རྒྱ་གར་ནང་བྱ་ནད་ཁྱབ་གདལ་འགྲོ་མགོ་ཚུགས་ཡོད་འདུག

རྒྱ་གར་ཧི་མ་ཅཱལ་མངའ་སྡེ་གཙོའི་མངའ་སྡེ་ཁག་ཅིག་ནང་བྱ་ནད་བྱུང་སྟེ་བྱ་རིགས་སྟོང་ཕྲག་མང་པོ་ཤི་བཞིན་པ་དང་ས་གནས་ཁག་གི་སྲིད་གཞུང་ནས་ཡིད་གཟབ་དགོས་པའི་བཀོད་ཁྱབ་བཏང་འདུག

ཕྱི་ཟླ་ ༡ ཚེས་ ༤ ཉིན། རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་དེ་སྔ་རྒྱ་ནག་གི་བྱ་གག་ནས་ཁྱབ་གདལ་ཕྱིན་པ། བྱ་ནད་(H5N8)ཞེས་པ་ནས་རིམ་འགྱུར་བྱུང་བའི་ནད་ཅིག་ཁྱབ་གདལ་འགྲོ་མགོ་ཚུགས་ཡོད་པ་དང་། ཧི་མ་ཅཱལ་གཱང་ར་རྫོང་ཁོངས་སུ་ཡོད་པའི་པོན་(Pong Dam)མཚོ་ཁུལ་དང་། རཱ་རྗི་སི་ཐན་མངའ་སྡེ་སོགས་ཀྱི་ནང་གནས་སྤོ་བྱ་རིགས་དང་ཕོ་རོག་སོགས་སྟོང་ཕྲག་མང་པོ་ཤི་བཞིན་ཡོད་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེ་ནང་བྱ་གག་བརྒྱ་ཚོ་མང་པོ་ཤི་ཡོད་འདུག


དེ་འབྲེལ་གནས་ཚུལ་སྐོར་ལ་རྒྱ་གར་རྒྱལ་ཡོངས་སེམས་ཅན་འགོས་ནད་བདེ་འཇགས་ཁང་གིས། ཁོ་ཚོར་རྒྱ་གར་རཱ་རྗི་སི་ཐན་མངའ་སྡེ་དང་མཱ་དྷེ་ཡི་མངའ་སྡེ། ཧི་མ་ཅཱལ་སོགས་ནས་ཉིན་ཤས་རིང་བྱ་ནད་བརྟག་དཔྱད་བྱ་ཡུལ་འབྱོར་བ་ལྟར། བརྟག་དཔྱད་གྲུབ་འབྲས་སུ་(H5N8)རིམ་འགྱུར་བྱ་ནད་(avian influenza)ཞེས་པ་ཐོན་ཡོད་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་བྱ་ནད་བྱུང་ཡུལ་གྱི་ས་གནས་སོ་སོ་ནས་མི་མང་ལ་ཡིད་གཟབ་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་པ་མ་ཟད། ཀེ་རཱ་ལ་མངའ་སྡེའི་ནང་བྱ་ནད་བྱུང་ཡུལ་གྱི་ཉེ་ཁུལ་མི་ཁག་ཅིག་ལ་བརྟག་དཔྱད་བྱེད་མགོ་ཚུགས་ཡོད་འདུག  

 

དེ་བཞིན་ཧི་མ་ཅཱལ་མངའ་སྡེའི་ངོས་ནས་དངོས་སུ་གསལ་བསྒྲགས་སྤེལ་ནས། བྱ་ནད་དེ་རྒྱ་གར་གྱི་སེམས་ཅན་འགོས་ནད་བརྟག་དཔྱད་ཁང་མཐོ་ཤོས་གཉིས་ནས་བརྟག་འབྲས་སུ། བྱ་ནད་ཡིན་པའི་གྲུབ་དོན་ཐོན་ཡོད་པ་མ་ཟད་ཉིན་རེར་པོན་མཚོ་ཁར་བྱ་རིགས་གྲངས་ ༡༤༤༦ ཙམ་ཤི་བཞིན་ཡོད་པས། ཉ་བ་དང་ཡུལ་སྐོར་བ་སོགས་ཉིན་གྲངས་ ༥ རིང་མཚོ་ཁུལ་དུ་འགྲོ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། ཉེ་འཁོར་ས་གནས་གྲོང་སྡེ་ཁག་ཅིག་ནང་བྱ་ཤ་དང་ཉ་ཤ་སོགས་གང་ཡང་ཉོ་འཚོང་མི་ཆོག་པ་བྱས་ཡོད་འདུག


བྱ་ནད་དེ་ནི་ཕྱི་ལོ་ ༢༠༡༠ ལོར་ཐོག་མར་རྒྱ་ནག་ནང་བྱ་གག་ནས་ཁྱབ་གདལ་ཕྱིན་ཡོད་པ་ནས་བཟུང་། འཛམ་གླིང་ཡོངས་དང་ལྷག་པར་དུ་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནང་ཤུགས་ཆེར་ཁྱབ་ཡོད་པ་དང་། བྱ་ནད་དེ་བྱ་ནས་མི་ལ་འགོས་ཁྱབ་འགྲོ་བ་མ་ཟད་མི་འདས་གྲོངས་སོང་བའི་གནས་ཚད་མཐོ་བོ་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ནང་བྱ་ནད་དེ་ཁྱབ་མགོ་ཚུགས་ཡོད་ན་ཡང་། གཞུང་གི་དོ་དམ་དང་སྔོན་འགོག་འོག་ཤུགས་ཆེན་པོས་ཁྱབ་གདལ་ཕྱིན་མེད་པ་དང་། བྱ་ནད་དེའི་ནད་རྟགས་ནི་ཚ་བ་རྒྱས་པ་དང་མགོ་ན་བ། དབུགས་འབྱིན་རྔུབ་དཀའ་བ། ཤ་གནད་ན་བ། ལུས་ཁམས་འཁྲུག་པ། སྣ་ཆུ་བཞུར་བ། གློ་ལུད་རྒྱག་པ། གྲོད་པ་བཤལ་བ་སོགས་བྱུང་གི་ཡོད་འདུག


བྱ་ནད་དེ་འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་སི་ཁྲོན་ཞིང་ཆེན་ནང་བྱུང་སྟེ་བྱ་དེ་མང་པོ་ཤི་ཡོད་པ་དང་། རྒྱ་ནག་ནི་འཛམ་གླིང་གི་ཕག་ཤ་དང་བྱ་ཤའི་ཁྲོམ་ར་ཆེ་ཤོས་ཡིན་པ་ལྟར། ཕག་དང་བྱ་གསོ་ར་བ་འབོར་ཆེན་ཡོད་སྟབས་རྒྱ་ནག་ནང་ལོ་རེ་བཞིན་བསྟུན་མར་ཕག་ནད་དང་བྱ་ནད་རིམ་པར་འབྱུང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་བྱུང་བའི་(swine flu)ཕག་ནད་རྒྱ་ནག་གི་མི་གྲངས་ ༡༢༠།༩༤༠ ལྷག་ལ་བྱུང་ཡོད་པ་དང་། རྒྱ་ནག་ངོས་ནས་ནད་རིགས་དེ་དག་བཀག་འགོག་ཐུབ་བཞིན་ཡོད་སྐོར་བརྗོད་ཡོད་ན་ཡང་།  ཕག་ནད་དང་བྱ་ནད་དེ་རིགས་མུ་མཐུད་རྒྱ་ནག་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པ་རེད།

 


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post