བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ་ལས་འཕྲོས་ཏེ་རྩོམ་པ་པོ་ཅུང་ཟད་གླེང་བ།
རང་ཉིད་ཀྱི་དགེ་རྒན་བཀའ་དྲིན་ཅན་གང་ཉིད་ལ་མི་ལོ་ཆེན་པོ་གསུམ་ལྷག་ཙམ་བསྟེན་མྱོང་བར་གཞིགས་ན།
ཁོང་ནི་མཁྱེན་ཡོན་གཉིས་ལྡན་དང་སྤྱོད་བཟང་གཉིས་ལྡན་ཞིག་ཡིན་པར་མ་ཟད། འཆད་པ་དང་རྩོམ་པ་གཉིས་ལ་བླ་ན་མེད་པ་ཞིག་ཡིན་པ་ངེད་སློབ་བུ་རྣམས་ཀྱི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་ཡལ་བ་མེད།
ལྷག་ཏུ་ལོ་རྒྱུས་ཀྱི་ཐ་སྙད་རེ་རེ་ལ་གཟབ་ནན་ཆེ་ཞིང་གོ་བ་རྒྱ་ཆེར་བཀྲལ་བར་དམིགས་བསལ་གྱི་ཡོན་ཏན་ཡོད་མཁན་ཞིག་ཡིན།
ཁོང་ནི་བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ལ་མཁྱེན་རྒྱ་ཆེ་བའི་སྒང་ལ་གོ་བདེ་ཞིང་ཉན་སྤྲོ་བའི་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་ཡོད། ཐབས་ལམ་དེས་ངེད་ཅག་གི་ཡིད་སེམས་དབང་མེད་དུ་འཕྲོག་མྱོང་ལ།
ཐབས་ལམ་དེས་ངེད་ཅག་གི་བློ་མིག་གི་སྒོ་མོ་ཡངས་པོར་ཕྱེ་མྱོང་།
སློབ་དཔོན་ཁོང་ཆེད་ལས་དེར་ཤིན་ཏུ་མཁས་པར་མ་ཟད། ད་དུང་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། སེམས་འགུལ་ཐེབས་པའི་སློབ་གསོ་རྒྱག་རྒྱུར་བྱང་ཆ་ཤིན་ཏུ་ཆེ། ཁོང་གི་སློབ་གསོས་ངེད་ཅག་གི་ཡིད་སེམས་འགུག་ཆེ་དྲགས་ནས། ཉིན་ཞིག་སྟག་ཚང་རིག་རྒོད་(ད་ལྟ་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན།)
ཀྱིས་”མི་ཚེར་རྒན་(སྨན་ཤེར་བློ་གྲོས་)ལགས་ཀྱི་སློབ་གསོ་ཉན་ནས་འདུག་རྒྱུ་བྱུང་ན་ཆུ་དང་རྩམ་པ་མ་གཏོགས་ཟ་རྒྱུ་མེད་ཀྱང་སྐྱིད་པོ་ཡོང་ས་རེད་”ཟེར་བ་དང་། ཡང་ཉིན་ཞིག་ཐུབ་བསྟན་དབང་འདུས(ད་ལྟ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་)ཀྱིས་ཕྲན་ལ་ནང་མོལ་གྱི་ཚུལ་དུ་”དེ་རིང་སློབ་མ་ཞིག་གིས་སྒྲིག་འགལ་གྱི་ལས་ཀ་བྱས་ཡོད་པར་སྨོན།
དེ་ལྟར་བྱས་ཡོད་ན་རྒན་ལགས་(སྨན་ཤེར་བློ་གྲོས་)ཀྱི་སློབ་གསོ་ཉན་རྒྱུ་རག་གི་རེད་”ཅེས་བཤད་མྱོང་།
དེ་དང་དེ་བཞིན་ངེད་ཅག་སློབ་བུ་རྣམས་ཀྱིས་སྐོམ་པ་ཆུ་འདོད་ལྟར་ཁོང་གི་སློབ་གསོ་ཉན་འདོད་པ་ནི་ཁོང་ལ་སློབ་གསོ་རྒྱག་རྒྱུར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པས་ཡིན།
ཁོང་གིས་ངེད་ཅག་ལ་ཤིན་ཏུ་ནས་སྙིང་ཉེ་ཞིང་ཕན་སེམས་ཆེ། ང་ཚོ་སློབ་མཐར་ཕྱིན་ལ་ཉེ་བའི་སྐབས་སུ་དམིགས་བསལ་གྱི་བཀའ་སློབ་ཅིག་གནང་མྱོང་བ་དེ་ངས་ཡང་ཡང་དྲན་སོས་པར་བྱེད་བཞིན་ཡོད། དེ་ནི་”མི་ཚེར་ཤེས་ཡོན་དང་མཉམ་དུ་འགྲོགས་དང་སྐྱིད་པོ་རེད། ཆབ་སྲིད་ཀྱི་ནང་དུ་མ་འཛུལ། སྤྱི་ཚོགས་སུ་སླེབས་དུས་གྲོགས་པོ་དང་ཕ་ཡུལ་གཅིག་པ་ཡིན་ཟེར་མཁན་དེ་ཚོས།
གཅིག་གཅིག་ལ་དགག་པ་བྲིས་དང་མིག་མིག་ལ་དགག་པ་བྲིས་དང་། ཁྱོད་ཚོ་ཤེས་ཡོན་པ་མ་རེད་དམ།
ཁྱོད་ཚོས་མ་བྲིས་ན་སུས་འབྲི་དགོས་རེད་སོགས་བཤད་མཁན་མང་པོ་ཡོང་གི་རེད། དེ་ཚོའི་ཁ་ལ་མ་ཉན།
རྩོམ་ཐུང་ཐུང་གཅིག་གིས། སྐད་ཆ་ཚིག་གཅིག་གིས་མི་ཚེ་གང་བོ་ནག་པོ་བཟོ་གི་རེད།”ཅེས་གསུངས་མྱོང་། ད་ལྟའི་དུས་སུ་བཀའ་སློབ་དེ་ཤིན་ཏུ་རྨད་དེ། ཕྱིས་སུ་ཁོ་བོར་དེ་ལྟར་ལབ་མཁན་འགའ་ཞིག་བྱུང་བ་ན་རྒན་ལགས་ཀྱི་བཀའ་སློབ་དེ་ཡང་ཡང་དྲན་སོས་ཤིང་རྟ་ཁ་གཡང་ས་ནས་དཀྱུས་པ་དེ་འདྲའང་བྱུང་མྱོང་།
རྒན་ལགས་ཀྱིས་ང་ཚོར་རྒྱུན་དུ་མགྱོགས་ཐུག་མ་འཐུང་གསུངས་ཀྱི་ཡོད། དེའི་གོ་བ་གཞན་པ་ཞིག་ཡོད་དེ། དེ་ནི་རྒྱུན་དུ་གང་ནས་བཙལ་ཀྱང་རྙེད་སླ་བའི་དཔེ་དེབ་དང་། ཅི་ལྟར་བཀླགས་ཀྱང་ཕུགས་སུ་མི་ཕན་པའི་དཔེ་དེབ། དེབ་དེས་ལྡོགས་ཕྱོགས་ཀྱི་ནུས་པ་འདོན་པ་སོགས་ཀྱི་དཔེ་དེབ་ནི་མགྱོགས་ཐུག་ལྟ་བུ་ཞིག་ཡིན་པས་ཁྱོད་ཀྱི་དུས་ཚོད་འཕྲོ་བརླག་རེད་ཅེས་ཡང་ཡང་གསུངས་མྱོང་།
