ་དེ་ཡིན་པས།
དོ་ནུབ་ངའི་གཅུང་མོ་ངེད་གཉིས་དང་གཟིམ་ཁང་གཅིག་ཏུ་ཉལ་ཆོག་པར་བཀའ་འཁྲོལ་གནང་རོགས།”
རྒྱལ་པོ་ཤཱ་ཧེར་གྱིས་བུ་མོ་ཤཱི་ཧི་རཱ་ཛ་ཌི་ཡི་རེ་འདུན་ཞལ་བཞེས་གནང་སྟེ།
གཅུང་མོ་ཌེ་ནར་ཛ་ཌི་ཕོ་བྲང་ནང་མངགས་སོ།།
ནམ་མ་གསལ་བའི་ཆུ་ཚོད་གཅིག་གི་སྔོན་ལ་གཅུང་མོ་ཌེ་ནར་ཛ་ཌི་གཉིད་ལས་སད་ནས་ད་ཅི་གཅེན་མོར་ཁས་ལེན་བྱས་པ་ལྟར་གཅེན་མོ་བོས།
“ང་ཡི་སྙིང་ཉེ་བའི་ཨ་ཅེ་ལགས། གལ་ཏེ་ཁྱེད་རང་གཉིད་མེད་ན། ཉི་མ་མ་ཤར་སྔོན་ལ།
ཁྱེད་ཀྱིས་ང་ལ་ཁྱེད་རང་གི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཅིག་གསུང་རོགས།
ངས་ཁྱེད་ལ་ཞུ་བ་བྱེད། ངས་ཁྱེད་ཀྱི་ཆེས་མཐའ་འཇུག་གི་གསུང་གླེང་ཐོས་འདོད།”
ཅེས་སྨྲས་སོ།།
བུ་མོ་ཤཱི་ཧི་རཱ་ཛ་ཌི་ཡིས་གཅུང་མོར་ལན་མ་བཏབ་པར་རྒྱལ་པོ་སར་འཁོར་ནས།
“རྒྱལ་པོ་ཁྱེད་ཀྱིས་ང་ལ་གཅུང་མོའི་རེ་སྐུལ་ལྟར་བཀའ་འཁྲོལ་གནང་ངམ།” ཞེས་ཞུས།
རྒྱལ་པོས། “དེ་ལོས་ཆོག” ཅེས་གསུང་བ་དང་།
བུ་མོ་ཤཱི་ཧི་རཱ་ཛ་ཌི་ཡིས་གཏམ་རྒྱུད་བཤད་འགོ་བརྩམས་སོ།།
གོང་གི་གཏམ་རྒྱུད་ལས་བུ་མོ་ཤཱི་ཧི་རཱ་ཛ་ཌི་ཡིས་གཅུང་མོར་བཤད་པའི་ངོ་མཚར་ཡིད་འོང་གི་གཏམ་རྒྱུད་ཀྱིས་རྒྱལ་པོའི་ཡིད་སེམས་བཀུག་སྟེ།
གནས་སྐབས་སུ་བུ་མོ་ཤཱི་ཧི་རཱ་ཛ་ཌི་མི་གསོད་པའི་བཀའ་བསྒྲགས་ཤིང་།
སྐབས་དེ་ནས་བཟུང་བསྟུད་མར་མཚན་མོ་སྟོང་དང་གཅིག་གི་རིང་ལ་མོས་རྒྱལ་པོར་ཡོད་དབང་འཕྲོག་པའི་གཏམ་རྒྱུད་བཤད་པ་བརྒྱུད།
རྒྱལ་པོར་ངང་ངམ་ཤུགས་ཀྱིས་རང་ནོངས་བློ་འགྱོད་ཀྱི་ངེས་ཤེས་བསྐྱེད་དེ།
མཐའ་གཞུག་ཡུལ་དེའི་སྐྱེད་མ་ཡོངས་ལ་འཕྲག་པའི་ལས་དབང་གི་སྐྱོ་གར་དེ་མཇུག་བསྡུས་པར་བཤད།
ངག་ཐོག་རྩོམ་རིག་ལ་གཏོགས་པའི་<<ཞག་མ་སྟོང་དང་གཅིག>>(One Thousand and One Nights)ཞེས་པའི་གཏམ་རྒྱུད་བརྩམས་ཆོས་འདི་ནི་ཁ་ཆེ་ཆོས་ལུགས་ཀྱི་གསེར་མདོག་གི་དུས་སྐབས་(Islamic
Golden Age)༼དུས་རབས་༨ ནས་༡༤
བར་ངོས་འཛིན་སྲོལ་འདུག༽སུ་དཀྱིལ་ཤར་ཡུལ་གྲུའི་ཨ་རབ་(Arab)རྒྱལ་ཁབ་ནང་བྱུང་བའི་དམངས་ཁྲོད་གཏམ་རྒྱུད་གཅེས་བསྡུས་ཤིག་ཡིན་ཞིང་རྩོམ་མཁན་སུ་ཡིན་གསལ་ཁ་མི་འདུག
དབྱིན་ཡིག་ནང་ཐོག་མར་ཞུ་སྒྲིག་གནང་སྐབས་<<ཨ་རབས་མཚན་མོ་>>(Arabian Nights 1706 – 1721)ཅེས་འཁོད་འདུག
ངག་རྒྱུན་དུ་དར་འཕེལ་བྱུང་བའི་གཏམ་རྒྱུད་འདི་དག་ནུབ་གླིང་གི་དུས་རབས་རིམ་བྱོན་གྱི་རྩོམ་པ་པོ་དང་ལོ་ཙཱ་བ།
རྩོམ་རིག་ཆེད་མཁས་པ་བཅས་ཀྱིས་བསྡུ་ཉར་དང་བཙོ་སྦྱང་བྱས་ཏེ་རིམ་པས་གཏམ་རྒྱུད་དེ་དག་ལྷ་སྒྲུང་དང་བྱིས་སྒྲུང་།
ཕོ་མོའི་མཛའ་དུང་། བྱུང་རབས་ལོ་རྒྱུས་ཀྱི་མཚར་གཏམ།
ལྷག་པར་དུ་བྲན་འཁོལ་དང་བཤུ་གཞོག་འདུ་ཤེས་ལ་ཟུར་ཟ་དང་ཐེར་འདོན་བྱས་ཏེ།
སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་སྤྱི་ལ་ལེགས་ཉེས་བླང་དོར་གྱི་ལས་ལ་ཇི་ལྟར་འཇུག་ཚུལ་སོགས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་དང་མཐུན་པའི་བསླབ་བྱས་གྲུབ་འདུག་ལ།
<<ཞག་མ་སྟོང་དང་གཅིག་>>ཅེས་པའི་དམངས་ཁྲོད་གཏམ་རྒྱུད་འདི་ནི་གནའ་བོའི་ཨ་རབ་ཀྱི་རྩོམ་རིག་དཔལ་ཡོན་གྱི་ས་བོན་དུ་གྱུར་བར་མ་ཟད།
དམངས་ཁྲོད་རྩོམ་རིག་འདིས་དུས་རབས་བར་བའི་ཡུ་རོབ་གླིང་གི་རྩོམ་རིག་སྒྱུ་རྩོལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་གྲགས་སོ།།
<<ཨ་རབ་ཀྱི་མཚན་མོ། ཞག་མ་སྟོང་དང་གཅིག>>(The Arabian Nights /One
Thousand and One Nights/)ཞེས་པའི་གཏམ་རྒྱུད་གཅེས་བསྡུས་ལས་བསྒྱུར།