ཡེ་ཤེས་བསམ་གྲུབ།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་མཉྗུའི་གོང་མ་རྣམ་བཞི་དང་༸གོང་ས་སྐུ་ཕྲེང་ལྔ་པ་ནས་བདུན་པའི་བར་མཉྗུས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་ལོ་རྒྱུས་ཀྱི་གནད་དོན་གལ་ཆེ་བ་འགའ་ཞིག་ལ་བརྟེན་ནས་དཔྱད་པ་བྱས་ཡོད།
བརྡ་ཆད་གཙོ་བོ། མཉྗུས་བོད་དུ་འཛིན་པའི་སྲིད་ཇུས། མཉྗུའི་གོང་མ་ཧྲུན་ཀྲིས་བོད་དུ་འཛིན་པའི་སྲིད་ཇུས། མཉྗུའི་གོང་མ་ཁང་ཞིས་བོད་དུ་འཛིན་པའི་སྲིད་ཇུས། མཉྗུའི་གོང་མ་ཡུན་ཀྲིས་བོད་དུ་འཛིན་པའི་སྲིད་ཇུས། མཉྗུའི་གོང་མ་ཆན་ལུང་གིས་བོད་དུ་འཛིན་པའི་སྲིད་ཇུས།
འདིར་མཉྗུའི་གོང་མ་རིམ་བྱོན་གྱི་སྐབས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་དཔྱད་པ་བྱེད་པའི་འདུན་པ་རབ་ཏུ་ཆེ་ཞིང་།
དགེ་བའི་བཤེས་གཉེན་མཆོག་ནས་སློབ་སྟོན་གནང་བ་གཞིར་བཟུང་། མཉྗུའི་གོང་མ་རྣམ་བཞིའི་སྐབས་བོད་དུ་འཛིན་པའི་སྲིད་ཇུས་དང་།
དེའི་འཕེལ་རིམ། གྲུབ་དོན་སོགས་ཀྱི་སྐོར་འགྲེལ་བརྗོད་བྱ་རྒྱུའི་ལས་ལ་བརྩོན་པར་བྱ། དེ་ཡང་སྔོན་གྱི་སྐྱེས་ཆེན་དམ་པའི་རྣམ་ཐར་འགའ་ཞིག་དང་།
འབྲེལ་ཡོད་ཉེ་རབས་ལོ་རྒྱུས་སྨྲ་བ་ཁག་ཅིག གཞན་ཡང་འདི་དང་འབྲེལ་བའི་རྒྱལ་ཁབ་ཕྱི་ནང་གི་དཔྱད་གཞི་མང་དག་ཅིག་ཡོད་པ་དེ་དག་གི་ཁྲོད་དུ་གཅིག་གྱུར་མ་ཡིན་པའི་བཤད་པ་མང་དུ་མཆིས་ལ།
ཁྱད་པར་ཉེ་རབས་ལོ་རྒྱུས་ཡིག་རིགས་མང་པོ་ཞིག་གི་ནང་ཡིག་ཆ་ཨ་མ་དྲངས་པ་ཧ་ལམ་ཉུང་ཞིང་།
གང་དྲངས་པ་རྣམས་ཀྱང་གནད་དུ་མ་སོང་བ་མང་དུ་མཆིས། དེའི་ཕྱིར་མཉྗུས་བོད་དུ་འཛིན་པའི་སྲིད་ཇུས་འདི་ཉིད་ཀྱི་བྱུང་རིམ་དང་འཕེལ་རྒྱས་སྐོར་གྱི་ཕྱོགས་གཅིག་ཁོ་ནར་ཞིབ་འཇུག་དང་།
དུས་སྐབས་དེའི་ཡིག་ཆ་རྙིང་པ་མང་དག་ཅིག་ཡོད་པ་དེ་དག་ལ་ཞིབ་ལྟ་བྱས་ནས་ལོ་རྒྱུས་ཀྱི་དོན་དངོས་གང་ཡིན་པ་གཏན་ལ་འབེབ་པའི་ངལ་བ་བསྟེན་པ་ཡིན།
མཉྗུའི་གོང་མ་ཧྲུན་ཀྲིས་རྒྱ་ནག་རྒྱལ་ཡོང་དབང་དུ་བསྒྱུར་བ་ནས་བཟུང་གོང་མ་ཆན་ལུང་གིས་སྲིད་དབང་བཟུང་པའི་བར།
གཞུང་ས་དགའ་ལྡན་ཕོ་བྲང་དང་འབྲེལ་བ་དམ་ཟབ་བྱུང་ཡོད་ཅིང་། འདི་དག་གི་སྐོར་ལོ་རྒྱུས་རབ་རིབ་ཏུ་གྱུར་བ་དང་།
ཕྱོགས་གཅིག་ནས་དུས་སྐབས་དེའི་ཡིག་ཆ་མང་དག་ཅིག་ལག་སོན་དཀའ་བའི་གནས་སུ་གྱུར་ཡོད་པས་ཇི་བཞིན་འགྲེལ་བརྗོད་བྱེད་པར་དཀའ་ཡང་རང་ནུས་གང་ཡོད་ཀྱིས་གསལ་འདོན་བྱ་བར་འབད་རྒྱུ་ཡིན།
ཕྱོགས་གཅིག་ནས་འདི་ནི་ལོ་རྒྱུས་ཀྱི་དཀའ་གནད་ཅིག་ཡིན། རྒྱུ་མཚན་ནི་བོད་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་མང་པོས་དུས་སྐབས་དེའི་ལོ་རྒྱུས་ལ་འགྲེལ་བརྗོད་བྱ་ཚུལ་རིགས་གཉིས་སུ་གྱུར་ཡོད་པས་རེད།
གཞན་ཡང་དོན་དམ་པའི་ལོ་རྒྱུས་སྨྲ་བ་ཞིག་ཡིན་ན་ཕྱོགས་མང་པོ་ཞིག་བསམ་གཞིགས་དང་། དུས་སྐབས་དེའི་དཔྱད་གཞི་མང་དག་ཅིག་ལ་བརྟེན་ནས་ལོ་རྒྱུས་ཀྱི་དོན་དངོས་གཏན་ལ་འབེབ་པའི་འབད་པ་བྱ་རྒྱུ་ནི་འགན་ཞིག་ཀྱང་ཡིན་པས།
རིམ་པས་མཉྗུའི་གོང་མ་རིམ་བྱོན་གྱི་དུས་སྐབས་ནས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་གནད་ཆེ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་མང་དག་ཅིག་ལ་བརྟེན་ནས་དཔྱད་པར་བྱའོ།།
༡༽མཉྗུའི་གོང་མ་ཧྲུན་ཀྲི་དང་༸གོང་ས་ལྔ་བའི་དབར་ཐོག་མའི་འབྲེལ་བ་ཇི་ལྟར་བྱུང་ཚུལ།
ལོ་རྒྱུས་ཀྱི་གནད་དོན་གང་ཞིག་ལ་ཞིབ་འཇུག་བྱེད་པར་དུ་སྐབས་དེའི་ལོ་ཚིགས་ལ་བརྟེན་ནས་གནད་དོན་མང་པོ་ཞིག་འགྲེལ་བརྗོད་བྱེད་དགོས་ཤིང་།
བོད་གཞུང་དགའ་ལྡན་ཕོ་བྲང་དང་མཉྗུའི་སྲིད་གཞུང་གཉིས་ཀྱི་འབྲེལ་བ་ཐོག་མར་བྱུང་བའི་དུས་ནི་རྒྱལ་ཁབ་གཉིས་ཀ་ས་བརྟན་མིན་པའི་དུས་སྐབས་ཤིག་ཡིན་པ་ང་ཚོས་ལོ་ཚིག་ལ་བལྟས་ན་ཤེས་པར་མ་ཟད་དུས་སྐབས་དེའི་རྒྱལ་ཁབ་སོ་སོའི་ལོ་ཚིག་ལ་བལྟས་ན་ཡང་ཤེས་ངེས་པ་ཡིན།
ཆིང་ངམ་མཉྗུའི་རྒྱལ་ཁབ་ནི་སྤྱི་ལོ་༡༦༤༤ལོར་གོང་མ་ཧྲི་ཙུའུ་ཡིས་པེ་ཅིན་དུ་རྒྱལ་ས་བཙུགས་པ་དང་།
གོང་མའི་ཁྲི་ལ་འཁོད། དུས་སྐབས་དེར་རྒྱ་ནག་ཡོངས་སུ་དབང་བསྒྱུར་བྱས་ཟིན་ཙམ་ཡིན་པ་དང་།
སྤྱི་ལོ་༡༦༤༢ལོར་སོག་པོའི་དཔུང་རོགས་འོག་༸གོང་ས་ཏཱ་ལའི་བླ་མས་གཙང་པ་སྡེ་སྲིད་ཕམ་པར་བྱས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གསར་དུ་བཙུགས་པ་ཡིན།
དུས་སྐབས་དེར་རྒྱལ་ཁབ་སོ་སོ་སྲ་བརྟན་རང་བཞིན་དུ་གྲུབ་ཐུབ་མེད། དེ་ཡང་མཉྗུའི་གོང་མ་ཧྲུན་ཀྲིས་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་དུ་གདན་འདྲེན་ཞུ་སྐབས་ཐག་རིང་ལ་ཕེབས་སུར་བཅར་འདུན་མཆིས་ཀྱང་རྒྱ་མིའི་བློན་པོ་སོགས་ཀྱིས་ངོས་ལེན་མ་བྱས་པ་སོགས་ཀྱི་སྐོར་དེབ་ཐེར་འགའ་ཞིག་ཏུ་འཁོད་པ་ལྟར་དུ་སྐབས་དེར་རྒྱ་ནག་ཡོངས་སུ་དབང་བསྒྱུར་བྱས་ཟིན་ཀྱང་ཟིང་འཁྲུག་གི་རྣམ་པ་ད་དུང་ཡང་ཡལ་མེད་པ་གསལ་བོ་རེད།
དུས་མཚུངས་སུ་བོད་ནང་དུ་ཡང་གཙང་པའི་ཕྱོགས་གཏོགས་ཀྱི་མི་སྣ་མང་པོས་གཞུང་ས་དགའ་ལྡན་ཕོ་བྲང་ངོས་ལེན་མ་བྱས་པར་ཟིང་འཁྲུག་སློང་བཞིན་པ་ཡིག་ཆ་ཁག་ཏུ་གསལ་བ་ལྟར།
གཙང་པའི་དཔུང་ཁག་བྲོས་བྱོལ་དུ་སོང་བ་དང་། ཀརྨ་བཀའ་བརྒྱུད་པའི་ཁོངས་གཏོགས། དྭགས་པོ་དང་ཀོང་པོ་སོགས་ས་ཆ་འགའ་ཞིག་ནས་ད་དུང་ཡང་ཟིང་ཆ་ཆེན་པོ་སློང་བཞིན་པའི་སྐབས་ཡིན།
དུས་སྐབས་དེ་འདྲ་ཞིག་ནས་མཉྗུའི་གོང་མ་དང་བོད་ཆོས་ལྡན་ཞིང་གི་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ལྔ་པའི་བར་འབྲེལ་བ་བྱུང་བའི་རྒྱབ་ལྗོངས་དང་།
དེའི་བྱུང་རིམ་སྐོར་ལོ་རྒྱུས་ཡིག་རིགས་འདྲ་མིན་དུ་གསུང་སྲོལ་མང་དུ་མཆིས་ཅིང་། སྤྱིར་གནའ་རབས་སམ་དུས་རབས་སྔོན་མའི་ལོ་རྒྱུས་དཔེ་ཆ་ཁག་གི་ནང་དུ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཤད་པ་ཧ་ལམ་མེད་ཅིང་།
དུས་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་རིམ་གཙོ་འདོན་བྱས་ནས་བྲིས་པ་ཕལ་ཆེར་ཡིན་པས། འདིར་ཉེ་རབས་ལོར་རྒྱུས་ཡིག་ཆ་ཁག་ཅིག་ནས་དུས་སྐབས་དེར་མཉྗུའི་གོང་མས་༸གོང་ས་སྐུ་ཕྲེང་ལྔ་བ་རྒྱ་ནག་ཏུ་གདན་འདྲེན་ཞུ་བའི་རྒྱབ་ལྗོངས་ལོ་རྒྱུས་ཀྱི་སྐོར་ལ་འགྲེལ་བརྗོད་བྱས་པ་ཁག་ཅིག་བཀོད་ན།