དེ་བཞིན་རྒན་ལགས་ནི་ཚད་ལྡན་གྱི་དཔེ་མང་ཀློག་མཁན་ཞིག་ཡིན། ཁོང་གིས་ང་ཚོར་ཟླ་བ་དྲུག་རེའི་ནང་དུ་དེབ་ག་ཚོ་བཀླགས་ཡོད་མེད་དང་དེབ་ག་རེ་ག་རེ་བཀླགས་ཡོད་མེད་ཐོ་རུ་འགོད་འཇུག་གིན་ཡོད། རྒན་ལགས་ཁོང་གིས་དེབ་མང་ཤོས་བཀླགས་པའི་ལོ་དེར་གྲགས་ཆེ་བའི་དེབ་བརྒྱ་དང་དྲུག་བཅུ་ཙམ་བཀླགས་མྱོང་གསུངས་བར་མ་ཟད།
རྒྱུན་དུ་ལོ་རེར་དེབ་བརྒྱད་ཅུ་ནས་བརྒྱ་བར་ཀློག་གི་ཡོད་གསུངས་མྱོང་བར་བདེན་པ་ཡིན། དེ་བདེན་པ་ཡིན་པ་ཅི་ལྟར་ཤེས་ཟེར་ན་ཅུང་ཟད་གཤམ་ནས་བཤད་རྒྱུ་ཡིན།
རྒན་ལགས་ནི་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་མཁན་ཞིག་ཡིན། ང་ཚོ་སློབ་མའི་ཉལ་ཁང་དང་རྒན་ལགས་ཀྱི་བཞུགས་ས་གཉིས་ཐག་ཉེ་ཡིན་པས་ང་ཚོས་རྒན་ལགས་སྔ་ལངས་ཉལ་ཕྱི་ཅི་ལྟར་བྱ་བཞིན་ཡོད་པ་རྒྱུན་དུ་མཐོང་ཐུབ།
དཔེར་ན། ང་ཚོ་ཡིག་རྒྱུགས་སོགས་ཐུག་ལ་ཉེ་བའི་སྐབས་སུ་ཞོགས་པ་སྔ་མོ་ཆུ་ཚོད་བཞི་པ་ལྔ་པ་ནས་ལངས་ཀྱང་རྒན་ལགས་དེའི་སྔོན་དུ་ལངས་ཟིན་ཞིང་དཔེ་ཀློག་ལ་འབད་བཞིན་ཡོད། ང་ཚོ་སྐབས་རེར་ཕྱི་པོ་བར་ཉལ་མི་ཐུབ་པར་དགོས་མི་དགོས་སྣ་ཚོགས་བཤད་ནས་མཚན་ཆུ་ཚོད་དང་པོ་བར་ལྷག་སོང་རུང་རྒན་ལགས་ད་དུང་དཔེ་ཀློག་བྱེད་བཞིན་ཡོད།
རྒན་ལགས་ནི་ཕྱི་རུ་མང་པོ་མི་ཐོན་ཞིང་མི་འདྲ་མིན་ལ་འབྲེལ་འདྲིས་བྱ་མི་དགོས་མཁན་ཞིག་ཡིན།
ལྷག་པར་དུ་གུང་གསེང་སོགས་ལ་དཔེ་མཚམས་ལྟ་བུར་འདུག་ཅིང་དུས་དུས་སུ་ཚལ་ཉོ་རུ་ཕེབས་པ་རེ་མཐོང་བ་ལས་དུས་ཚོད་མང་ཆེ་བ་དཔེ་ཀློག་གིས་འདའ་བར་བྱེད། རྒན་ལགས་ཀྱི་དཔེ་ཀློག་བྱེད་སྟངས་ཀྱང་དམིགས་བསལ་ཞིག་ཡོད། རྒྱུན་དུ་ཟིན་བྲིས་མང་པོ་འདེབས་དགོས་མཁན་ཞིག་ཡིན་པར་མ་ཟད།
དཔེ་ཆ་གལ་ཆེ་བའི་རིགས་བཤུ་འབྲི་བྱ་དགོས་མཁན་ཞིག་ཡིན་དེ། ཁོང་གིས་ཉིན་ཞིག་ང་ཚོར་དཔེ་ཀློག་གང་བྱས་པ་དེ་སེམས་སུ་ཡུན་རིང་འདུག་ཐབས་དང་།
ཚིག་དོན་གསལ་པོར་རྟོགས་ཐབས་སུ་བཤུ་བྲི་བྱ་དགོས་སྐོར་གསུངས་བྱུང་བ་དང་། དཔེ་མཚོན་གྱི་ཚུལ་དུ་ཁོང་གིས་<<ཆོས་འབྱུང་མཁས་པའི་དགའ་སྟོན།>>ཚར་ཁ་ཤས་བཤུ་མྱོང་གསུངས་བྱུང་།
གོང་གི་སྣང་ཚུལ་འདི་དག་གིས་རྒན་ལགས་དཔེ་མང་ཀློག་མཁན་ཞིག་ཡིན་པར་རྟོགས་ཐུབ།
རྒན་ལགས་ནི་ཕྱི་ནང་གཉིས་ཀར་གཙང་མར་འདུག་དགོས་མཁན་ཞིག་ཡིན་ཞིང་། ཁོང་གིས་རྒྱུན་དུ་ང་ཚོར་གཙང་མ་བཟོ་དགོའ་པའི་བསླབ་བྱ་མང་དུ་གནང་བཞིན་ཡོད།
དེ་བཞིན་དངོས་སུ་ནོར་གླིང་གི་གཡས་གཡོན་དུ་གཙང་བཟོའི་ལས་འགུལ་མང་དུ་སྤེལ་ཞིང་། དཀའ་ཚེགས་ཆེ་སར་རྒན་ལགས་ཁོང་སྔོན་དུ་རྒྱུགས་ཤིང་ང་ཚོར་གཡོལ་ནས་འདུག་མི་བཟོད་པའང་བཟོ་བཞིན་ཡོད།
རྒན་ལགས་ཁོང་གཡས་གཡོན་གྱི་ཁོར་ཡུག་ལ་བསམ་ཤེས་ཤིན་ཏུ་ཆེ་བ་ཞིག་ཡིན། དེའི་དཔེ་མཚོན་ལྟ་བུ་ཞིག་ནི། རྒན་ལགས་ཁོང་བོད་རིག་པའི་ཚོགས་འདུ་སོགས་ཕྱི་རྒྱལ་ལ་ཡང་ཡང་ཕེབས་དགོས་ཀྱིན་ཡོད་པས་ཉིན་ཞིག་ཁོང་ཕྱི་རྒྱལ་ནས་ཚུར་སློབ་གྲྭར་འབྱོར་ཞིང་།
དེ་ནི་ཞོགས་པ་དུས་ཚོད་བདུན་པ་ཙམ་ལ་ཡིན། སྐབས་དེར་ནོར་གླིང་གི་གཡས་གཡོན་དུ་ཡོད་པའི་དུད་ཚང་མང་ཆེ་བ་ད་དུང་ལངས་མེད།
རྒན་ལགས་ཀྱིས་མོ་ཊའི་ལམ་ཟུར་ནས་འཁོར་ལོ་ཡོད་པའི་འདྲུད་སྒམ་ཆེན་པོ་གཉིས་ཁུར་ནས་ཡོང་གི་ཡོད་པ་སྔ་མོ་ལངས་མཁན་བུད་མེད་ཅིག་གིས་མཐོང་།
བུད་མེད་དེ་ཧང་སངས་ཤིང་”འདྲུད་སྒམ་ལ་འཁོར་ལོ་འདུག་པས་རྒྱབ་ལ་ཁུར་ནས་ག་རེ་ཡིན་ནམ་”ཞེས་དྲིས།
རྒན་ལགས་ཀྱིས་འཛུམ་ཙམ་གནང་ཞིང་”ཞོགས་པ་སྔ་མོ་སྒམ་དྲུད་ནས་ཡོང་ན་གཡས་གཡོན་གྱི་གྲོང་པ་ཁྱིམ་མཚེས་གཉིད་ལས་དཀྲོག་ནས་སུན་པོ་བཟོ་གི་རེད།
