རྒྱ་རྒན་འདི་དངོས་སུ་སྲོག་ཐོག་བཏང་ཡོད་འདུག

དེ་རིང་ཕྱི་ཚེས་ ༡ ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ པོའི་ཟླ་མགོར་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དེ་སྔའི་དྲུང་ཆེ་ཟུར་བ་དང་། རྒྱ་ནག་ཧཱ་རུང་(Huarong)དངུལ་ཁང་གི་འགན་འཛིན་ཟུར་བ་ལེ་ཞའོ་མེན་(Lai Xiaomin)ཟེར་བར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་སྲོག་ཁྲིམས་བཅད་ཡོད་པ་ལྟར། ཕྱི་ཟླ་ ༡ ཚེས་ ༢༩ ཉིན་དངོས་སུ་སྲོག་ཐོག་ལ་བཏང་ཡོད་འདུག

དེ་འབྲེལ་གནས་ཚུལ་ཐད་རྒྱ་ནག་གཞུང་འབྲེལ་(CCTV)ཟེར་བས། ལེ་ཞའོ་མེན་ལ་རྒྱ་ནག་བྱང་ཕྱོགས་ཊེན་ཅང་(Tianjin)ཁྲིམས་ཁང་གིས་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་པ་ལྟར། རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་དངོས་སུ་སྲོག་ཐོག་བཏང་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་ཟེར་བས་ལེ་ཞའོ་མེན་གྱི་ལྐོག་ཟ་རུལ་སུངས་བྱས་པའི་འབོར་ཧ་ཅང་མང་པོ་དང་། ཁོའི་ནག་ཉེས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་མ་ཟད། སྤྱི་ཚོགས་ལ་བཞག་པའི་ཤུགས་རྐྱེན་ངན་པ་ཡིན་སྟབས། ཆེས་མཐོའི་ཁྲིམས་ཁང་ནས་སྲོག་ཐོག་གཏོང་རྒྱུའི་ཆོག་མཆན་སྤྲད་པ་ཡིན་སྐོར་བརྗོད་འདུག

དེ་བཞིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ལེ་ཞའོ་མེན་སྲོག་ཐོག་ག་བཏང་ཡོད་སྐོར་བརྗོད་པ་ལས། ག་འདྲ་བཏང་ཡོད་སོགས་ཀྱི་གནས་ཚུལ་གསལ་ཁ་མེད་ན་ཡང་། གཞུང་འབྲེལ་གསར་ལམ་ཁག་ཏུ་ཁོ་སྲོག་ཐོག་མ་བཏང་བའི་སྔོན་ལ། ནང་མི་ཉེ་འབྲེལ་དང་གྲོགས་པོ་སོགས་ལ་ཐུག་འཕྲད་བྱེད་བཅུག་ཡོད་སྐོར་བཀོད་ཡོད་པ་དང་། ཁོ་སྲོག་ཐོག་གཏོང་སྐབས་ཁྱོན་རྒྱ་སྒོར་དུང་ཕྱུར་ ༡༧ དང་བྱེ་བ་ ༨ ས་ཡ་ ༨ གྱི་ནག་ཉེས་གཡོག་ཡོད་སྐོར་བརྗོད་འདུག


རྒྱ་ནག་གཞུང་གིས་ལེ་ཞའོ་མེན་ཕྱི་ལོ་ ༢༠༡༨ ལོ་ནས་འཛིན་བཟུང་བཀག་ཉར་བྱས་ཏེ། འདས་པའི་ལོ་ངོ་ ༢ རིང་འདྲི་རྩད་དང་ཞིབ་བཤེར་བྱས་ཡོད་པ་དང་། ཉེ་སྔོན་ཁོང་ལ་སྲོག་ཁྲིམས་གཅོད་སྐབས་ཁོའི་ཁྲིམས་རྩོད་པ་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་སོགས་ནས། རྒྱ་ནག་གཞུང་གིས་ཁོ་ལ་སྲོག་ཁྲིམས་བཅད་པ་ནི་བདེན་པ་ར་སྤྲོད་གང་ཡང་མེད་པར་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་དང་། རྒྱ་ནག་གཞུང་གིས་ལོ་རེར་གཞུང་གི་ལྟ་བ་དང་མི་མཐུན་པའི་ལངས་ཕྱོགས་འཛིན་མཁན་ཚོར་ནག་ཉེས་འདྲ་མིན་གཡོག་ནས་སྲོག་ཁྲིམས་གཅོད་བཞིན་པ་དེ་དྲང་བདེན་མིན་པའི་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post