<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས། “ཆིང་རྒྱལ་རབས་ཀྱི་སྲིད་གཞུང་བྱང་ཤར་ཁུལ་དུ་བཙུགས་ཟིན་ནས་རྒྱལ་ཡོངས་ཀྱི་ཁྱོན་དུ་སྟོབས་ཤུགས་ཁྱབ་སྤེལ་བྱེད་བཞིན་པའི་སྐབས་ཡིན།
དེ་དུས་བོད་ཀྱི་ཞྭ་སེར་རིང་ལུགས་པའི་བླ་མ་སེ་ཆེན་ཆོས་རྗེས་(བླ་མ་འདི་པཎ་ཆེན་རིན་པོ་ཆེའི་སློབ་མ་ཞིག་ཡིན་པ་ལས་གཞན་ལོ་རྒྱུས་སོགས་གསལ་བོ་མ་མཐོང་།)ནང་སོག་ཁུལ་དུ་འགྲོ་དོན་བསྐྱངས་ཏེ་བོད་ལྗོངས་སུ་ཕྱིར་འབྱོར་བ་དང་།
དགའ་ལྡན་ཕོ་བྲང་གི་ས་གནས་སྲིད་དབང་བཙུགས་པ་གཉིས་ཏག་ཏག་དུས་འགྲིག་པས་སེ་ཆེན་ཆོས་རྗེས་ཏཱ་ལའི་བླ་མ་དང་།
པཎ་ཆེན་བཞི་པ་རྣམ་གཉིས་ལ་ཆིང་རྒྱལ་རབས་གསར་པའི་གོང་མ་དང་འབྲེལ་བ་མཛད་དགོས་པའི་བསམ་འཆར་ཞུས་པ་བཞིན་གོ་ཤྲི་ཁང་དང་གྲོས་མོལ་གནང་སྟེ་ཆིང་གོང་མར་འབྲེལ་འཛུགས་སྐུ་ཚབ་ཏུ་སེ་ཆེན་ཆོས་རྗེ་གཏོང་རྒྱུའི་ཐག་གཅོད་མཛད།”
ཅེས་དུས་སྐབས་དེ་ནི་སྤྱི་ལོ་༡༦༤༢ཡིན་པ་དང་། སྐབས་དེར་སེ་ཆེན་ཆོས་རྗེའི་སློབ་སྟོན་ལ་བརྟེན་ནས་གཞུང་ས་དགའ་ལྡན་ཕོ་བྲང་གིས་མཉྗུའི་གོང་མ་དང་འབྲེལ་བ་ཐོག་མར་བཙུགས་པའི་སྐོར་གསལ་ཡོད་པ་དང་།
འབྲེལ་བ་དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་སྲ་བརྟན་ལ་དམིགས་ནས་གནང་བ་ཞིག་ཡིན་ཚུལ་ཡང་གསུངས་ཡོད།
(ཆབ་སྤེལ་སོགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི་ནང་དུ་སྐབས་དེའི་འབྲེལ་བ་ནི་བོད་དང་མིན་འཇུའི་དབར་གྱི་འབྲེལ་བ་ཐོག་མར་ངོས་འཛིན་མཛད་ཡོད།)
གཞན་ཡང་<<རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་>>ལས།
“མཉྗུ་དང་། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་བར་ཐོག་མའི་ཕན་ཚུན་སྐུ་ཚབ་བཏང་བའི་སྐོར།
མཉྗུ་ཐའི་ཙུང་ཁྲུན་ཏེས་ཁྲི་ལོ་བཞི་པ། སྤྱི་ལོ་༡༦༣༩ཟླ་བ་བཅུ་པའི་ནང་མཉྗུའི་རྒྱལ་པོ་ནས།
ཚ་ཧན་བླ་མ་ཅན་བརྒྱུད་བོད་ཀྱི་ཆོས་རྒྱལ་བླ་མ་ཆེན་པོ་(རྒྱལ་མཆོག་ལྔ་པ།)ལ་ཞུ་ཡིག་ཕུལ་དོན་དུ།
མཉྗུའི་རྒྱལ་ཁབ་ཏུ་བླ་མ་ཞིག་གདན་ཞུ་བྱ་རྒྱུ་འཁོད།། །།” ཞེས་གསལ་བ་ལྟར་ན་མཉྗུ་དང་༸གོང་ས་ཏཱ་ལའི་བླ་མའི་དབར་སྤྱི་ལོ་༡༦༣༩ཙམ་ནས་འབྲེལ་བ་བྱུང་བ་དང་།
དེ་ཡང་མཉྗུའི་གོང་མས་༸གོང་ས་ཏཱ་ལའི་བླ་མར་ཐད་ཀར་འབྲེལ་བ་བྱས་པའི་ཚུལ་གསལ་ཡོད། འདི་ལ་དཔགས་ན་གཞུང་ས་དགའ་ལྡན་པོ་བྲང་འདི་ཉིད་སྤྱི་ལོ་༡༦༤༢ལོར་སར་དུ་དབུ་རྙེད་པ་དང་།
དེའི་གོང་གི་ལོ་བཞི་ཙམ་ནས་༸གོང་ས་ཏཱ་ལའི་བླ་མ་དང་མཉྗུ་གོང་མའི་དབར་འབྲེལ་བ་བྱུང་ཡོད་པ་གསལ།
དེ་ལྟར་འདས་པའི་ལོ་རྒྱུས་ཁྲོད་གཞུང་ས་དགའ་ལྡན་ཕོ་བྲང་དངོས་སུ་མ་ཚུགས་པའི་གོང་ནས་༸གོང་ས་སྐུ་ཕྲེང་ལྔ་པ་དང་མཉྗུའི་གོང་མའི་དབར་འབྲེལ་བ་ཡོད་པར་བཤད།
འོན་ཀྱང་ཧྲུན་ཀྲིའི་གོང་གི་གོང་མ་རྣམས་ནི་ཡོངས་གྲགས་སུ་མཉྗུའི་གོང་མར་མི་འདོད་ཅིང་།
སྤྱི་ལོ་༡༦༤༤ལོར་མཉྗུའི་སྲིད་གཞུང་དབུ་རྙེད་པ་ཡིན་པས། དེའི་གོང་གི་འབྲེལ་བ་རྣམས་ནི་སྤྱིར་བཏང་གི་ཆོས་འབྲེལ་དང་།
ཡང་ན་མི་སྣ་སྒེར་གྱི་འབྲེལ་བ་ཙམ་ལས་གཞུང་ས་དགའ་ལྡན་ཕོ་བྲང་པ་དང་འབྲེལ་བའི་གཞུང་འབྲེལ་ཞིག་མིན་པར་སྙམ།
གཞན་ཡང་<<རྒྱའི་ཡིག་ཚང་དུ་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་>>ལས། “ཁྲུན་ཏེས་ཁྲི་ལོ་བདུན་པ། སྤྱི་ལོ་༡༦༤༢ཟླ་བ་༡༠པ།
ཤིང་ཕག་ལོར་བོད་ཀྱི་ཏཱ་ལའི་བླ་མ་ནས་སྐུ་ཚབ་མཉྗུའི་རྒྱལ་ས་ཧྲིན་ཅིང་(ཧྲིན་ཡཱང་གྲོང་ཁྱེར་།)དུ་བཏང་འབྱོར་སྐབས།
མཉྗུའི་ཐེ་ཙུང་གིས་བློན་རྣམས་དང་མཉམ་དུ་ཧྲོའོ་ཡཱོན་རྒྱལ་སྒོའི་ཕྱི་ལ་དགའ་བསུ་ཞུས།” ཞེས་སོགས་དུ་སྐབས་དེར་བོད་དང་མཉྗུའི་གོང་མའི་དབར་འབྲེལ་བ་བྱུང་བ་དང་།
གོང་མས་སྐུ་ཚབ་རྣམས་ལ་གཟིགས་མཐོང་ཆེན་པོ་གནང་བ་སོགས་ཀྱང་གསལ། མ་ཟད་ཁར་ཁ་ས་གནས་དང་།
བོད། སོག་པོ་སོགས་ཀྱིས་བླ་མའི་ཁ་ལ་ཉན་པ་ཡིན་པས་༸གོང་ས་སྐུ་ཕྲེང་ལྔ་བ་གདན་འདྲེན་ཞུ་རྒྱུ་ཡིན་ཚུལ་ཡང་གསལ།
འོན་ཀྱང་སྤྱི་ལོ་༡༦༤༢གཞུང་ས་དགའ་ལྡན་ཕོ་བྲང་དབུ་རྙེད་པའི་ལོར་༸གོང་ས་སྐུ་ཕྲེང་ལྔ་པའི་སྐུ་ཚབ་རྒྱ་ནག་ལ་བཏང་བའི་སྐོར་༸གོང་ས་མཆོག་སྐུ་ཕྲེང་ལྔ་པའི་རྣམ་ཐར་དུ་མ་མཐོང་ཞིང་།
དུས་སྐབས་འདི་ནི་མཉྗུའི་རྒྱལ་ཁབ་དབུ་མ་རྙེད་པའི་ལོ་གཉིས་ཀྱི་གོང་ནས་ཡིན་པས། གསལ་སྲིད་འབྲེལ་བ་ཞིག་བྱུང་བའི་དབང་དུ་བཏང་རུང་།
གཞུང་ས་དགའ་ལྡན་ཕོ་བྲང་དང་མཉྗུའི་རྒྱལ་ཁབ་དབར་གྱི་འབྲེལ་བ་ཞིག་ལ་ངོས་འཛིན་བྱེད་མ་ཐུབ་པར་སྙམ།
གཞུང་ས་དགའ་ལྡན་ཕོ་བྲང་དབུ་རྙེད་ཟིན་པ་དང་། མཉྗུའི་རྒྱལ་ཁབ་དབུ་རྙེད་པའི་རྗེས་ནས་མཉྗུའི་གོང་མས་༸གོང་ས་སྐུ་ཕྲེང་ལྔ་བ་གདན་ཞུའི་ཕོ་ཉ་མངགས་པར་གསལ་བ་ནི་<<རྒྱའི་ཡིག་ཚང་དུ་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་>>ལས།
“མེ་ཕག སྤྱི་ལོ་༡༦༤༨ལོར། མཉྗུའི་རྒྱལ་པོ་ཧྥིང་ཀྲི་ནས་ཏཱ་ལའི་བླ་མའི་སྐུ་མདུན་དུ་བླ་རྡོ་ལ་ཏུའོ་བླ་ཕུ་དགེ་སློང་ཅན་མཚམས་ཞུ་འབུལ་བར་བཏང་བའི་ཐོག་གདན་ཞུའི་ཞུ་ཡིག་ཀྱང་ཕུལ་བ་༸གོང་ས་ཏཱ་ལའི་བླ་མས་པད་ཅིང་དུ་ཕེབས་རྒྱུའི་ཞུ་ལན་ཕུལ་འདུག”
ཅེས་གསལ་ཞིང་། དེ་བཞིན་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ལས། “སླར་ཡང་། ལྕགས་སྟག་༡༦༥༠ལྕགས་ཡོས་༡༦༥༡ལོ་སོ་སོར་མན་ཇུ་༸གོང་མས་གདན་ཞུ་ནོམ་ཆི་བླ་མ།
ཏ་འོན་ནོར་བུ་དབོན་པོ། ངོ་ནོའི་ཁོ་ཡ། སེ་ཆེན་དབང་པོ། ཤེས་རབ་བླ་མ་སོགས་སྔ་རྟིང་རིམ་པར་འབྱོར་བར་བརྟེན།”
ཞེས་གསལ་བ་ལྟར་ན་མཉྗུའི་གཞུང་ནས་༸གོང་ས་སྐུ་ཕྲེང་ལྔ་པ་གདན་འདྲེན་ཞུ་ཆེད་སྐུ་ཚབ་ཐེངས་མང་བཏང་བར་མངོན་ཞིང་།
མཐར་སྤྱི་ལོ་༡༦༥༡ཙམ་ནས་གོང་ས་མཚོག་པད་ཅིང་དུ་ཕེབས་རྒྱུའི་ཞལ་བཞེས་ཐོབ་པ་མིན་ནམ་སྙམ།
གང་ལྟར་དུ་སྐབས་དེ་ཙམ་ནས་བོད་གཞུང་ས་དགའ་ལྡན་ཕོ་བྲང་དང་། མཉྗུ་སྲིད་གཞུང་དབར་གཞུང་འབྲེལ་གྱི་འབྲེལ་བ་ཐོག་མ་སྤྱི་ལོ་༡༦༥༠ཡས་མས་ཙམ་ནས་བྱུང་བར་ངོས་འཛིན་བྱས་ན་ཆོག་པར་མངོན།
སྤྱིར་མཉྗུའི་གོང་མ་དང་༸གོང་ས་སྐུ་ཕྲེང་ལྔ་པའི་དབར་སྔ་ས་ཞིག་ནས་འབྲེལ་བ་བྱུང་ཡོད་ཀྱང་།
གོང་དུ་གསལ་བ་ལྟར་སྤྱི་ལོ་༡༦༥༠ཡས་མས་ཙམ་ནས་དངོས་སུ་གཞུང་འབྲེལ་གྱི་འབྲེལ་བ་བྱུང་བ་ཡིན།