དེ་ལས་ཁུར་ནས་སོང་ན་ཡག་གི་རེད་”གསུངས་འདུག་པ་ཕྱིས་སུ་བུད་མེད་དེས་ང་ལ་ཧང་སངས་སངས་བྱས་ནས་བཤད་བྱུང་།
རྒན་ལགས་ཁོང་ཤིན་ཏུ་གཙང་མར་འདུག་དགོས་མཁན་ཞིག་ཡིན་ནའང་སྟོད་ཐུང་ཕལ་ཆེ་བའི་ཕུ་ཐུང་གི་ཁ་ནས་ཅུང་ཟད་ཐེད་ཡོད། ཡིན་ནའང་དེས་ང་ཚོར་སློབ་གསོ་གཞན་པ་ཞིག་གཏོང་གི་ཡོད་པ་ནི།
གཙང་མར་འདུག་དགོས་ཟེར་བ་ནི་གོས་ལོག་གསར་པ་རྐྱང་རྐྱང་གོན་དགོས་ཟེར་བའི་དོན་མིན་པ་དྲི་མ་མེད་པའི་གོས་གོན་དགོས་ཟེར་བའི་དོན་ཡིན། མ་ཟད། བྱེད་སྟངས་དེས་ཁོང་ནི་ཧ་ཅང་གི་ཤེས་ཡོན་པ་ཉམས་ཆུང་ཞིག་ཡིན་པའི་སྣང་ཚུལ་སྟེར་བ་དང་།
ལྷག་པར་དུ་ཁོང་དཔེ་ཀློག་དང་སློབ་ཁྲིད་ལ་དབྱིངས་བཞུགས་ཆེ་དྲགས་ནས་གོས་གསར་པ་ཞིག་ཉོ་རུ་འགྲོ་རྒྱུའི་དུས་ཚོད་མེད་པར་མཚོན། དངོས་གནས་དེ་འདྲ་ཞིག་ཡིན་ཏེ། ཁོང་གིས་ཉི་མ་རེ་རེའི་དུས་ཚོད་རེའུ་མིག་བཟོས་ཤིང་དཔེ་ཀློག་དང་སློབ་ཁྲིད་ལ་བརྩོན་བཞིན་ཡོད་པས་རེའུ་མིག་དེའི་ནང་གོས་ལོག་ཉོ་རུ་འགྲོ་བའི་རེའུ་མིག་ཅིག་མེད་པས་ཀྱང་ཡིན།
ཐོག་དང་པོར་ང་ཚོ་སློབ་ཆེན་དེར་ཡར་འཛུལ་དུས་ང་རྒྱལ་གྱི་ལྒང་བུ་ཆེན་པོ་རེ་ཁུར་རྒྱུ་ཡོད། དེ་ལོས་ཡིན་ཏེ། གདན་ས་ཆེན་པོ་མང་པོར་སློབ་གཉེར་གནང་མྱོང་མཁན་དང་། སློབ་གྲྭ་ཆེ་ཆུང་མང་མོ་འགྲེམས་མྱོང་མཁན། བོད་ཕྱི་ནང་གཉིས་སུ་དགེ་རྒན་དང་རྩོམ་སྒྲིག་པ། རྩོམ་པ་པོ་དང་སྙན་ངག་པའི་ཆོ་ལོ་ཡོད་མཁན།
སྐད་ཡིག་གཉིས་གསུམ་ལ་བྱང་ཆ་ཆེ་བ། ཐ་ན་ཅི་ཡང་མེད་པའི་ཨ་ཕོ་ང་ལྟ་བུར་མཚོན་ནའང་ཁུངས་དང་ལུང་མི་དགོས་པའི་གོ་ལོ་ཐོས་ལོ་ཚང་མ་བཤད་རྒྱུར་བླུན་པོའི་དཔའ་འདེང་ཆེན་པོ་ཞིག་ཡོད། རྒན་ལགས་ཁོང་གིས་རྒྱུན་ལྡན་གྱི་སློབ་ཁྲིད་དང་དུས་དུས་སུ་སློབ་གསོ། ཁ་དཀར་ཁོག་དཀར་གྱི་མན་ངག་རེ་རེས་ང་ཚོའི་ང་རྒྱལ་གྱི་ལྒང་བུ་ཆུང་དུ་བཏང་ཞིང་ཕུགས་བསམ་གྱི་ལམ་བུ་རིང་དུ་བཏང་མྱོང་། རྒྱུ་མཚན་དེས་ང་ཚོ་སློབ་མཐར་ཕྱིན་ཁར་ལྟོས་ས་ལྟོས་འཇོག་གི་ཆ་ནས་བཤད་ན་ཡ་རབས་ཚུལ་མཐུན།
གུ་ཡོངས་སྒམ་དཀྱེལ། དཀའ་ཚེགས་ལ་བཟོད་ཐུབ་མཁན་འབའ་ཞིག་ཡིན།
མཐའ་དོན་རྒན་ལགས་ཁོང་གི་ཚེ་བསོད་དབང་ཐང་ཡར་ཆབ་སྔོན་མོ་ལས་རྒྱུན་རིང་ཞིང་། ཡར་ལྷ་ཤམ་པོ་ལས་དཔངས་མཐོ་བ་དང་ཡར་འབྲོག་གཡུ་མཚོ་ལས་གཏིང་ཟབ་པར་སྨོན།
བཀྲ་ཤིས་ཁ་དགེ།
སྤྱི་ལོ་༢༠༢༡/༠༡/༢༣ ལ་ཨོ་གླིང་གི་རི་སྔོན་པོའི་རྩེ་མོ་ནས།
བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ།
འཇིག་རྟེན་མི་ཡུལ་དུ་འཁྲུངས་པར་དགའ་སྤོབས་ཧ་ཅང་ཆེ། སློབ་དཔོན་ཁོང་གིས་ཆེས་རླབས་ཆེ་བའི་ཕྱག་ལས་མང་པོ་ཞིག་བསྒྲུབ་ངེས་པ་དང་།
བསྒྲུབ་ཐུབ་པའི་ཡིད་ཆེས་ཕྲན་ཆུང་ལ་ཡོད་སྟབས། དེ་རིང་གི་འདི་ཙམ་ལ་ཧ་ལས་ཧོན་ཐོར་དེ་འདྲ་གང་ཡང་བྱེད་ཀྱི་མེད།
ནམ་རྒྱུན་ནས་ང་ཁོང་ལ་གུས་ས་དང་མོས་ས་ཆེ་ཤོས་ཤིག་ཡོད་པ་ནི། ཁོང་གིས་ཁྱོད་ཚོ་མགྱོགས་པོར་རྒྱུགས་ཤིག་ཅེས་འཆད་བཞིན་རང་ཉིད་ལྷོད་ལྷོད་དུ་མི་སྡོད་པར།
ང་ཚོ་གང་མགྱོགས་མཉམ་དུ་བསྐྱོད་ཅེས་གསུང་བཞིན་ཁོང་རང་ཉིད་སྔོན་དུ་ཕེབས་འགྲོ་བ་འདི་ཡིན།
དེ་རིང་གི་ལེགས་གྲུབ་འདིའང་ང་ཚོར་གནང་བའི་དཔེ་མཚོན་མང་པོའི་ནང་གི་གཅིག་རེད།
ང་ལ་མཚོན་ན་བཙན་བྱོལ་བའི་སྤྱི་ཚོགས་འདིའི་ནང་དགའ་གུས་ཞུ་སའི་མི་ཧ་ཅང་ཉུང་ཤས་ཤིག་ལས་མེད་པའི་ནང་གི་ཁོང་ནི་དགུང་གི་དུང་ཟླ་ལྟར་བདག་གི་སེམས་ཀྱི་མཁའ་ཀློང་ན་དུས་ནམ་ཡང་འོད་དུ་འཚེར་ངེས།
མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཡོད་པས་ལྟ་སྟངས་དང་མཐོང་སྟངས་མི་འདྲ་བ་ཡོད་ཆོག་ལ།
མཐོང་སྟངས་དང་གནས་སྟངས་མི་གཅིག་པའང་ཡོད་ལོས་ཆོག་སྟེ། ཕྲན་ཆུང་གི་ངོས་ནས་ཁོང་ནི་ལྷད་མེད་དྭངས་གཙང་གི་ཤེས་ཡོན་པ་མཁས་མཛངས་གཉིས་ལྡན་ཞིག་ཡིན་པར་ཡིད་ཆེས་ནམ་ཡང་ཞུ་བཞིན་ཡོད།
རང་རེའི་ལོ་རྒྱུས་ཀྱི་ཐད་ནས་གླེང་ན། མེ་ལ་བསྲེགས་པ་དང་། ས་རུ་སྦས་པ།
རྫུན་བཟོས་བྱས་པ། འཁྱོག་བཤད་བྱས་པ། ལྷད་ཞུགས་པ། མ་དག་རྒྱུན་འབྱམས་སུ་སོང་བ་སོགས་ཡོད་ཚད་ཀྱི་ཁ་དོག་ཡོངས་སུ་ཤོར་ཞིང་།
གང་ལའང་ལྟར་མི་བཟོད་པ་ཐག་རུལ་ལྟ་བུའི་ལྷ་སྒྲུང་གི་ངོ་བོར་ད་དུང་ཡང་གནས་པ་ངོ་མཚར་ཆེ་བའི་སྤྲེའུ་བྱང་སེམས་ཀྱི་སྒྲུང་སོགས་དང་། དེ་དག་ལ་དཔྱད་གཏམ་ཙམ་ཡང་སྤེལ་མི་ནུས་པའི་དད་ལྡན་ལོང་བའི་དཔུང་ཚོགས་འདིར།
སྔར་མེད་པའི་འོད་སྣང་གསར་པ་ཞིག་ཁོང་དང་ཁོང་ལྟ་བུའི་སྐྱེས་ཆེན་རེ་ཟུང་ཞིག་གིས་སྦྱིན་ངེས་པའི་ཡིད་ཆེས་དང་རེ་བ་ཧ་ཅང་ཆེ།
དེས་ན་ཁོང་གིས་རྩོམ་སྒྲིག་གནང་བའི་ <<བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ།>>འཇིག་རྟེན་འདིའི་ལོ་རྒྱུས་དང་ཤེས་རིག་གི་རྒྱན་དུ་གནང་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་དང་བཀའ་དྲིན་ཆེ་ཞུ།
མ་འོངས་པར་ཐུགས་བཞེད་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་སྙིང་དབུས་ནས་ཞུ་བཞིན་ཡོད།
གཟི་བརྗིད་ལྡན་པའི་སློབ་དཔོན་ཁོང་ང་ཚོའི་རྒྱབ་ཏུ་ཆེས་སྲ་བརྟན་གྱི་རི་བོ་ཧི་མ་ལ་ཡ་ལྟར་འགྱིངས་ནས་ཡོད་ཀྱང་།
ནམ་རྒྱུན་ང་ཁོང་གི་སློབ་མ་ཡིན་ལབ་རྒྱུའི་སྤོབས་པ་དེ་ཙམ་མེད། འོན་ཀྱང་དེ་རིང་སློབ་གྲོགས་ཚོར་ནང་གཏམ་གྱི་ཚུལ་དུ་རང་གི་རྨོངས་འཆར་ཐུང་ངུ་འདི་ཁོང་གི་མཛད་རྗེས་ལ་གུས་བཀུར་དང་ཡི་རང་མཚོན་བྱེད་དུ་ཕུལ་བ་ཡིན།
དབྲ་རུ་བཀྲིས་དབང་འདུས་ཀྱིས་གུས་འདུད་དང་བཅས་སྤྱི་ལོ་ ༢༠༢༡ ཟླ་
༡ ཚེས་ ༢༤ ཉིན་བྲིས།
རྒན་ལགས་བཀའ་དྲིན་ཆེ་རྟེན་འབྲེལ་ཞུ།
<<བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ།>>ཞེས་པའི་ལོ་རྒྱུས་ཀྱི་དེབ་ཐེར་འདི་ནི་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་གི་ཤེས་རབ་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་པའི་ལོ་རྒྱུས་ཀྱི་དེབ་ཕྲེང་གཉིས་པ་སྟེ།
ཁོང་གིས་ལོ་ངོ་མང་པོའི་རིང་ལ་སེམས་ཤུགས་དང་ལུས་ཤུགས་ཡོད་ཚད་དཔེ་ཀློག་གི་དོན་དུ་ཕུལ་བའི་འབྲས་བུ་ལས་ཉིང་བསྡུས་བགྱིས་ཏེ་གྲུབ་པ་ཞིག་གོ། སློབ་དཔོན་ཁྱེད་ཀྱིས་འདི་ལྟ་བུའི་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་མོ་ཞིག་ཀློག་པ་པོ་དག་ལ་ལེགས་སྐྱེས་སུ་ཕུལ་བར་རྟེན་འབྲེལ་ཞུ།
བདག་དང་བདག་ལྟ་བུའི་སློབ་བུ་མང་པོ་ཞིག་མུན་པའི་ཀློང་དུ་ཚུད་ཅིང་། མི་ཚེའི་ལམ་བུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བོར་བའི་མི་བུ་ནུས་མེད་ཀྱི་སྐབས་སུ། ཁྱེད་ནི་མུན་པའི་སྨག་རིམ་འཇོམས་པའི་འོད་ཀྱི་ཐིག་ལེ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་པའི་རླབས་ཆེན་གྱི་སློབ་དཔོན་ལགས།
མི་ཡུལ་གྱི་གྲུ་ཁ་གཞན་ཞིག་ལས་བདག་གིས་དགའ་སྐྱོ་ཟུང་ལྡན་གྱི་སློབ་སྦྱོང་གི་འཚོ་བ་སྟེ་མཐོ་སློབ་ཀྱི་འཚོ་བའི་གྲུ་ཟུར་མང་པོ་ཞིག་ནང་སེམས་སུ་བཅུག་ནས་རེ་རེ་བཞིན་ནན་གྱིས་ཀློག་དུས། ཁྱེད་ཀྱིས་ངེད་ཅག་གི་ལེ་ལོ་དང་རྣམ་གཡེང་སོགས་བག་མེད་ཀྱི་བྱ་སྤྱོད་དག་བཅོམ་སྟེ་ང་ཚོ་ལ་དུས་ཚོད་ཀྱི་རིན་ཐང་རྟོགས་པའི་འདུ་ཤེས་བསྩལ། སློབ་དུས་རེ་རེའི་ནང་གི་ཁྱེད་ཀྱིས་ང་ཚོ་ལ་གནང་བའི་སློབ་གསོ་ཡི་ཚིག་འབྲུ་རེ་རེས་ང་ཚོ་ལ་སྔར་མེད་ཀྱི་སྤོབས་པ་བསྩལ་བར་བཀའ་དྲིན་ཆེ།
ཞེས་ཀུན་མིང་ཅན་གྱིས་༢༠༢༡ / ༢༥ དགོང་མོར་བྲིས།