འདི་ལྟར་མཉྗུ་གོང་མ་དང་༸གོང་ས་སྐུ་ཕྲེང་ལྔ་པའི་དབར་འབྲེལ་བ་བྱེད་པའི་རྒྱུ་རྐྱེན་ནམ་ཡང་ན་ཕྱོགས་སོ་སོའི་དམིགས་ཡུལ་གང་ཞིག་ཡིན་པའི་སྐོར་ནས་ཅུང་ཙམ་བཤད་ན།
སྤྱིར་དུས་སྐབས་དེའི་བོད་ཀྱི་ལོ་རྒྱུས་ཡིག་རིགས་ཁག་དང་། ཡང་ན་ངས་མཐོང་བའི་དུས་སྐབས་དེའི་རྒྱ་ནག་གི་ཡིག་ཆ་ཁག་གི་ནང་སྐབས་དེའི་འབྲེལ་བའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ལ་འགྲེལ་བརྗོད་བྱས་པ་མ་མཐོང་ཞིང་།
དུས་ཆེས་རྒྱ་བོད་མི་རིགས་ཀྱི་མཁས་པ་སོ་སོས་སྐབས་དེའི་འབྲེལ་བའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ལ་འགྲེལ་བརྗོད་བྱེད་སྟངས་རིགས་གཉིས་སུ་བསྡུས་ན་ཆོག་པར་མངོན།
ཉེ་རབས་བོད་ནང་གི་ལོ་རྒྱུས་སྨྲ་བ་ཁག་ཅིག་དང་། ཁྱད་པར་བློ་ཁ་རྒྱ་ལ་གཏད་པ་ཁག་ཅིག་གིས་དུས་སྐབས་དེའི་འབྲེལ་བའི་རྒྱབ་ལྗོངས་སྐོར་ལ་འགྲེལ་བརྗོད་མང་དག་ཅིག་བྱས་ཡོད་ཅིང་།
དཔེར་ན་<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས། “ཆིང་སྲིད་གཞུང་དང་ཏཱ་ལའི་བླ་མའི་དབར་འབྲེལ་བ་བཙུགས་པ་དེ་ནི་ཆིང་ཀྲུང་དབྱང་སྲིད་གཞུང་དང་།
བོད་ས་གནས་སྲིད་གཞུང་གཉིས་ཀར་འཕྲལ་ཕུགས་ཚང་མའི་དགེ་མཚན་ལྡན་ཡོད། བོད་ལ་མཚོན་ན་ས་གནས་སྲིད་གཞུང་བཙུགས་མ་ཐག་པར་བརྟེན་ཕམ་ཉེས་ཕྱིན་པའི་གཙང་པ་རྒྱལ་པོའི་ཕྱོགས་གཏོགས་ཀྱིས་སྡུག་འཁུར་མ་ཐུབ་པ་ཀོང་པོ་ཁུལ་གྱི་ཕན་བདེ་དགོན་པ་སོགས་བཀའ་བརྒྱུད་པའི་དགོན་སྡེ་དང་།
རྗེས་འབྲང་དཔོན་ཁག་རྣམས་ནས་ཟིང་འཁྲུག་བསླངས་ཏེ་འོག་དགའ་རྫིང་་ཕྱིའི་གཙུག་ལག་ཁང་མེར་བསྲེགས་པ་དང་།
གཙང་གི་གསུང་རབ་གླིང་དགོན་པ་སོགས་ཀྱིས་དམག་དྲངས་ཏེ་རྣམ་གླིང་རྫོང་བཟུང་བ་དང་། འབྲས་ཡུལ་སྐྱིད་ཚལ་པས་དམག་དྲངས་ཏེ་རིན་སྤུངས་རྫོང་བཟུང་བ།
ད་དུང་ལྷོ་ཁ་རྒྱུད་ཀྱི་ས་གནས་འགའ་ཤས་ཀྱང་བཅད་བཟུང་གི་ལོ་སྔ་ཕྱི་གཉིས་ལྷག་ཙམ་རིང་ངོ་རྒོལ་བཅས་བྱས་པར་གོ་ཤྲི་ཁང་གི་སྲས་བསྟན་འཛིན་ད་ལའི་ཁང་གིས་སྣེ་ཁྲིད་པའི་བོད་སོག་མཉམ་སྦྲེལ་དམག་གིས་དྲག་གནོན་བྱས་ཏེ་སྐབས་འཕྲལ་ལྷིང་ཇགས་སུ་བཏང་ཟིན་ཡང་།
གསར་དུ་བཙུགས་མ་ཐག་པའི་བོད་ས་གནས་ཀྱི་སྲིད་དབང་སྲ་བརྟན་ཡོང་བར་ད་དུང་ཆབ་སྲིད་ཀྱི་སྟོབས་ཤུགས་ནུས་ལྡན་ཞིག་གི་རྒྱབ་སྐྱོར་དགོས་མཁོ་ཆེན་པོ་ཡོད་པ་དང་།”ཞེས་བོད་ཀྱིས་རྒྱ་ནག་ལ་འབྲེལ་བ་བྱེད་དགོས་པའི་དམིགས་ཡུལ་སྐོར་འགྲེལ་བརྗོད་བྱས་པ་དང་།
ཡང་མུས་མཐུད་ནས་“ཆིང་ཀྲུང་ཡང་སྲིད་གཞུང་ལ་ཆ་མཚོན་ན་ཀྲུང་གོའི་ཁྱོན་དུ་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱས་འགོ་ཚུགས་པ་ཙམ་ཡིན་པས་སྲིད་དབང་སྲ་བརྟན་གཏོང་བ་དང་།
ལྷག་པར་གྲངས་མྱུང་མི་རིགས་ས་ཁུལ་སྤྱི་དང་། བྱེ་བྲག་བོད་དང་སོག་པོའི་ས་གནས་དབང་བསྒྱུར་ཐུབ་པའི་ཆ་རྐྱེན་གལ་ཆེ་བ་ཞིག་ནི་སྐབས་དེར་མང་ཚོགས་ཀྱི་ཁྲོད་དུ་བརྩི་བཀུར་སྙན་གྲགས་ཆེ་བའི་སངས་རྒྱས་ཆོས་ལུགས་བེད་སྤྱོད་བྱེད་དགོས་པས་ཆོས་ལུགས་ཀྱི་གཙོ་འཛིན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་།
པཎ་ཆེན་སྐུ་ཕྲེང་བཞི་པ་གཉིས་ལ་བརྟེན་རྒྱུ་དེ་དགོས་པ་ཆེན་པོ་ཡོད།” ཅེས་གསུངས་པ་འདི་ནི་ཉེ་རབས་ལོ་རྒྱུས་སྨྲ་བ་ཞིག་གིས་དུས་སྐབས་དེའི་སྤྱི་ཚོགས་ལ་ལྡོག་འཕྲོས་བྱས་པ་ལས་བྱུང་བའི་ལྟ་བ་གཞན་ཞིག་གི་གྲུབ་དོན་ཡིན་ཞིང་།
སྐབས་དེའི་རྒྱལ་ཁབ་སོ་སོའི་གནས་སྟངས་ཀྱང་གོང་གསལ་ལུང་གི་ནང་དོན་ལྟར་ཡིན་ངེས། འོན་ཀྱང་དུས་སྐབས་དེར་དགའ་ལྡན་ཕོ་བྲང་གིས་མཉྗའི་སྲིད་གཞུང་ལ་བཟུང་པའི་བསམ་བློ་དང་།
མཉྗུའི་སྲིད་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ཀྱི་ཐོག་ཆབ་སྤེལ་སོགས་ཀྱིས་བླངས་པའི་གོ་བ་དེ་ཉིད་ནི་ཕྱོགས་གཅིག་གི་གོ་བ་ཡིན་ཞིང་།
བོད་སོག་དབང་དུ་བསྡུ་བའི་ཆེད་དུ་ཡིན་ཞེས་པ་ནི་དུས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་།
༸གོང་ས་ལྔ་བ་པད་ཅིང་དུ་ཕེབས་སྐབས་ཀྱི་གནས་ཚུལ། སྐུ་ཚབ་གཏོང་སྐབས་ཀྱི་གནས་ཚུལ་སོགས་དུས་སྐབས་དེའི་སྤྱི་ཚོགས་སོ་སོའི་བྱ་སྤྱོད་མང་པོ་ཞིག་ལ་རྒྱུས་ལོན་གསལ་པོ་མ་བྱས་པའམ་ཡང་ན་ཆེད་དུ་གནས་ལུགས་མེད་པའི་གཏམ་ཞིག་བཤད་པར་ངོས་འཛིན་བྱས་ན་ཆོག
གཞན་ཡང་ཉེ་དུས་རྒྱ་གར་ནས་བྲིས་པའི་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ལས།
“རྒྱ་ནག་༸གོང་མ་ཏཱ་མིང་རྒྱལ་པོས་རྒྱ་ནག་གི་མངའ་སྡེ་རྣམས་ལེགས་པར་སྐྱོང་མ་ཐུབ་པས་ནང་ཟིང་དང་།
དཔལ་འབྱོར་ཉམས་རྒུད་ཆེ་བར་བརྟེན་ཤར་ཕྱོགས་མན་ཇུ་རི་ཡ་ཞེས་སོག་རིགས་སུ་གཏོགས་པའི་ཡུལ་ཞིག་ནས་གཡོ་ཐབས་ཀྱིས་བཙན་འཛུལ་བྱས་ཏེ་ཏཱ་མིང་༸གོང་མའི་སྲིད་དབང་འཕྲོགས་ཏེ་རྒྱ་ནག་ཡོངས་རྫོགས་དབང་བས་མན་ཇུའི་༸གོང་མ་དང་པོ་ཤུན་ཅིའི་(ཀྲིའི་)ནས་སྲིད་དོན་ལ་གཏོགས་པའི་ཆེ་རྒུ་ཚང་མ་གྲོས་ཚོགས་ཀྱིས་རྒྱ་བོད་གཉིས་ས་མཚམས་རྒྱ་ཆེའི་ཁར།
ལྷག་པར་བྱང་ཤར་དུ་རྒྱ་སོག་ས་མཚམས་རྒྱ་ཆེ་ཞིང་། རྟག་ཏུ་སོག་པོ་རྣམས་ནས་རྒྱ་མིའི་ས་མཚམས་སུ་བཙན་འཛུལ་ཡང་ཡང་བྱེད་ཀྱིན་ཡོད་པ།
སོག་པོས་རྒྱ་ནག་དང་། མན་ཇུའི་ས་ཁོངས་གནོད་འཚེ་མི་བྱེད་པས་རྒྱ་ནག་ལ་དོན་ཕན་ཤིན་ཏུ་ཆེ་བ་ལོ་རྒྱུས་རིང་པོའི་ཐོག་ནས་གསལ་བོར་ཤེས་པས་ད་ལན་ཏཱ་ལའི་བླ་མ་རིན་པོ་ཆེ་པེ་ཅིང་དུ་གཟེངས་བསྟོད་ཆེ་མཐོངས་དང་བཅས་གདན་ཞུ་ཞུ་རྒྱུ་གལ་ཆེ་ཡིན་པ་ཚང་མ་མོས་མཐུན་བྱུང་སྟེ་ལོ་ཤས་ཀྱི་སྔོན་ནས་གདན་ཞུའི་ཞུ་ཡིག་དང་བཅས་མི་སྣ་ཡང་ཆེད་གཏོང་བཀའ་བཞེས་དོན་སྨིན་ཐོབ་པ་ལྟར།”
ཞེས་སོགས་གསལ་བ་འདི་ནི་གོང་གསལ་ཆབ་སྤེལ་སོགས་ཀྱིས་དུས་སྐབས་དེར་༸གོང་ས་སྐུ་ཕྲེང་ལྔ་པ་བོད་ནས་རྒྱ་ནག་ཏུ་ཕེབས་པའི་རྒྱུ་མཚན་དང་།
མཉྗུ་གོང་མས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་མདོར་བསྡུས་པའི་ཚུལ་གྱིས་བཤད་པ་ཡིན་ཞིང་།
ནང་དོན་དངོས་ནི་དུས་སྐབས་དེའི་མཉྗུའི་གོང་མས་དགོས་མཁོ་ཞིག་ལ་གཟིགས་ནས་༸གོང་ས་ལྔ་པ་བོད་ནས་རྒྱ་ནག་ཏུ་གདན་དྲངས་པ་དང་།
གདན་ཞུའི་གོ་རིམ་དང་གྲ་སྒྲིག་སོགས་ལ་བལྟས་ན་ཡང་དེ་ལྟར་དུ་མངོན། སྤྱིར་༸གོང་ས་སྐུ་ཕྲེང་ལྔ་པ་པད་ཅིང་དུ་གདན་ཞུའི་ཆེད་ཕོ་ཉ་ལན་མང་པོར་བཏང་ཡོད་ཅིང་།