ཉིན་འགའི་སྔོན་ནས་ངའི་བརྩེ་བའི་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་གིས་མི་ལོ་དུ་མའི་དུས་ཚོད་གསེར་གྱི་ཐིག་པ་རེ་རེ་བསགས་ཏེ།
«བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ་»ཞེས་པའི་པོད་ལྔ་ལས་གྲུབ་པའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་རྩོམ་སྒྲིག་ཅིག་ལེགས་གྲུབ་བྱུང་བར།
བདག་གི་སྙིང་ཁུང་རུས་པའི་གཏིང་ནས་དགའ་བ་ཚད་མེད་ཀྱིས། བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་།
བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་འབོད་པ་སོགས།
མདོར་ན་ཁྱེད་ཀྱི་མཛད་བཟང་གི་རི་མོ་འདི། མི་རིགས་ཤིག་གི་བླ་ཚེ་སྲོག་གསུམ་གྱི་རྒྱུ་བ་རེ་རེ་བྲིས་པའི་གཏམ་རྒྱུད་གསོན་པོ་ཞིག
གོ་ལ་འདིའི་ཡང་རྩེ་རུ་འོད་ལམ་མེ་གཟི་བརྗིད་དང་ལྷན་དུ་འཁྲུངས་པར། ཁྱེད་ཀྱི་སློབ་བུ་མང་པོ་ཞིག་གིས།
བཀྲ་ཤིས་ཀྱི་དབྱངས་རྟ་དང་། བདེ་ལེགས་ཀྱི་འགྱུར་ཁུག་སྙན་མོའི།
ཕུན་ཚོགས་ཀྱི་གཡང་འབོད་བྱེད་ཀྱིན། བཀའ་དྲིན་དང་རྟེན་འབྲེལ་ཞུ་བ་མཐོང་དུས། བདག་གིས་ཀྱང་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་དང་རྟེན་འབྲེལ་ཞུ་འདོད་བྱུང་།
རྒྱུ་མཚན། ཁྱེད་ཀྱི་ཕྱག་རྗེས་དང་མཛད་འཕྲིན། ད་དུང་ཁྱེད་ཀྱི་རེ་འདུན་དང་དམིགས་ཡུལ། ཁྱེད་ཀྱི་ཚེ་སྲོག་དང་ལང་ཚོ།
མདོར་ན་ཁྱེད་ཀྱི་ཡོད་ཚད་ནས་ཡོད་ཚད་ཐམས་ཅད། མི་རིགས་ཤིག་གི་ཚེ་སྲོག་རྟ་རྔ་འདྲ་བོ་འདིའི་ཆེད་དུ་འཚོ་ཞིང་གསོན་ཡོད་པ།
ང་དང་ངའི་སློབ་གྲོགས་ཚོ། ད་དུང་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་དུང་ཞེན་ཟབ་པའི་སྐྱེ་བོ་མང་པོ་ཞིག་གིས་ཧ་ལམ་མཁྱེན་ངེས་རེད།
ཁྱེད་ཀྱིས་རྔུལ་ཁྲག་ལས་གྲུབ་པའི་«བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ་»འདི་ཉིད་ལ་ལེགས་སོ་མི་ཞུ་མཁན་སུ་ཞིག་ཡོད།
སྤྱིར་བཏང་བཤད་ན། ང་ལྟ་བུ་སློབ་བུ་ཐ་མལ་བ་ཞིག་གིས་སློབ་དཔོན་ཆེན་མོའི་མཛད་རྗེས་དག་བསམ་བརྗོད་ལས་འདས་པ་ཞིག་ཡིན་རུང་།
བོད་ཀྱི་རིག་གནས་འདི་ཉིད་རིན་ཐང་ཆེ་བ་ལ་ཆེ་བ་ཡིན་པ་ཤེས་སུ་བཅུག་མཁན་སློབ་དཔོན་ཁྱེད་ཉིད་ཡིན་ཕྱིར།
གུས་པ་ལ་བཀའ་དྲིན་ཧ་ཅང་ཆེ་བའི་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་གིས་བསམ་པའི་དོན་ཀུན་ཐམས་ཅད་ཆོས་བཞིན་འགྲུབ་པ་དང་།
ལེགས་ཚོགས་མཐའ་དག་གེགས་མེད་ངང་མྱུར་ཏུ་འགྲུབ་པ་སོགས། མདོར་ན་ཅི་བསམ་དོན་འགྲུབ། བྱ་བ་ལེགས་གྲུབ། ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་དང་བཅས་ཏེ་བཀའ་དྲིན་མཚོན་ཆེད་དུ་ཅུང་ཙམ་བརྗོད་པའི་ཁུལ་ཡིན་པ་ལགས་སོ།
།
རང་ཉིད་མི་སྒེར་བ་ཞིག་དང་སྤྱིར་བཏང་གི་མི་དཀྱུས་མ་ཞིག ཤེས་ཡོན་ལ་ཁ་ཕྱོགས་པ་དང་ཤེས་ཡོན་གཙིགས་ཆེར་འཛིན་འདོད་ཅན་ཞིག་ཏུ་བསྒྱུར་བ་མ་ཟད།
རང་གི་རིག་གཞུང་དང་ལོ་རྒྱུས་ལ་དོ་སྣང་བྱ་འདུན་ཡོད་མཁན་ཞིག་ཏུ་བསྒྱུར་བ་སློབ་དཔོན་ཁྱེད་ཡིན་པས།
གུས་ནས་རྟག་ཏུ་སློབ་དཔོན་མཆོག་ཤེས་རིག་གི་ལམ་ལ་བསྐྱོད་པའི་མུན་སེལ་སྒྲོན་མེ་རུ་བསམ་ཞིང་དྲན་ནས་ཡོད།
ད་རེས་སློབ་དཔོན་ལགས་ཀྱིས་ལོ་ངོ་མང་པོར་དཀའ་ངལ་ཁྱད་བསད་ཀྱིས་བོད་ཀྱི་ལོ་རྒྱུས་སློབ་གཉེར་དང་ལོ་རྒྱུས་ཡིག་ཚང་ཐད་རླབས་ཆེན་གྱི་ཕྱག་རྗེས་སུ་<<བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ་>>ཞེས་པ་པོད་ལྔའི་བདག་ཉིད་ཅན་འདི་འདྲ་ཞིག་ཤེས་རབ་ཀྱི་འོད་དུ་བསྐྲུན་པར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།
ཞེས་པ་གུས་མིང་ཤར་སྒང་པདྨ་རྣམ་རྒྱལ་གྱིས་བཀྲ་ཤིས་རྟེན་འབྲེལ་ཞུ་དོད་དུ་ཕུལ་བ་ལགས།
ཉིན་ཤས་སྔོན་ནས་དྲྭ་ལམ་ན་སློབ་གྲོགས་མི་ཉུང་བ་ཞིག་གིས་རྒན་ལགས་ཀྱིས་བརྩམས་པའི་བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་པོ་ཞེས་པ་ཞིག་བརྒྱུད་སྤེལ་བྱེད་བཞིན་པ་མཐོང་བྱུང་།
སྐབས་དེར་ངའི་དྲན་འཆར་དུ་གསལ་བ་ནི་འདི་ནས་བརྩིས་པའི་མི་ལོ་གསུམ་བཞིའི་གོང་རོལ་ན། རྒན་ལགས་ཁོང་གིས་ཉིན་མཚན་ལྟོས་མེད་དུ་དཀའ་བ་སྤྱད་ནས་དཔེ་ཀློག་གི་ཉིང་ཁུ་དག་ང་ཚོར་ལྡུག་བཞིན་པའི་རྫོགས་ལྡན་གྱི་དུས་སྐབས་དེ་དང་།
སློབ་ཞོར་གྱི་བར་གསེང་ཡོད་ཚད་ན་དགོད་གཏམ་རྫོགས་མཐའ་མེད་པའི་སློབ་གྲོགས་རྣམས་ཀྱི་ཁ་མཚར་དང་ཀུ་རེ་དག་རེད།
སྤྱིར་བཏང་མི་ཚེའི་ནང་ལ་དགའ་སྐྱོ་ཟུང་དང་འབྲེལ་བའི་ཕྱིར་དྲན་བྱ་འོས་པའི་དུས་ཚིགས་མང་པོ་ཞིག་ཡོད་ཅིང་།
རང་ཉིད་ལ་མཚོན་ན། རྒན་ལགས་ཁོང་གི་ཐབས་མཁས་སློབ་གསོའི་མན་ངག་ལ་བརྟེན་ནས་རང་ངོ་རང་གིས་ཤེས་པའི་མི་ཞིག་བྱ་ཐུབ་པའི་སེམས་འགུལ་ཐེབས་མྱོང་ལ།
རང་ཉིད་བློ་རྨོངས་དང་མུན་ཁུང་ལས་སྐྱོབ་ཐུབ་མཁན་ནི་དཀའ་སྤྱད་དང་སྙིང་རུས་ལས་གཞན་ཞིག་མེད་པར་ངེས་ཤེས་ཀྱང་སྐྱེས་མྱོང་།
དེ་བཞིན་དུས་རྒྱུན་འཚོ་བའི་ཟ་དང་ཟུར་། སྤྱི་ཚོགས་དྲྭ་བའི་ཐོག་ན་མི་འདྲ་མིན་དག་མཐོང་དུས་རྒན་ལགས་ཀྱི་གདམས་པ་དག་ཡིད་ལ་ལྷ་མེར་དྲན་གྱིན་ཡོད།
རྒན་ལགས་ནི་ང་ཚོའི་ལོ་རྒྱུས་ཀྱི་སློབ་དཔོན་ཞིག་ཡིན་པར་མ་ཟད། མཐོ་སློབ་ཀྱི་སློབ་སྤྱི་ཡང་ཡིན་པས།
ང་ཚོར་སློབ་གྲྭའི་སྒྲིག་གཞི་དང་འབྲེལ་བའི་ཐོག་ལ་ཁ་ཏ་སློབ་གསོ་དུས་དང་དུས་སུ་གཏོང་གིན་ཡོད།
སློབ་གྲོགས་ཚོ་ཡང་ཤེས་ཡོན་གྱི་བརྒྱུད་རིམ་འདྲ་མིན་དང་། འཚར་ལོངས་ཀྱི་ཁོར་ཡུག་འདྲ་མིན།
དེ་བས་ན་ཤེས་བྱའི་གོ་རྟོགས་དང་། བསམ་བློའི་འཁྱེར་ཕྱོགས་ཀྱང་གཅིག་མཚུངས་ཤིག་མིན་ཀྱང་།
རྒན་ལགས་ཀྱིས་ཕྱི་གཙང་ནང་གཙང་དང་། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ང་ཚོ་ལ་ཡངས་ཤིང་རྒྱ་ཆེ་བའི་ཤེས་བྱའི་ཁ་ཕྱོགས་དང་མདུན་ལམ་ཞིག་བསྩལ་བར་བཀའ་དྲིན་བླ་མེད་ཆེ་ཞུ་བ་འདོད།
དེ་རིང་ཡང་རྒན་ལགས་ཀྱིས་ལོ་མང་རིང་ལ་དཀའ་སྤྱད་དང་སྙིང་རུས་ལ་བརྟེན་ནས་བོད་ཆེན་པོའི་བཙན་པོའི་ལོ་རྒྱུས་དེབ་ཐེར་འདི་འདྲ་ཞིག་ང་ཚོའི་འདྲེན་བྱེད་ཡུལ་དུ་མཛད་པར་སྙིང་དབུས་ནས་རྒན་ལགས་ལ་རྟེན་འབྲེལ་དང་བཀའ་དྲིན་བླ་མེད་ཆེ་དུ་ཞུ་བ་དང་ཆབས་ཅིག རྒན་ལགས་ཁྱེད་ཀྱི་འབྱུང་འགྱུར་མི་ཚེའི་ནང་ལ་ཁ་རྗེ་དབང་ཐང་ཡར་ངོའི་ཟླ་བཞིན་རྒྱས་པར་སྨོན
།།
༢༠༡༢ཟླ་༡ཚེས་༢༣ཉིན། སློབ་བུ་སྐལ་ལྡན་ནས།
དེ་རིང་ང་ངོ་མ་དགའ་བོ་བྱུང་། རྒྱུ་མཚན་ནི་སྤྱི་ཚོགས་དྲྭ་ལམ་ནང་བོད་ཀྱི་ལོ་རྒྱུས་དཔྱད་དེབ་གསར་ཐོན་རླབས་ཆེན་གྱི་མཛད་འཕྲིན་རྒྱས་བཞིན་པ་མཇལ་དུས་ངོ་མ་ཁྱེད་ལ་བཀའ་དྲིན་ཆེ་ཇི་ལྟར་ཞུ་དགོས་མིན་ངས་མི་ཤེས།
ཡིན་རུང་ཁྱེད་ཀྱི་ཐུགས་རྗེའི་གཟི་བརྗིད་ཀྱིས་གུས་མོ་བདག་ཀྱང་སྤོབས་པ་དང་། སྐུ་ཉིད་བོད་ཀྱི་མི་རབས་གསར་པའི་མིག་དཔེར་གྱུར་པར་གུས་མོས་སྒོ་གསུམ་གུས་པ་ཆེན་པོས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།
ང་ཚོས་ཁྱེད་རང་ནོར་གླིང་མཐོ་སློབ་ནས་སློབ་དཔོན་དུ་བསྟེན་པ་ནས་བཟུང་ས་ཕྱོགས་གང་དུ་ཡོད་ཀྱང་ཁྱེད་ཀྱི་བཀའ་དྲིན་དང་སློབ་གསོ་སོགས་སྙིང་ལ་བཅངས་ནས་སོ་སོས་གང་ནུས་ཡར་རྒྱས་གཏོང་བཞིན་ཡོད།
མདོར་ན་ཁྱེད་ནི་ང་ཚོའི་ཕྱིའི་རྒྱན་ཆ་དང་ནང་སེམས་ཀྱི་ཉི་འོད་ཡིན། ཁྱེད་ཀྱི་བཀའ་དྲིན་དྲན་བཞིན་ཡོད།
དུས་ནམས་ཡང་བརྗེད་མི་སྲིད། སླར་ཡང་ཁྱེད་ཀྱི་མཛད་ཕྲིན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ།