མཐར་ཞལ་བཞེས་ཐོབ་ནས་རྒྱ་ནག་ཏུ་ཕེབས་པའི་རྒྱུ་མཚན་དང་དགོས་པ་སོགས་ལ་སྤྱིར་མཁས་པ་སོ་སོས་གོང་གསལ་ལྟར་འགྲེལ་ཚུལ་མང་མོད།
ཕྱོགས་གཅིག་ནས་དུས་སྐབས་དེའི་ཤར་ཕྱོགས་རྒྱལ་རབས་གསར་པ་གཉིས་ཀྱི་བར་དུ་བྱུང་བའི་འབྲེལ་བ་ཡིན་ཞིང་།
ཁྱད་པར་ཕན་ཚུན་ལ་གུས་ལུགས་སོགས་ཐོག་མའི་ཆ་ནས་རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་ཇུས་དེ་ཉིད་བོད་འདི་རྒྱ་ཁོང་ཡིན་པའི་སྒྲུབ་བྱེད་རྩ་བ་ནས་མེད་ཅིང་།
འབྲེལ་ཡོད་དཔྱད་རྩོམ་དང་། བོད་ཕྱི་ནང་གཉིས་ནས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བྲིས་པའི་དེབ་ཆུང་མང་དུ་མཆེས་པ་དེ་དག་གི་ནང་དུ་ཡང་།
བདེན་རྫུན་ཅི་རིག་གི་ཆ་གསལ་ཡོད་ཅིང་། འོན་ཀྱང་དོན་དངོས་དུས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་སྐོར་དཔྱད་པ་བྱས་པ་ཧ་ལམ་མེད།
འདི་ནི་ང་ཚོར་ལོ་རྒྱུས་ཀྱི་དོན་དངོས་འཚོལ་བར་བྱེད་པའི་ཐབས་ལམ་མ་ཚང་བའི་རྐྱེན་གྱིས་ཡིན།
མདོར་ན་ད་བར་སྐད་ཡིག་སོགས་རྒྱུད་ལམ་འདྲ་མིན་ནས་རྒྱ་དང་བོད་སོ་སོས་རང་རང་གི་དགོས་མཁོའི་དབང་གིས་བསམ་ཚུལ་མི་འདྲ་བ་དང་།
ལོ་རྒྱུ་ལ་ལྟ་སྟངས་མི་འདྲ་བ་རེ་ཡོད་པ་བཞིན། ཕྱོགས་གཉིས་ཀར་ཡང་བདེན་པའི་ཆ་མི་ཉུང་བ་ཞིག་ཡོད་ངེས་རེད།
གོང་དུ་གསལ་བ་ལྟར་དུས་སྐབས་དེར་བོད་ནི་ཕྱོགས་ཡོངས་ནས་གཅིག་གྱུར་མ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་ཞིང་།
ཁྱད་པར་དུ་ཡང་རང་ཉིད་ལ་རྒྱལ་ཁབ་ཤིག་སྐྱོང་བའི་སྟོབས་ཤུགས་ཡོངས་སུ་ཚང་མེད་པའི་རྒྱལ་ཁབ་ཤིག་ཡིན།
གཞན་བརྟེན་གྱི་རྒྱལ་ཁབ་ཞིག་ཡིན། དེས་ན་༸གོང་ས་ལྔ་པས་གཙོས་དུས་སྐབས་དེའི་དགའ་ལྡན་ཕོ་བྲང་པའི་གཙོ་འཛིན་དག་གིས་ཀྱང་རང་ཉིད་ཀྱིས་རྒྱལ་ཁབ་འདི་ཉིད་དུས་གཏན་དུ་སྐྱོང་དགོས་པ་དང་།
རྒྱབ་རོགས་གཅིག་རང་ལ་བརྟེན་པ་འདི་ཡང་ཉན་ཚབ་ཆེ་བ་ཞིག་ཡིན་པ་དགོངས་ཡོད་སྲིད་ཅིང་། ཁྱད་པར་དུས་སྐབས་དེར་མཉྗུའི་རྒྱལ་ཁབ་ཀྱང་གསར་དུ་བཙུགས་ཟིན་ཙམ་ཡིན་པ་དང་།
བོད་དགའ་ལྡན་ཕོ་བྲང་ཡང་དབུ་རྙེད་ནས་ལོ་མང་པོ་མ་སོང་བས། དུས་སྐབས་འདི་འདྲ་ཞིག་ནས་རང་གི་མཐའ་མཚམས་རྒྱལ་ཁབ་དང་།
ཁྱད་པར་ཆོས་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་དག་ལ་འབྲེལ་བ་བརྟེན་པོ་ཞིག་འཛུགས་དགོས་ངེས་དང་།
བོད་རྗེ་བཙན་པོ་རིམ་བྱོན་གྱི་སྐབས་ནས་བྱུང་བའི་ལམ་སྲོལ་བཟང་པོ་སྟེ། རྒྱ་བོད་དབར་འཚམས་འདྲིའི་ལེགས་སྐྱེས་འབུལ་རེས་ཀྱི་ལམ་སྲོལ་དེ་ཉིད་རྒྱུན་སྐྱོང་དགོས་པ་དང་།
ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་སོག་ཡུལ་དུ་རྒྱས་པའི་ཆེད་དུ་མཉྗུ་གོང་མའི་གདན་ཞུ་ཞལ་བཞེས་གནང་བ་ཡིན་ངེས།
རྒྱ་ནག་ཕྱོགས་ནས་ཀྱང་ཕྱི་རོལ་སོག་པོའི་བཙན་འཛུལ་སོགས་སྐྱོབ་ཆེད་དང་།
ཁྱད་པར་མཉྗུ་གོང་མ་དེ་ཉིད་ཀྱང་ཆོས་ལ་ལྷག་པར་དད་པ་ཞིག་ཡིན་པ་ནི་ལོ་རྒྱུས་ལས་ཤེས་ནུས་ཤིང་།
དེང་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གི་བསམ་བློ་ཁྱེར་ནས་འདས་པའི་ལོ་རྒྱུས་ལ་འགྲེལ་བརྗོད་བྱས་པ་མང་དུ་སྣང་ཡང་དེ་དག་ནི་འགྲེལ་ལོག་ཡིན།
དེས་ན་དུས་སྐབས་དེའི་སྲིད་གཞུང་ཕྱོགས་སོ་སོའི་ངོས་ནས་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་བ་འཛུགས་པ་དམིགས་ཡུལ་མང་དག་ཅིག་ཡོད་ངེས་ཤིང་།
དཔེར་ན་ས་མཚམས། ཚོང་ལས། རིག་གནས་སོགས་ཀྱི་འབྲེལ་བ་མང་དག་ཅིག་ཀྱང་ཡོད་སྲིད་པ་ཡིན་པས།
ང་ཚོས་མཐའ་གཅིག་ཏུ་ཕྱོགས་ཡོངས་ནས་ཚང་བའི་དུས་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འགྲེལ་བརྗོད་ཅིག་རྩ་བ་ནས་རྒྱག་མི་ཐུབ།
འོན་ཀྱང་ང་ཚོས་ཐུབ་པ་ནི་དུས་སྐབས་དེའི་སྤྱི་ཚོགས་སོ་སོའི་གནས་བབ་དང་། མི་སྣ་གཙོ་བོ་སོ་སོའི་སེམས་ཁམས་ལ་ཞིབ་འཇུག་བྱས་ནས་ལོ་རྒྱུས་ལ་འགྲེལ་བརྗོད་བྱེད་དགོས་པ་གལ་ཆེན་ཡིན་ཞིང་།
མཉྗུའི་གོང་མ་རིམ་པ་ཡོངས་སུ་ཆོས་ལ་དད་པ་ཆེན་པོ་ཡོད་པ་དངོས་ཡོད་ཡིན་ཞིང་། ༸གོང་ས་ལྔ་པ་ནི་མཉྗུ་གོང་མས་བཤད་པ་ལྟར་དུས་སྐབས་དེའི་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིན་པས།
ཕན་ཚུན་ལ་ཆོས་འབྲེལ་ངེས་པར་དུ་ཡོད་དགོས་པ་དང་ཡོད་ངེས་པ་ཡིན། མདོར་ན་ཕྱོགས་མང་པོ་ཞིག་ལ་བརྟེན་ནས་འབྲེལ་བ་བཙུགས་པ་ཙམ་ལས།
མ་རུང་ཁོག་བཅངས་འབའ་ཞིག་དང་། ཡང་ན་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་དོན་དུ་རྒྱལ་ཁབ་གཉིས་དབར་འབྲེལ་བ་བྱུང་བ་ཞིག་ནི་རྩ་བ་ནས་མ་ཡིན་པར་འདོད།
དེས་ན་ང་ཚོས་དུས་སྐབས་དེར་བོད་དང་མཉྗུའི་འབྲེལ་བ་འཛུགས་སྐབས་མཉྗུའི་ངོས་ནས་བོད་དུ་འཛིན་པའི་སྲིད་ཇུས་ཀྱང་གང་ཡིན་གསལ་བོར་ཤེས་དཀའ་ཡང་ཕྱོགས་མང་པོ་ཞིག་ནས་ང་ཚོས་དོན་དངོས་ཀྱི་ཆ་ཤས་མང་པོ་ཞིག་མཐོང་ཐུབ་པ་ནི་རིག་གནས་དང་ཆབ་སྲིད་སོགས་ཕྱོགས་མང་པོའི་དགོས་མཁོ་ཞིག་ལ་དམིགས་པ་དེ་ཉིད་ལགས།
འོན་ཀྱང་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་གནད་དོན་ཡོངས་སུ་རྫོགས་པ་ལ་དཔྱད་པ་བྱས་ནས་འདིར་དོན་དངོས་གཏན་ལ་འབེབ་རྒྱུ་ནི་ཤིན་ཏུ་དཀའ་བར་སོང་།
འདིར་གནས་དོན་གལ་ཆེན་འགའ་ཞིག་ལ་དཔྱད་པ་བྱས་ནས་དོན་དངོས་གཏན་ལ་འབེབ་པའི་ངལ་བ་བསྟེན་པར་བྱའོ།།
སྤྱི་ལོ་༡༦༤༢ལོར་༸གོང་ས་སྐུ་ཕྲེང་ལྔ་པ་མཆོག་མཉྗུའི་གོང་མས་གདན་ཞུས་ལྟར་པད་ཅིང་དུ་ཕེབས།
མཉྗུའི་གོང་མས་བསུ་བ་ཟབ་རྒྱས་ཞུས་པའི་ཚུལ་ནི་<<རྒྱལ་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།
པོད་ཅ་པ།>>ལས། “ཆིང་ཧོར་ཟེར་བའི་གྲོང་བརྡལ་གྱི་ཟམ་པ་ཞིག་གི་སྟེང་དུ་སླེབས་སྐབས།
གོང་ནས་བསུ་བར་མངགས་པའི་ཨུའི་ཇིང་ཆེན་དབང་རྟ་པ་སྟོང་གསུམ་ཙམ་གྱིས་བསྐོར་ཏེ་མཚོན་ཆ།
གདུགས་བ་དན་རྒྱལ་མཚན་རོལ་མོ་སོགས་ཤིན་ཏུ་རྒྱས་པ་བྱས་ཏེ་བྱོན་བྱུང་མ་ཐག་ཁེ་ཤིང་གི་ཆིན་དབང་དཔོན་ཡོག་ཉུང་བསྡུས་ལས་ཁྲིམས་ལས་ཀྱི་ལག་ཆ་དང་དམངས་མ་རྣམས་མངོན་ཆུང་དུ་བྱས་སོང་བ་ངེད་རང་བོད་དང་མི་འདྲ་བའི་རྒྱལ་པོ་ཁྲིམས་ཡོད་པའི་རྟགས་སུ་གདའ།”