མ་འོང་པར་ཡང་ཁྱེད་ཀྱི་ཐུགས་ཀྱི་དགོངས་དོན་འབད་མེད་ལྷུན་གྲུབ་ཡོང་བའི་རེ་སྨོན་ཞུ། ཁྱེད་ལ་སྙིང་དབུས་ནས་བཀའ་དྲིང་ཆེ་ཞུ།
དྲིན་མཆོག་ཟླ་མེད་བདག་གི་སློབ་དཔོན་ཆེན་མོ་སྨན་ཤེར་བློ་གྲོས་མཆོག་ལ་ཕུལ།
སྟག་ཚང་རིག་རྒོད།
ཉེ་ཆར་སྤྱི་ཚོགས་དྲྭ་ལམ་གང་སར་སློབ་དཔོན་ཆེན་མོ་ཁྱེད་ཀྱིས་མཛད་པའི་བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ་བྱ་བ་ལེགས་པར་གྲུབ་པའི་བཀྲ་ཤིས་གཏམ་བཟང་གང་སར་མཇལ་རྒྱུ་འདུག་པ་ནི་ངེད་ཅག་སློབ་བུ་རྣམས་ལ་མཚོན་ན་ཤིན་ཏུ་དགའ་འོས་པ་ཞིག་ཅི་ལ་མིན།བོད་ཀྱི་དཔེ་མཛོད་ཁང་ནས་ཐད་གཏོང་རྒྱུད་པོད་ལྔ་ཅན་གྱི་དཔེ་དེབ་དབུ་འབྱེད་གནང་བ་དང་སྦྲགས།སློབ་དཔོན་ཆེན་མོ་ཁྱེད་ཀྱིས་བསྩལ་པའི་བརྩམས་ཆོས་ངོ་སྤྲོད་ཀྱི་གསུང་བཤད་རྣམས་ཀྱང་ཡོངས་སུ་ཉན་པ་ཡིན།མི་ལོ་བཅུ་ཕྲག་རིང་ངལ་བ་བསྟེན་ནས་བརྩམས་པར་མཛད་པའི་དཔེ་དེབ་པོད་ལྔ་ཅན་འདིའི་རིན་ཐང་ཤིན་ཏུ་ཆེ་བར་སྙམ་ཏེ།བོད་ཆེན་པོའི་ཆབ་སྲིད་ཀྱི་མངའ་ཐང་དར་བ་ནས་བཟུང་བཙན་པོ་རིམ་པའི་རླབས་ཆེན་གྱི་ལོ་རྒྱུས་ཡིག་ངག་གཉིས་ཀྱི་ཐོག་ནས་རིམ་པར་བརྒྱུད་པ་དང་།བསྟན་པ་སྔ་དར་གྱི་སྐབས་བཞེངས་པའི་རྡོ་རིང་དང་དྲིལ་བུའི་ཁ་བྱང་།ཏུན་ཧོང་ཡིག་རྙིང་།ཁྲམ་ཤིང་སོགས་རྣམ་པ་མང་པོ་ཞིག་ཡོད་པ་གཞིར་བྱས།རྗེས་སུ་བྱུང་བའི་ཆོས་འབྱུང་དེབ་ཐེར་ཁག་གི་ཁྲོད་རབ་རིབ་ཏུ་ཡོད་པའི་བཙན་པོ་རིམ་པའི་ལོ་རྒྱུས་གང་གསལ་རྣམས་ཀྱིས་མཛེས་པར་རྒྱན།
ཕྱིའི་རྒྱལ་ཁབ་ཁག་གི་ཡིག་རིགས་ཐོག་གནས་པའི་བོད་ཆེན་པོའི་ལོ་རྒྱུས་དང་འབྲེལ་བ་རྣམས་ཀྱིས་ཁ་བསྐངས་ནས་བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་རྣམས་ཁ་གསལ་བ་དང་།གོ་རིམ་ལྡན་པ།ལུང་རིགས་ཀྱིས་ཕྱུག་པ།ཆ་ཚང་བའི་ཐོགདཔྱད་པ་ཞིབ་མོ་དང་དཀའ་གནད་གསལ་འདོན་མཛད་པ་འདི་ལྟ་བུ་ནི་བོད་བཙན་པོའི་རྒྱལ་རབས་གྲུབ་པ་ནས་ད་ལྟའི་བར་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཆེས་ཕུན་སུམ་ཚོགས་ཤོས་དང་ཆེས་ལེགས་ཤོས་སུ་བྱུང་བ་འདི་ནི།བོད་རིགས་པར་དུང་བ་ཟབ་པའི་ཕྱི་ནང་གི་ཤེས་ལྡན་སྤྱི་དང་།ཁྱད་པར་བོད་གངས་ཅན་པའི་རིགས་སུ་གཏོགས་པ་ཡོངས་ཀྱི་གཟི་བརྗིད་དང་སྤོབས་པ་ཡིན།དེའི་ཕྱིར་སློབ་དཔོན་ཆེན་མོ་ཁྱེད་ནི་བོད་གངས་ཅན་པའི་གཟི་བརྗིད་དང་།ང་ལྟ་བུ་རིགས་ལ་དུང་བའི་མི་རབས་མང་པོ་ཞིག་གི་མིག་དཔེ་ངོ་མ་ཞིག་ཡིན་ཕྱིར།སྒོ་གསུམ་གུས་པ་ཆེན་པོས་སློབ་དཔོན་ཆེན་མོ་ཁྱེད་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།ཁྱེད་སྐུ་ལས་ཁག་སོང་།བཀའ་དྲིན་ཆེ།
སྤྱི་ལོ་༢༠༡༣ལོའི་ལོ་སྟོད་གནམ་ངོ་ཤིན་ཏུ་གཙང་བའི་ཞོགས་པ་ཞིག་ལ།དཔྱོད་ཤེས་ཀྱི་བློ་མིག་མེད་ཅིང་།འཇིག་རྟེན་དང་ཤེས་རིག་གི་ངོ་གདོང་རབ་རིབ་ཙམ་ཡང་མཐོང་མ་མྱོང་བའི་ཡུལ་བྱོལ་གྱི་འཁྱམ་པོ་ང་རང་།ནོར་གླིང་མཐོ་སློབ་ཆེན་མོའི་ཐེམ་སྐས་འཛེགས་ཏེ་གླེགས་བམ་མཐུག་པོས་ཁེངས་པའི་སློབ་དཔོན་ཆེན་མོ་ཁྱེད་ཀྱི་ལས་ཁུངས་སུ་བརྟོལ།དུས་དེ་ནས་བཟུང་སྐུ་ཉིད་ཀྱི་ཐུགས་རྗེའི་བྱམས་བརྩེས་བསྐྱངས་ཤིང་།ཤེས་རིག་གི་ལམ་ཆེན་ཞིག་ལ་ནན་གྱིས་བགྲོད་པའི་འདུན་པ་བསྐྱེད་གནང་བ་ནི།ངའི་མི་ཚེའི་ནང་ཆེས་ཐོག་མའི་འོད་སྣང་མངོན་ཐེངས་དང་པོ་ཡིན།
དུས་ཡུན་མི་ལོ་གསུམ་ཙམ་གྱི་རིང་སློབ་དཔོན་ཆེན་མོ་ཁྱེད་ཀྱི་སྐུ་གམ་དུ་གཟུགས་དང་གྲིབ་མ་བཞིན་འགྲོགས་ནས།ཁ་བ་གངས་ཅན་པའི་འདས་མ་ད་གསུམ་ལ་བསམ་གཞིགས་དང་།སྣ་མང་རིག་གནས་ལ་བརྩོན་པ་བགྱིས་པའི་ལོ་ཟླ་དེ་དག་ནི་ངའི་ཚེ་འདིའི་ཆེས་གཟི་བརྗིད་ཆེ་ཤོས་དང་དོན་སྙིང་ལྡན་ཤོས་དེ་ཡིན།སློབ་དཔོན་ཆེན་མོ་ཁྱེད་ནི་ཕྲན་ཐ་མལ་བ་ངའི་བླ་མེད་ཀྱི་མིག་དཔེ་དང་།སློབ་དཔོན་ཆེན་མོ་ཁྱེད་ཀྱི་བྱ་བཞག་ནི་ཕྲན་ཆུང་ངའི་ཆེས་མཐར་ཐུག་གི་དམིགས་ཚད་ཡིན།ཁྱེད་ཀྱི་ཀུན་སྤྱོད་དང་།ཁྱེད་ཀྱི་མཁྱེན་སྤྱོད་ཡོད་ཚད་ལས་ང་དང་ང་འདྲ་བའི་སློབ་བུ་དག་གི་མི་ཚེ་ལ་བྱིན་རླབས་དཔག་མེད་ཅིག་བསྩལ་ཡོད་པས།ཁྱེད་ནི་ས་མཐའི་ཡུལ་གྱར་བ་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེ།
སློབ་དཔོན་ཆེན་མོ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའི་ཆ་ཤས་རེ་རེ་ཡང་ངེད་ཅག་ཐ་མལ་བ་ཚོའི་མིག་དཔེར་གྲུབ་པས།ངེད་ཅག་དུས་དང་གནས་སྐབས་གང་དུ་ཡོད་ཀྱང་སློབ་དཔོན་ཆེན་མོ་ཁྱེད་ནི་བུ་སློབ་ང་ཚོའི་སེམས་པའི་ཟབ་ས་ན་དུས་ནམ་ཡང་ཡལ་མེད་དུ་གནས་ཡོད།
སློབ་དཔོན་ཆེན་མོ་ཁྱེད་ལྟ་བུའི་རླབས་ཆེན་གྱི་མཛད་པར་ཐ་མལ་བ་ང་ལྟ་བུས་འགྲེལ་བརྗོད་མི་ནུས་ཀྱང་།སྔོན་བྱོན་བླ་མའི་རྣམ་ཐར།།རྗེས་འཇུག་གདུལ་བྱའི་ཉམས་ལེན།།ཟེར་བའི་དཔེ་ལྟར་ཡིན་ཏེ།མདོ་སྡེ་རྒྱན་ལས།
“བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག།དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།།”ཞེས་གསུངས་པ་ལྟར།ཀུན་སྤྱོད་བཟང་པོའི་ཚུལ་ཁྲིམས་ཀྱིས་རྒྱུད་དུལ་བ།
རིག་པར་བརྩོན་པའི་ཏིང་ངེ་འཛིན་གྱིས་རྣམ་གཡེང་ཞི་བ།དེ་དག་ཀྱང་ཤེས་རབ་ཀྱིས་བདག་ཏུ་འཛིན་པ་ཉེ་བར་ཞི་བ།
ཡོན་ཏན་ལྷག་པར་ཆེ་བ། གཞན་དོན་ལ་ལེ་ལོ་མེད་པས་བརྩོན་འགྲུས་དང་བཅས་པ། བཅུ་ཕྲག་རིག་པར་ཐོས་པ་ཆེ་བས་ལུང་གིས་ཕྱུག་པ།ཤིན་ཏུ་གསལ་བའི་ཤེས་རབ་ཀྱིས་རིག་གནས་ཀྱི་སྙིང་པོ་རབ་ཏུ་རྟོགས་པ་དང་།རིག་པའི་གཞུང་ལུགས་སྨྲ་མཁས་པ།
ཟང་ཟིང་ལ་མི་བལྟ་བས་བརྩེ་བའི་བདག་ཉིད་དུ་གྱུར་བ།རིག་པའི་གནས་ལུགས་སྟོན་པ་ལ་སྐྱོ་བ་མེད་པ་བཅས་ཆོས་བཅུ་པོ་འདི་ཉིད་ཀྱི་གོ་བ་མཐིལ་ཕྱིན་པ་ཞིག་ནི་སློབ་དཔོན་ཆེན་པོ་ཁྱེད་ཉིད་ཁོ་ནའི་སྒོ་གསུམ་གྱི་སྤྱོད་པ་ལས་མངོན་བྱུང་བས།ཕྲན་ཆུང་ངའི་སེམས་སུ་སྐུ་ཉིད་ནི་དོན་དམ་པའི་བཤེས་གཉེན་བླ་མེད་ཅིག་ཡིན།
མདོར་བསྡུས་ནས་བཤད་ན།ངེད་ཅག་ལ་ཤེས་ལྡན་པ་ཞིག་གི་ཚུགས་ཀ་ཡོད་ན།ངེད་ཅག་ལ་བོད་མི་ཞིག་གི་ཚུགས་ཀ་ཡོད་ན།འདི་དག་ཡོད་ཚད་ནི་སློབ་དཔོན་ཆེན་མོ་ཁྱེད་ཁོ་ནའི་མཛུབ་ཁྲིད་ལས་བྱུང་།ནམ་རྒྱུན་སློབ་ཁྲིད་ཀྱི་སྐབས་སྐུ་ཉིད་ནས་གནང་བའི་ཞལ་གསུང་དྲོན་མོ་རེ་རེ་ནི་ང་དང་ང་འདྲ་བ་ཚོའི་མ་འོངས་པའི་ལམ་བུར་ཤིན་ཏུ་མཁོ།ད་ལྟ་སློབ་དཔོན་ཆེན་མོ་ཁྱེད་དང་བྲལ་ནས་མི་ལོ་བཞི་ལྷག་ཙམ་སོང་བའི་ནང་།འགྲོ་འདུག་སྤྱོད་གསུམ་གང་ཞིག་ཡིན་རུང་སློབ་དཔོན་ཆེན་མོ་ཁྱེད་ཀྱི་མཛད་སྤྱོད་ཀྱི་ཆ་ཤས་ཙམ་ཡང་ཨེ་ནུས་ལྟ་བཞིན་པ་འདིས་ཟང་ཟིང་ཆེ་བའི་སྤྱི་ཚོགས་འདི་ནས་ང་ཚོའི་རང་ཚུགས་ཤོར་མེད་ཅིང་།རྒལ་ཚིགས་ཆགས་མེད།མི་གཤིས་རུལ་མེད།འདི་ནི་མི་ལོ་གསུམ་ལ་སྦྲང་ཆར་བཞིན་བབས་མྱོང་བ་དང་ཉི་འོད་བཞིན་ཤར་མྱོང་བའི་སྐུ་ཉིད་ཀྱི་སློབ་སྟོན་འབའ་ཞིག་ལས་བྱུང་བ་ཡིན་པས།ས་མཐའ་འདི་ནས་ཁྱེད་ནི་ངའི་ཨ་ཕ་ཡིན་ཟེར་ཡང་ཆོག
སློབ་དཔོན་ཆེན་མོ་ཁྱེད་ནས་ཀྱང་ངེད་ཅག་ལ་རེ་བ་ཆེན་པོ་ཞིག་གནང་གི་ཡོད་པ་ནི།སྐུ་ཉིད་དང་ནམ་ཞིག་མཇལ་རུང་ཚིག་ཟུར་རེ་རེ་ནས་སློབ་སྟོན་བར་མེད་དུ་གནང་བཞིན་པ་ལས་ཚོར་ཡོད།དེའི་ཕྱིར་ངེད་ཅག་གིས་མ་མཐར་ཡང་སློབ་དཔོན་ཆེན་མོ་ཁྱེད་ཀྱི་ཞབས་འདྲེན་ཞུ་མི་ཡོང་།དེ་བས།སྐུ་ཉིད་ཀྱི་སྐུ་ཚེ་ལ་ནད་གདོན་གྱི་གེགས་བར་མི་འབྱུང་བ་དང་།ཤེས་རིག་གི་ལམ་ཆེན་འདི་ནས་ངེད་ཅག་ལ་སློབ་སྟོན་བར་མེད་མཛད་ཀྱིན་སྐུ་ཚེ་མཐར་ཕྱིན་པར་སྨོན།བཀའ་དྲིན་ཆེ།སློབ་དཔོན་ཆེན་མོ་ལགས།ཁྱེད་སྐུ་ལས་ཁག་སོང་།བཀའ་དྲིན་ཆེ།