ཞེས་གསལ་བ་ལས་དུས་སྐབས་དེར་མཉྗུའི་གཞུང་ནས་༸གོང་ས་སྐུ་ཕྲེང་ལྔ་པ་གདན་འདྲེན་ཞུ་བའི་ཚུལ་གསལ་བོར་མཐོང་ཐུབ་ཅིང་།
ཁྱད་པར་༸གོང་ས་ལྔ་པའི་གསུང་འདི་ཉིད་ལས་བོད་དང་མཉྗུ་གཉིས་ནི་རྒྱལ་ཁབ་ཐ་དད་པ་རེ་རེ་ཡིན་པ་ལས་གཅིག་འོག་གཅིག་གིས་བསྡུས་པ་དེ་འདྲ་མིན་པ་གསལ་བོ་མངོན་ཐུབ་ཅིང་།
ཁྱད་པར་༸གོང་ས་སྐུ་ཕྲེང་ལྔ་པ་འདི་ཉིད་གདན་ཞུས་བྱས་པ་ཡིན་པ་ལས་མཉྗུའི་གོང་མས་ལོ་མང་རིང་ཡང་ནས་ཡང་དུ་ཕེབས་བསུའི་ཞུ་ཡིག་ཕུལ་ནས་ངང་སྒུག་བྱས་པ་དང་།
ཕོ་བྲང་གསེར་པོ་བཞེངས་པ་སོགས་གནང་བ་ལས། དུས་ཐོག་ལ་ཡོང་དགོས་པའི་བཀའ་མི་གཏོང་བ་འདིས་ཀྱང་ཕྱོགས་གཉིས་པོ་འདྲ་མཉམ་གྱི་རྒྱལ་ཁབ་གཉིས་ཡིན་པ་གསལ་བར་མངོན་ཐུབ།
ཡང་<<རྒྱལ་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ཅ་པ།>>ལས།
གོང་མས་སྔར་གྱི་ཡིག་ཚང་རྣམས་དང་བསྟུན་བསུ་བའི་ཚུལ་གྱིས་རི་དྭགས་ཁོ་ཐོར་ཕེབས་འདུག་པ་ཚེས་བཅུ་དྲུག་དུ་བཏེག་པའི་ལྕགས་རིའི་ནང་དུ་ཆུད་དེ་རིམ་གྱིས་བགྲོད་ཚེ།
རྒྱལ་སྲིད་སྣ་བདུན་མདུན་དུ་བདར་བ་སོགས་འཁོར་ལོས་སྒྱུར་པའི་རྒྱལ་པོའི་ཆེ་བ་དང་ལྡན་པའི་གཟི་བརྗིད་འཆི་མེད་བདག་པོའི་དཔལ་ལ་ཅོ་འདྲི་བའི་གུང་གི་རྒྱལ་པོ་བཞུགས་ས་མཐོང་མི་མཐོང་གི་མཚམས་སུ་སླེབས་པ་དང་དམངས་མས་རྟ་བབས།
ད་ནས་ཀྱང་མདའ་རྒྱང་བཞི་ཙམ་གྱི་བར་ཕྱིན་མཚམས་རྟ་ལས་གཞོལ་ཏེ་ཕྱིན་པ་ན་གོང་མ་ཉིད་ཁྲི་ལས་བབས་ཏེ་གཞུ་འདོམ་བཅུའི་ཚོད་ལ་ཕེབས་ནས་ངེད་ཀྱི་ལག་པ་ལ་ཕྱག་གིས་འཇུས་ལོ་ཙཱ་བཙུགས་ཏེ་མཚམས་འདྲི་གནང་།
རྒྱལ་པོ་བཞུགས་ཁྲི་མིའི་སྐེད་པ་དང་མཉམ་པའི་སྟེང་ཁྲིའུ་ཤིང་ཁར་བཞུགས། དེ་དང་འདོམ་པ་གང་ལ་མི་རིང་བའི་སར་ངེད་ལ་རྒྱལ་པོའི་བཞུགས་ཁྲི་ལས་ཅུང་ཟད་དམའ་བ་ཞིག་འདུག་པའི་སྟེང་དུ་བསྡད།
གསོལ་ཇ་བྱུང་བའི་དུས་སྔོན་ལ་འཐུང་གསུང་ཡང་དེ་འདྲ་མི་འགབ་ཞུས་པས་དུས་མཉམ་དུ་འཐུང་གནང་བ་སོགས་མཐོང་བཟོས་ཤིན་ཏུ་ཆེ་བ་མཛད།”
ཅེས་གསུངས་པ་ལས་ཀྱང་རྒྱ་ནག་གོང་མ་ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་པར་འཛིན་པའི་ལྟ་ཚུལ་ཅུང་ཟད་ཙམ་ཞིག་ཤེས་ངེས་པ་དང་།
དེ་ཡང་སྤྱིར་རྒྱལ་ཕྲན་དང་རྒྱལ་ཁབ་ཆེན་པོ་གང་ཞིག་གིས་སྐབས་དེའི་གོང་མ་སོགས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕེབས་ན་ཕེབས་སུ་ཇི་ལྟར་བྱེད་པ་དེ་བཞིན་དུ་མཉྗུ་གོང་མས་ཀྱང་མཛད་ཡོད་པའི་སྐོར་སྔོན་གྱི་མཁས་པ་དག་གིས་ཀྱང་གསུངས་ཤིང་།
དེ་བཞིན་མཉྗུའི་གོང་མ་དང་གོང་མའི་ཉེ་འབྲེལ་དག་གིས་ཀྱང་༸གོང་ས་སྐུ་ཕྲེང་ལྔ་པར་ཕེབས་སུ་ཟབ་རྒྱས་དང་འབུལ་བ་གྱ་ནོམ་པ་ཕུལ་བ་རྣམ་ཐར་རང་དུ་གསལ་བས་འདིར་རྒྱས་བཤད་མ་མཛད།
སྤྱིར་དྲིན་ཆེན་བླ་མ་ཉིད་རྒྱ་ནག་ཏུ་ཕེབས་ནས་གོང་མས་བསུ་བ་ཟབ་རྒྱས་ཞུས་པ་དང་། འབུལ་བ་ཕོན་ཆེན་གནང་བ་སོགས་ནི་པཎ་ཆེན་སྐུ་ཕྲེང་བཞི་པ་སོགས་ལ་ཡང་གཅིག་མཚུངས་སུ་གནང་ཡོད་ཅིང་།
འདི་ནི་གོང་གསལ་རང་རང་གི་དགོས་དམིགས་མང་དག་ཅིག་ལ་བརྟེན་ནས་ཕུལ་བ་ལས་གོང་མས་འོག་མ་ལ་གནང་བ་ལྟ་བུ་ནི་སུས་ཀྱང་ཁས་ལེན་དཀའ།
ཆོས་ལ་ཡོན་ཕུལ་བ་ནི་སྤྱིར་ཆོས་ལུགས་དར་སའི་ཡུལ་ལུང་ཕལ་མོ་ཆེའི་ལམ་སྲོལ་ལྟ་བུར་སྣང་ཞིང་།
འདིར་ཡང་གོང་གསལ་རང་གི་སྐྱབས་ཡུལ་ལམ་ཡང་ན་དད་ཡུལ་དུ་གྱུར་བའི་མི་དེར་འབུལ་བ་ཟབ་རྒྱས་འབུལ་བ་ནི་གོང་འོག་གི་འབྲེལ་བའི་ཆ་ནས་བྱུང་བ་ཞིག་རྩ་བ་ནས་མ་ཡིན་པར་འདོད།
དེས་ན་གོང་གསལ་ལྟར་མཉྗུའི་གོང་མས་༸གོང་ས་སྐུ་ཕྲེང་ལྔ་པར་ཕེབས་བསུ་ཞུ་ལུགས་ལས་མཉྗུ་གོང་མས་བོད་དུ་འཛིན་པའི་སྲིད་ཇུས་ནི་འདྲ་མཉམ་གྱི་རྒྱལ་ཁབ་ཞིག་གི་རྒྱལ་པོར་བསུ་བ་ཞུ་ཚུལ་ཙམ་ལས་དེ་མིན་གྱི་བསམ་བློ་ཞིག་དང་།
ཡང་ན་གོང་འོག་གི་འབྲེལ་བའི་ཚུལ་ཅུང་ཟད་ཙམ་ཡང་མཐོང་རྒྱུ་མི་འདུག་པས། ལོ་རྒྱུས་ལ་ཕྱོགས་གཅིག་ཁོ་ནའི་ལྟ་ཚུལ་བཟུང་མཁན་དག་གིས་བཤད་པ་ལྟར་དུ་ནི་མ་ཡིན་པར་མངོན།
སྤྱིར་དུས་སྐབས་དེར་ཕེབས་བསུ་མཛད་ལུགས་ལ་རྗེས་མཇུག་མཁས་པ་སོ་སོས་འགྲེལ་ལུགས་ཅུང་ཟད་མི་འདྲ་བ་ཡོད་པ་དག་ཀྱང་དཔྱད་གཞིའི་ཚུལ་དུ་བཟུང་ནས་བསམ་གཞིགས་རེ་བྱེད་དགོས་པ་ནི་ལོ་རྒྱུས་ཞིབ་འཇུག་པས་འདོར་མི་རུང་པའི་ལས་འགན་ཡིན་པས།
ཞིབ་ཚགས་ཀྱིས་ཇི་ཙམ་བཀླགས་ཀྱང་དོན་དངོས་ལས་གཡོལ་ནས་འགྲོ་བ་ཙམ་ལས་གཞན་དགེ་མཚན་ཆེ་བ་ཞིག་མ་མཐོང་།
སྤྱིར་༸གོང་ས་སྐུ་ཕྲེང་རིམ་བྱོན་ལ་མཉྗུ་གོང་མས་བསྟོད་ཚིག་མང་དུ་ཕུལ་ཡོད་ཅིང་།
ཁྱད་པར་འཇའ་ས་དང་ཐམ་ག་སོགས་ཀྱི་ཐོག་ཡི་གེ་བཀོད་ནས་ཆེ་བསྟོད་ཀྱི་ཡི་གེ་མང་དུ་བྲིས་ཡོད་པ་དེ་དག་ལ་བལྟས་ནས་ཉེ་རབས་ལོ་རྒྱུས་སྨྲ་བ་མང་པོས་དུས་སྐབས་དེར་མཉྗུ་དང་དགའ་་ལྡན་ཕོ་བྲང་པའི་དབར་གོང་འོག་གི་འབྲེལ་བ་ཡོད་པར་སྨྲ་བ་དང་། ཡང་ཡིག་འབྲུ་དེ་དག་ལ་བརྟེན་ནས་འདྲ་མཉམ་དུ་སྨྲ་བ་སོགས་མང་དུ་ཡོད་པ་དེ་དག་ལ་ཡང་བསྐྱར་ཞིབ་རེ་བྱ་དགོས་པ་དང་།
དེ་ལས་ང་ཚོས་ལོ་རྒྱུས་ཀྱི་དོན་དངོས་སམ་སྐབས་འདིར་འཚོལ་བཞིན་པའི་དུས་སྐབས་དེའི་མཉྗུའི་གཞུང་ནས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་ཞིབ་འཇུག་བྱེད་པར་མེད་དུ་མིང་རུང་བ་ཞིག་དང་།
གལ་ཆེན་ཞིག་ཡིན་པས། འདིར་ཡང་ཐམ་ག་དང་འཇའ་སའི་ནང་དོན་དང་། ཡང་ན་སྤྱིར་བཏང་བསྟོད་ཚིག་སོགས་ལ་ཡང་ཞིབ་འཇུག་ཅུང་ཟད་རེ་བྱ་དགོས་ངེས་སུ་མཐོང་།
སྤྱིར་མཉྗུའི་གོང་མ་ཐའི་ཙུང་གིས་ཏཱ་ལའི་བླ་མ་དང་། པཎ་ཆེན་རིན་པོ་ཆེ། དེ་བཞིན་བླ་ཆེན་མི་ཆེན་མང་པོར་འབུལ་བ་དང་ཆེ་བསྟོད་ཡི་གེ་ཕུལ་ཡོད་ཅིང་།
གོང་ས་སྐུ་ཕྲེང་ལྔ་པར་ཕུལ་བའི་བསྟོད་ཚིག་ནི་ཏཱ་ལའི་བླ་མའི་རྣམ་ཐར་ཞེས་པ་ལས་ལུང་དྲངས་པ་<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས།
“ཏཱ་ཆིང་རྒྱལ་ཁབ་ཀྱི་ཁོག་ཡངས་ཞི་དུལ་བྱམས་སྐྱོང་མཁས་མཛངས་ལྡན་པའི་གོང་མས། རྡོ་རྗེ་འཆང་ཆེན་པོ་ཏཱ་ལའི་བླ་མར་ཕུལ་བའི་ཡི་གེ་དེང་གི་དུས་འདིར་བླ་མ་གང་ཉིད་ཀྱིས་འགྲོ་བ་སྐྱོབ་རྒྱུའི་དགོངས་བཞེས་དང་བཅས་ཏེ་རྒྱལ་བསྟན་དར་སྤེལ་ཆེད་ཕྱག་བྲིས་སྐྱེལ་བར་ཕོ་ཉ་མངགས་བྱུང་བར་བདག་དགའ་སྤྲོ་ཆེན་པོ་བྱུང་།
དེར་གང་ཉིད་སྐུ་གཟུགས་བདེ་པོ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨན་འདུན་ཞུ།” ཞེས་སོགས་གསལ།
ཡི་གེ་འདི་ནི་ཕལ་ཆེར་སྤྱི་ལོ་༡༦༤༣ཙམ་ནས་ཡིན་པ་ཀྲུང་གོའི་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བཏུས་ཞེས་པར་ངོས་འཛིན་མཛད་འདུག་པ་ལྟར་ལོ་དུས་ཀྱི་དབང་དུ་བྱས་ན་དུས་སྐབས་དེ་ཙམ་ནས་ཡིན་པར་མངོན་ཞིང་།
འོན་ཀྱང་ཡི་གེ་འདི་གཏོང་མཁན་གོང་མ་ཧྲུན་ཀྲི་རེད་ཅེས་གསུངས་འདུག་པ་ནི་ཅུང་ཙམ་མ་དག་པར་མངོན།
མཉྗུའི་གོང་མ་ཧྲུན་ཀྲི་ནི་སྤྱི་ལོ་༡༦༣༨ལོར་འཁྲུངས་ཤིང་། སྤྱི་ལོ་༡༦༦༡ལོར་དགོངས་པ་རྫོགས་པ་ཡིན་པས།
དུས་སྐབས་དེར་ཧྲུན་ཀྲི་གོང་ལོ་ལྔ་ལས་མ་ཟིན་པ་དང་། མཉྗུའི་སྲིད་གཞུང་ཡང་འགོ་ཚུགས་མེད་པས།
དུས་སྐབས་དེའི་གོང་མ་ནི་གོང་གསལ་ལྟར་ཐའེ་ཙུང་ཡིན་པར་མངོན། ཐའེ་ཙུང་མཆོག་ནས་༸གོང་ས་སྐུ་ཕྲེང་ལྔ་པར་གནང་བའི་ཕྱག་རིས་དེའི་ནང་དུ་གཙོ་བོ་རྒྱལ་བསྟན་དར་སྤེལ་དང་འབྲེལ་བ་ལས་གཞན་གང་ཡང་མ་གསལ་བ་ནི་དངོས་ཡོད་ཡིན།
འོན་ཀྱང་དུས་སྐབས་དེའི་བོད་གངས་ཅན་ལྗོངས་ཀྱི་མི་ཆེན་བླ་ཆེན་མང་པོར་བསྟོད་པ་དང་འབུལ་བ་ཕུལ་ཡོད་པ་དེ་དག་གི་ནང་དོན་སོགས་ལ་ཞིབ་འཇུག་བྱེད་པ་ནི་སྐབས་བབ་མ་ཡིན་པས་དོར་དགོས་བྱུང་།
གཞན་སྤྱི་ལོ་༡༦༥༢ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་པད་ཅིང་དུ་ཕེབས་པ་དང་།
སྤྱི་ལོ་༡༦༥༢ཟླ་བ་ལྔ་པའི་ཚེས་ལྔ་ཉིན་ཏའི་ཁ་ཞེས་པའི་ས་གནས་སུ་འཇའ་ས་དང་ཐམ་ག་གནང་ཡོད་ཅིང་།
ཐམ་ག་དང་འཇའ་ས་གནང་བའི་ལོ་འགྲིག་ཀྱང་ཟླ་བ་ནི་ཉེ་རབ་ལོ་རྒྱུས་ཁག་གི་ནང་མི་མཐུན་པ་སྣང་ཞིང་།
ཟླ་བ་གཉིས་པའི་ནང་ཡིན་དགོས་ངེས་ཀྱང་སྲིད་དོན་རྒྱལ་རབས་སོགས་ལས་ཟླ་བ་ལྔ་པ་ཞེས་འཁོད་འདུག་པར་དཔྱད་པར་ཞུ།
དེའི་སྐོར་རྒྱལ་བའི་རྣམ་ཐར་རང་དུ་གསལ་བར་མ་འཁོད་ཅིང་། <<བོད་ཀྱི་སྲིད་དོན་རྒྱལ་རབས་>>ལས།
“ཟླ་བ་ལྔ་པའི་ཚེས་ལྔ་ཉིན་ཏའི་ཁ་ཞེས་པའི་ས་གནས་སུ་ཕེབས་སྐབས་ཤིན་ཏུ་རྒྱ་ཆེ་བའི་མཛད་སྒོའི་ཐོག
༸གོང་མས་དམིག་བསལ་གནང་བའི་མི་སྣའི་གདོང་གསེར་གྱི་ཐམ་ག་དང་། གསེར་གྱི་པང་ལེབ་ཆོས་ཤོག་མཐུག་ཤོས་དང་མཉམ་པའི་ཞེང་སོར་བཞི་དང་།
དཀྱུས་མཐོ་གང་ཡོད་པ་བཅོ་ལྔ་ལ་འཕྲུལ་མིག་དང་འབྲེལ་ནས་ལྟེབ་ཆོག་པའི་ནང་། མན་ཇུ་དང་ཧོར་ཡིག་(སོག་ཡིག)
བོད་ཡིག་འབུར་དོད་དུ་བརྐོས་པའི་ནང་། ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་བ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་མཚན་བསྟོད་འབུལ་ལམ་ཞུས་པར།
ཏཱ་ལའི་བླ་མ་རིན་པོ་ཆེ་ནས་ཀྱང་། གོང་མ་དང་འདྲ་བའི་གསེར་གྱི་པང་ལེབ་ཐོག །མན་ཇུ། ཧོར་ཡིག
བོད་ཡིག་གསུམ་གྱི་ཡི་གེ་འབུར་དོད་བརྐོས་པའི་ནང་། གནམ་གྱི་ལྷ་འཇམ་དབྱངས་༸གོང་མ་བདག་པོ་ཆེན་པོ།
ཞེས་པའི་མཚན་བསྟོད་མི་སྣའི་གདོང་འབུལ་གནང་མཛད།”
ཅེས་བཀོད་འདུག་པ་འདི་ཉིད་ཤིང་སྟག་སིམ་ལིའི་ཆིངས་ཡིག་སྐབས་སྔོན་འགྲོའི་བཀའ་མོལ་ཤོག་ལྷེ་༡༨པར།
རྒྱ་ནག་ཏུ་ཆིབ་བསྒྱུར་ཞེས་པར་ཁུངས་སུ་བྱས་ནས་བཤད་འདུག་ཀྱང་ཡིག་ཆ་དེ་ཉིད་ངོས་སུ་མ་མཇལ།
དེར་མ་ཟད་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་འཇའ་ས་དག་གི་ནང་དོན་ཡོངས་སུ་རྫོགས་པ་བཀོད་མེད།
འོན་ཀྱང་གོང་གསལ་ཐམ་གའི་ཡི་གེ་དང་དེ་བཞིན་འཇའ་སའི་ནང་དོན་ཡོངས་སུ་ཚང་བ་ནི་<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས།
“གསེར་གྱི་ཐམ་གའི་ཡི་གེ་ཆ་ཚང་ནི། “ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་”ཞེས་པ་དེ་ཡིན་ཅིང་།
གསེར་གྱི་འཇས་ས་ལ་ཁྱོན་བསྡོམས་གླེགས་བུ་བཅོ་ལྔ་ཡོད་པའི་ཡི་གེ་ཆ་ཚང་གཤམ་གསལ། “ངེད་ཀྱི་གོ་བ་ལྟར་ན་ཀུན་ལ་ཕན་ཐོགས་ཡོང་ཐམས་བྱེད་རྒྱུ་དང་།
རང་ལ་ཕན་ཐོགས་ཡོང་ཐམས་བྱེད་རྒྱུའི་དམིགས་ཡུལ་མི་འདྲ་བ་ཡོད་ལ། སྲིད་པ་འཁོར་བ་དང་། ཞི་བ་འཇིག་རྟེན་ལས་འདས་པའི་ཆོས་ལུགས་གཏོད་པའི་འགྲོ་ལམ་ཡང་མི་འདྲ་བ་ཡོད།
འོན་ཀྱང་སེམས་པ་དང་བ་དང་གཤིས་ལུགས་འཐིལ་མཐོང་བྱེད་རྒྱུ་དང་། འཇིག་རྟེན་བདེ་འགོད་དང་།
དམངས་བློ་གསལ་འབྱེད་བྱེད་རྒྱུའི་ཐད་ནས་བཤད་ན་ཐ་མི་དད་པ་ཞིག་རེད། ཏཱ་ལའི་བླ་མ་བློ་བཟང་རྒྱ་མཚོ་གང་ཉིད་མཁྱེན་རྒྱ་ཡངས་ཤིང་།
སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་སྤངས་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཀ་སྒོམ་ཞིང་།
གཟུགས་དང་སྟོང་གཉིས་ཀ་མེད་པ་ཆགས་པའི་ཐོག སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་མཛད་དེ་མགོ་རྨོངས་པ་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པ་བྱུང་སྟབས།
ནུབ་ཕྱོགས་སུ་སེམས་རྒྱུད་ཐུལ་བ་དང་། ཤར་ཕྱོགས་སུ་སྙན་གྲགས་ཁྱབ་པ་དེ་ངེད་ཀྱི་ཡབ་དམ་པ་ཞི་བའི་གོང་མ་ཐའི་ཙུང་གིས་མཁྱེན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་ནས་ཁྱེད་གདན་འདྲེན་ཞུ་བར་ཕོ་ཉ་ཆེད་མངགས་ཀྱིས་གཏོང་བར་གནང་ཞིང་།
ཁྱེད་ཀྱིས་སྔར་ནས་ཡབ་གོང་མའི་ཐུགས་འདོད་མཁྱེན་ནས་འབྲུག་ལོར་མཇལ་བར་ཕེབས་རྒྱུ་ཞལ་གྱེས་བཞེས་པ་རེད།
ངེད་ཀྱིས་གནམ་གཉེན་གྱི་བཀའ་ལྟར་འོག་སྐྱོང་གི་ཡོད། ཁྱེད་དངོས་གནས་གདན་ཞུས་ལྟར་དུས་ཐོག་ཏུ་ཕེབས་བྱུང་།
ཁྱེད་ཀྱི་སྤྱོད་ལམ་མཛའ་བརྩེ་སྐྱེ་འོང་ཤིང་། ཞལ་མང་ཉུང་རན་པོ་ཡོད་པའི་ཐོག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྱང་སེམས་ཀྱིས་འགྲོ་བ་འགུགས་པའི་སྒོ་འཕར་རྒྱ་ཆེར་ཕྱེ་བས།
དངོས་གནས་བྱང་ཆུབ་ལམ་གྱི་སྟོན་(པ)དང་། དགོན་པའི་མིག་ལྟོས་ཡིན་སྟབས་ངེད་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་ཀྱི་ཡོད།
ད་གསེར་གྱི་འཇའ་ས་ཐམ་ག་དང་བཅས་ཏེ་ཁྱེད་ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་སྤྲོད་རྒྱུ་ཡིན།
བསྐལ་བསྟུན་སྐུ་སྤྲུལ་གྱིས་རྒྱལ་བསྟན་དར་སྤེལ་དང་། སྐབས་བསྟུན་ཆོས་འཆད་མཛད་དེ་འགྲོ་བར་ཕན་པ་གནང་རྒྱུ་དེ་བར་མཚམས་མ་འཇོག་རོགས་གནང་།”
ཞེས་འཁོད་ཡོད།” ཅེས་གསལ་བ་འདི་ནི་ད་ཡོད་དུས་སྐབས་དེའི་འཇའ་སའི་ནང་དོན་བཀོད་པ་ངས་མཐོང་བ་དང་པོ་དེ་ཡིན་ཞིང་།
འཇའ་སའི་ཡི་གེ་གོང་འོག་གང་དུ་ཡིན་རུང་ཆོས་ལུགས་དང་འབྲེལ་བ་དང་། ༸གོང་ས་སྐུ་ཕྲེང་ལྔ་པའི་ཆེ་བ་བརྗོད་པ།
གོང་མ་ཉིད་ཀྱི་ཤེས་རྟོགས་བརྗོད་པ་ཙམ་ལས་ཆབ་སྲིད་དང་འབྲེལ་བ་དང་། གོང་འོག་བཀའ་གཏོང་གི་རིགས་རྩ་བ་རང་ས་མེད་ཅིང་།
ཁྱད་པར་ཐམ་གའི་ནང་འཁོད་པའི་མཚན་བསྟོད་དེ་ཉིད་ཀྱི་ཡི་གེ་འབྲི་ཚུལ་མི་འདྲ་བ་ཙམ་ལས་གཞན་ནང་དོན་གྱི་ཆ་ནས་ཆབ་སྤེལ་གྱིས་བཀོད་པ་དང་ཞ་སྒབ་པས་བཀོད་པ་གཅིག་མཚུངས་སུ་གནང་ཞིང་།
འཇའ་སའི་ཡི་གེ་ཆབ་སྤེལ་གྱིས་བཀོད་པ་འདིའི་མཐའ་མར་ཚིག་གཅིག་རང་ཡོད་པ་དེས་གོང་གསལ་འཇའ་སའི་ནང་དོན་ལས་ཡོངས་སུ་བརྒལ་བ་དང་ཡ་མཚན་པའི་སྣང་བ་ཞིག་སྟེར་གྱིན་འདུག་པ་ནི་(ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་སྤྲོད་རྒྱུ་ཡིན།)ཞེས་པ་འདི་ཡིན་ཞིང་།
སྤྱིར་ཚིགས་འདིའི་ལ་སངས་རྒྱས་བསྟན་པའི་མངའ་བདག་སུ་མཚན་བསྟོད
ཕུལ་བ་ཙམ་ལས་གོ་གནས་གནང་བ་ལྟ་བུའི་དོན་ནི་མ་ཡིན་སྙམ།
རྒྱུ་མཚན་ནི་དུས་སྐབས་དེར་བོད་ཁུལ་དུ་མཉྗུའི་དབང་ཤུགས་རྩ་བ་ནས་མེད་ཅིང་།
ཕྱོགས་གཞན་ཞིག་ནས་བཤད་ན་དུས་སྐབས་དེར་པཎ་ཆེན་རིན་པོ་ཆེ་དང་། སེ་ཆེན་ཆོས་རྗེ་སོགས་ཀྱིས་རྒྱ་ནག་དང་སོག་པོའི་ཁུལ་དུ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་ནི་དངོས་ཡོད་ཡིན་པ་ལས་མཉྗུའི་གཞུང་ནས་དུས་སྐབས་དེར་བོད་ཀྱི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ལ་ཡང་ཐེ་གཏོགས་གནང་མེད་པར་མ་ཟད།
དེ་ལྟར་གནང་བའི་ནུས་ཚད་ཀྱང་དུས་སྐབས་དེར་མཉྗུའི་སྲིད་གཞུང་ལ་མེད། དུས་སྐབས་དེ་ནི་ཕལ་ཆེར་མཉྗུའི་སྲིད་གཞུང་དབུ་རྙེད་ནས་ལོ་དགུ་ཙམ་ལས་སོང་མེད་ཅིང་།
དགའ་ལྡན་ཕོ་བྲང་དབུ་རྙེད་ནས་ལོ་བཅུ་གཅིག་ཙམ་ཟིན་ཡོད། མདོར་ན་གོང་གསལ་ཡིག་ཆ་དག་ལས་མཉྗུའི་གོང་མ་ཧྲུན་ཀྲི་དང་།
ཁོང་གི་ཡབ་ཀྱི་དུས་ནས་རྒྱ་ནག་ཁུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་སོགས་ཀྱི་ཆེད་གདན་ཞུའི་རེ་བ་ཤུགས་ཆེན་ཡོད་པ་དེ་ལེགས་གྲུབ་དང་།
༸གོང་ས་སྐུ་ཕྲེང་ལྔ་པས་ཀྱང་གདན་ཞུས་ལྟར་ཕེབས་རྒྱུའི་ཞལ་བཞེས་ཐོབ་པ་དང་། རྒྱ་ནག་ཏུ་ཕེབས་པ།
འགྲོ་དོན་རྒྱ་ཆེན་བསྐྱངས་པ་སོགས་ལས་མཉྗུ་གོང་མ་ཉིད་ཀྱང་དད་གུས་ཆེན་པོ་ཐོབ་ཡོད་ཅིང་།
སྤྱིར་འགྲོ་བ་མི་ཞིག་གི་ལྟ་ཚུལ་ཐོག་ནས་བཤད་ན་ཡང་སྐད་ཆ་ཉུང་ལ་བྱམས་སེམས་ལྡན་པ་སོགས་ཀྱི་ཆེ་བསྟོད་གནང་ཡོད་པ་གོང་གསལ་འཇའ་སའི་ནང་དོན་ལྟར་ཡིན།
དེས་ན་དུས་སྐབས་དེར་མཉྗུའི་སྲིད་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ནི་རྒྱ་ནག་ཕྱོགས་གཏོགས་ཀྱིས་བཤད་པ་ལྟར་དུ་ཆབ་སྲིད་ཀྱི་དགོས་མཁོར་གྱུར་བ་བོད་སོགས་དབང་དུ་བསྡུ་བའི་ཆེད་དུ་ཡིན་ཟེར་བ་ཡང་མི་བདེན་པ་དང་།
འགའ་ཞིག་གིས་བཤད་པ་ལྟར་དད་པ་དང་དམ་ཚིག་འབའ་ཞིག་ལ་བརྟེན་ནས་གདན་ཞུས་དང་ཆེ་བསྟོད་གནང་བ་ཡང་མ་ཡིན་པ་གོང་གསལ་འཇའ་སའི་ནང་དོན་ལས་ཤེས་ངེས་པར་མ་ཟད་ལོ་རྒྱུས་ཞིབ་འཇུག་བྱེད་པའི་རྒྱུད་རིམ་དང་།
དངོས་ཡོད་ཞིབ་འཇུག་གི་རིག་ལམ་ཞིར་བཟུང་ན་ཡང་ཕྱོགས་གཉིས་ཀའི་འགྲེལ་བརྗོད་ལ་སྐྱོན་ཆ་ཆེན་པོ་རེ་ཡོད་པ་ནི་དངོས་ཡོད་ཡིན།
༡༽༸གོང་ས་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་པའི་གསང་རྒྱ་བཀྲོལ་བ་དང་འབྲེལ་ནས་མཉྗུའི་གོང་མ་ཁང་ཤེས་བོད་དུ་འཛིན་པའི་སྲིད་ཇུས་ལ་ལྟ་བ།
སྤྱི་ལོ་༡༦༨༢ལོར་༸གོང་ས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པ་དང་། སྡེ་སྲིད་ཀྱིས་དུས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དང་།
དགའ་ལྡན་ཕོ་བྲང་པའི་ལས་འཆར་གལ་ཆེན་སོགས་ལེགས་གྲུབ་མ་བུང་བའི་དུས་སྐབས། གཞན་ཡང་གོང་ས་ལྔ་པ་ཆེན་པོའི་ཞལ་ཆིམས་ལྟར་རེ་ཞིག་དུས་ལ་མ་བབས་བར་༸གོང་ས་ལྔ་པ་དགོངས་པ་རྫོགས་པའི་གནས་ཚུལ་དེ་གསང་རྒྱ་དམ་པོ་གནང་ཡོད་པ་དང་།
ཇི་ལྟར་གནང་བ་སོགས་ནི་འབྲེལ་ཡོད་གཞན་དང་གཞན་ལས་རྒྱས་པར་གསལ་བས་འདིར་ཞིབ་རྒྱས་འབྲི་བའི་དགོས་པ་མ་མཐོང་ཞིང་།
༸གོང་ས་སྐུ་ཕྲེང་དྲུག་པ་དེ་ཉིད་སྤྱི་ལོ་༡༦༨༣ལོར་མོན་ཡུལ་དུ་འཁྲུངས་པ་དེ་ཉིད་སྡེ་སྲིད་ཀྱིས་འཐབ་ཇུས་སྣ་ཚོགས་བརྒྱུད་ངོས་འཛིན་མཛད་པ་དང་།
རིམ་པས་༸གོང་ས་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་པའི་གསང་རྒྱ་མི་བཀྲོལ་ཐབས་མེད་ལྟ་བུར་གྱུར་ནས་སྤྱི་ལོ་༡༦༩༦ལོར་ཐོག་མར་ཡང་སྲིད་རིན་པོ་ཆེའི་ཡབ་ཡུམ་རྣམ་གཉིས་ལ་གསང་རྒྱ་བཀྲོལ་བ་དང་།
གཏན་ཁེལ་རང་བཞིན་གྱི་ཟླ་དུས་ཚིས་གྲངས་སོགས་གསལ་བོ་མ་ཤེས་ཀྱང་ལོ་དེ་རང་ལ་༸གོང་ས་ལྔ་པ་དགོངས་པ་རྫོགས་པ་དང་།
ཡང་སྲིད་རིན་པོ་ཆེ་ངོས་འཛིན་གྲུབ་ཅིང་ཁྲི་འདོན་བྱ་རྒྱུའི་གསང་རྒྱ་བཀྲོལ་ཡོད།
དེ་ལྟར་རྒྱལ་དབང་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་པ་དང་། ཡང་སྲིད་རིན་པོ་ཆེ་ངོས་འཛིན་མཛད་པ།
ལོ་ངོ་༡༥རིང་སྡེ་སྲིད་ཀྱིས་བོད་ཀྱི་སྲིད་དབང་བཟུང་པ་སོགས་དང་། ཁྱད་པར་དུས་སྐབས་དེའི་རིང་གི་བོད་སོག་བར་གྱི་དམག་འཁྲུག་སོགས་ལ་འགྲེལ་བརྗོད་བྱེད་ལུགས་མི་འདྲ་བ་མང་དུ་མཆིས་ཅིང་།
༸གོང་ས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པའི་གསང་རྒྱ་དང་འབྲེལ་བའི་སྐོར་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྒྱལ་དབང་དྲུག་པའི་རྣམ་ཐར་<<རབ་གསལ་གསེར་གྱི་སྙེ་མ་>>ལས།
“ད་ཆ་ཆོས་སྐྱོང་གིའང་དུས་ལ་བབ་ཚུལ་བྱུང་བ་དང་བཅས་གོང་མ་མྱ་ངན་ལས་འདས་པ་དང་། མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་བབས་ཡུལ་སོགས་གསང་བརྡོལ་བྱས།”
ཞེས་གསལ་བ་ལྟར་ཐོག་མར་ཡབ་ཡུམ་དང་སྐུ་འཁོར་འགའ་ཞིག་ལ་རྒྱལ་དབང་ལྔ་པའི་ཡང་སྲིད་ཡིན་པ་དང་།
རྒྱལ་དབང་ལྔ་པ་དགོངས་པ་རྫོགས་པའི་སྐོར་གྱི་གསང་བརྒྱ་བཀྲོལ་བ་དང་། དེ་རྗེས་ཉི་མ་ཐང་པའི་ཞབས་དྲུང་ངག་དབང་གཞོན་ནུ་ཕོ་ཉར་མངགས་ནས་མཉྗུའི་གོང་མར་༸གོང་ས་ལྔ་པ་དགོངས་པ་རྫོགས་པ་དང་།
དེའི་ཡང་སྲིད་རིན་པོ་ཕེབས་ཚུལ་སྐོར་སྙན་སྒྲོན་ཞུས། སྤྱི་ལོར་༡༦༩༧ལོར་མཉྗུའི་གོང་མ་ཁང་ཤིས་བོད་དུ་ཕོ་ཉ་མངགས་ནས་པཎ་ཆེན་རིན་པོ་ཆེ་སོགས་གདན་ཞུ་དང་།
རྒྱལ་དབང་ཚང་དབྱངས་རྒྱ་མཚོ་༸གོང་ས་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ཁས་ལེན་བྱས་པའི་སྐོར་དང་།
དགོངས་པ་དྭངས་པའི་སྐོར་ནི་<<རབ་གསལ་གསེར་གྱི་སྙེ་མ་>>ལས། “རྒྱ་ནག་ནས་སྦོའུ་ཅུ་སྦྱར་ཁོ་ཆེ་དང་ཐུ་ཤི་མལ་ས་ཁ་ལི་ཅན་འབྱོར་ཏེ་ངེད་དུ་བཀའ་ཤོག་སེར་པོ་གོས་ཡུག་དྲུག་གི་རྟེན་དང་བཅས་པ་འདུག་པ་པོ་ཏ་ལའི་ཚོམས་ཆེན་རྙིང་པར་བླངས།
སྔ་ལོའི་བཀའ་ལྕི་བ་རྣམས་རྒྱུ་མཚན་གྱིས་དགོངས་དྭངས་པའི་ས་དཔྱད་དང་། དོན་གྱི་རྐང་བ་དུར་ཐའི་ཇི་རྒྱར་མ་ཕེབས་ན་གཞུང་བསྟན་ལེགས་པོ་མི་ཡོང་།
ཕེབས་ཕྱིན་དཔོན་པོ་གཞན་ཡོད་མེད་དང་ཞབས་ཕྱིའང་མང་ཉུང་མེད་པས་ཅིས་ཀྱང་ཕེབས་དགོས་ཚུལ།
རྗེ་དྲུང་འགོར་གཞི་བྱུང་བར་མགྱོགས་འདེགས་ཡོང་བ། པཎ་ཆེན་རིན་པོ་ཆེ་ཕེབས་དགོས་སྐོར་བསྐྱར་བལྡབ་ཁར་ཁ་ཁ་དན་བ་དུར་དང་དེ་མོ་སྤྲུལ་སྐུ་རྫོང་བདའ་དགོས་ཚུལ་སྤྲུལ་པའི་སྐུ་ལ་རང་ལ་ཡང་གནང་རྟེན་ཡོད་འདུག”
ཅེས་གསལ་བ་འདིའི་ནང་མིན་འཇུའི་གོང་མ་ཁང་ཤིས་༸གོང་ས་ལྔ་པ་དགོངས་པ་རྫོགས་པར་གསང་རྒྱ་བྱས་པའི་སྐོར་ལ་སྔ་ལོར་དགོངས་པ་ཁྲོས་པའི་ལན་ཞིག་འབྱོར་ཡོད་པ་མངོན་ཞིང་།
ལོ་རྗེས་མར་པཎ་ཆེན་རིན་པོ་ཆེ་སོགས་གདན་ཞུ་དང་འབྲེལ་དགོངས་པ་དྭངས་ཡོད་པའི་སྐོར་སོགས་བྱུང་བ་འདི་ལ་རྒྱ་བོད་ཕྱོགས་སོ་སོའི་ཉེ་རབས་ལོ་རྒྱུས་སྨྲ་བ་དག་གིས་འབྲེལ་བརྗོད་འདྲ་མིན་བྱེད་ཀྱིན་ཡོད།
ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་ལ་རང་རང་གི་ཆབ་སྲིད་དགོས་དམིགས་ལ་བརྟེན་ནས་འགྲེལ་བརྗོད་བྱེད་པ་ལས་དུས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་དུས་སྐབས་དེའི་མཉྗུ་གོང་མ་སོགས་ཀྱིས་ཕྱོགས་སོ་སོར་འཛིན་པའི་བསམ་བློ་ལ་ཞིབ་འཇུག་བྱས་པ་སོགས་ནི་གཅིག་ཀྱང་མེད།
འདིར་དོན་དངོས་སུ་མཐོང་བཞིན་པ་གཅིག་ཡོད་པ་ནི་མཉྗུའི་གོང་མས་༸གོང་ས་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་པ་གསང་རྒྱ་དམ་པོ་བྱས་པ་དེ་གོང་མ་ཁང་ཤིས་བོད་མི་འགའ་ཞིག་ལ་དྲི་བ་ཞུས་པ་ལས་ཤེས་པ་སོགས་གསལ་ཡང་དོན་དངོས་སུ་ཡོང་ཁྱབ་གསང་རྒྱ་མ་བཀྲོལ་བར་རྒྱ་སོག་གང་གིས་ཀྱང་ཤེས་མེད་པ་དངོས་ཡོད་རེད།
འོན་ཀྱང་རྗེས་སུ་སྡེ་སྲིད་ཀྱིས་ཕོ་ཉ་མངགས་ནས་གོང་མ་ཁང་ཤི་ལ་གསང་རྒྱ་བཀྲོལ་བ་དང་དྲུག་པ་ཡང་སྲིད་དུ་ངོས་འཛིན་གྲུབ་པ་སོགས་ཀྱི་གནས་ཚུལ་ཞུས་པར་ཁང་ཤི་ཡིད་མ་རངས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་མ་ཟད།
མཉྗུ་གོང་མ་ཁང་ཤིས་བོད་དུ་ལན་སྐུར་ནས་དགོངས་པ་ཁྲོས་པའི་སྐོར་ཡང་གསལ་འདུག་པ་འདི་དང་།
རྗེས་སུ་དགོངས་པ་དྭངས་པའི་སྐོར་གྱི་ཡི་གེ་དང་སྐྱེས་སོགས་འབྱོར་བ་ཡང་དངོས་ཡོད་ཡིན། འདི་ལ་བརྟེན་ནས་དོན་དངོས་ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ངོས་ནས་བལྟས་ན་མཉྗུའི་གོང་མ་ཁང་ཤེས་བོད་ལ་བཀའ་གཏོང་བའམ་སྡིགས་མོ་བྱས་པའི་གནས་ཚུལ་ཡོད་པ་ནི་དངོས་ཡོད་ཡིན་ཞིང་།
དུས་སྐབས་དེའི་ནང་རྒྱལ་ཁབ་གཅིག་དང་གཅིག་གི་དམག་སོགས་ཀྱི་སྟོབས་ཤུགས་ལ་སྟོབས་ཤུགས་ཞན་པ་ཚོས་འཇིགས་སྣང་བྱེད་པ་ནི་དངོས་ཡོད་ཡིན།
མ་ཟད་བོད་ཀྱི་དུས་སྐབས་དེའི་སྡེ་སྲིད་ཀྱིས་བརྩམས་པའི་རྒྱལ་དབང་ཚང་དབྱངས་རྒྱ་མཚོའི་གསུང་འབུམ་སོགས་ཀྱི་ནང་རྒྱ་བོད་རྒྱལ་ཁབ་སོ་སོའི་ལ་རྒྱ་ལ་བརྩི་སྐུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་།
བོད་ཀྱི་མ་འོངས་པ་སོགས་ལ་དམིགས་ནས་རྒྱལ་ཁབ་སྟོབས་ཆེན་འགའ་ཞིག་གིས་བཀའ་བཏང་བ་སོགས་ལ་བརྩི་སྐུར་མ་བྱེད་ཐུབ་མེད་དུ་གྱུར་བའི་གནས་ཚུལ་བྱུང་བ་དང་།
གོང་མ་ཁང་ཤིས་བོད་ལ་འཇིགས་སྐུལ་བྱེད་པ་སོགས་ལ་བོད་དང་གོང་འོག་གི་འབྲེལ་བ་ཡིན་པའམ་ཡང་ན་རྒྱལ་ཁབ་གཅིག་གི་མངའ་འོག་ཡིན་པའི་རྒྱུ་མཚན་ནི་གཏན་ནས་འགྲོ་ཐབས་མེད།
རྒྱུ་མཚན་ནི་རྒྱལ་ཁབ་གཞན་ཞིག་གཞན་ཞིག་གི་དབང་དུ་བསྡུ་བར་ཐོག་མར་ས་ཁོངས་སོགས་ཀྱི་ཆ་ནས་དབང་བསྒྱུར་བྱེད་དགོས་པ་དང་།
དཔོན་རིགས་གཏན་སྡོད་བྱེད་པ། དམག་གི་སྟོབས་ཤུགས་རྒྱུན་གནས་དགོས་པ་སོགས་ཀྱང་། དུས་སྐབས་དེའི་ནང་བོད་ས་ཡོངས་སུ་བོད་པ་རང་ཉིད་ལ་དག་པ་དང་།
མཚོ་སྔོན་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ནི་སོག་པོའི་དབང་བསྒྱུར་འོག་ཡོད་པས། མཉྗུའི་གོང་མས་བོད་དུ་དབང་བསྒྱུར་བྱ་ཐབས་མེད་པ་ཡིན།
དེས་ན་གོང་འོག་ཁོངས་གཏོགས་ཀྱི་འབྲེལ་བ་སོགས་ནི་རྩ་བ་ནས་མ་ཡིན་ཞིང་། བཀའ་གཏོང་བ་དང་སྡིགས་མོ་བྱས་པ་སོགས་ནི་དངོས་སུ་བྱུང་ཡོད།
ཕྱོགས་ཡོངས་ནས་ངེས་པར་ཁས་ལེན་མ་བྱེད་ཐུབ་མེད་ཡིན་པ་ནི་དུས་སྐབས་དེར་མཉྗུའི་དབང་ཤུགས་གང་འཚམས་བོད་དུ་སླེབས་ཡོད་པ་དངོས་ཡོད་ཡིན་ཞིང་།
པཎ་ཆེན་རིན་པོ་ཆེ་གདན་གཞུ་སོགས་དང་། གོང་མ་རང་གིས་མ་འོང་པར་གཞུང་བསྟན་ལ་ཡག་པོ་མི་ཡོང་སོགས་གསུང་པའི་ཚིག་འབྲུ་དག་ལས་ཀྱང་གསལ་བོར་ཤེས་ངེས་པ་ཡིན།
སྤྱི་ལོ་༡༧༠༠ཙམ་ནས་གུ་ཤྲི་ཧན་གྱི་ཚ་བོ་ལྷ་བཟང་ཀླུ་དཔལ་བྱ་བ་མཚོ་སྔོན་ཕྱོགས་ནས་བོད་དུ་ཡོང་སྟེ་ཡབ་མེས་ཀྱི་གོ་ས་རྒྱལ་པོའི་མཚན་བཟུང་ནས་ཡོད་ཅིང་།
རིམ་གྱིས་བོད་ཀྱི་སྡེ་སྲིད་དང་ལྷ་བཟང་ཁང་གཉིས་ཀྱི་དབར་ནང་འཁྲུག་བྱུང་ནས་སྡེ་སྲིད་སངས་རྒྱ་རྒྱ་མཚོ་དཀྲོངས་པ་དང་།
དེ་རྗེས་སྤྱི་ལོ་༡༧༠༥ཙམ་ནས་ལྷ་བཟང་ཁང་གིས་བོད་ཁམས་ཡོངས་སུ་དབང་བརྒྱུར་བྱས་པ་དང་། རིམ་གྱིས་མཉྗུའི་གོང་མར་སྡེ་སྲིད་ཀྱིས་སྲིད་དབང་སྒེར་འཛིན་བྱས་པ་དང་།
དཀྲོངས་པ། ཚང་དབྱངས་རྒྱ་མཚོའི་བྱེད་ལུགས་སོགས་ཞུས་པ་དང་། གོང་མས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་པད་ཅིང་དུ་གདན་ཞུ་གནང་བའི་སྐོར་ནི་<<ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་>>ལས།
“རྒྱལ་པོས་རྒྱ་ནག་བང་ཆེན་མི་ཆེན་པོ་ཅིག་སླེབས་ལ་ཁད་ཡོད་པས། གོང་མ་རྒྱལ་པོ་འདིའི་གསེར་ཡིག་ལ་ཅི་ཟེར་ཡོང་ཚོད་མི་ཐུབ།
ལྷག་ཏུ་གཞུང་བསྟན་པའི་ལ་རྒྱ་ལ་གོང་མ་རང་ལ་ཞུ་དགོས་པ་སོགས་ཐུགས་གྲོས་ཞུས་པས་ཞལ་བཀོད་ལེགས་པར་མཛད།
རྒྱལ་པོས་དངུལ་སྲང་སུམ་བརྒྱ་གོས་དར་མང་པོ་བོ་བཅས་ཕུལ། ཕྱིར་ལམ་(འདི་ནས་གསལ་མི་འདུག)ལ་མཇལ་ནས་གསོལ་ཁ་བཏང་འཕྲིན་ལས་བཅོལ།
འདི་གདན་འདྲེན་བྱས་ན་དགོངས་ཡང་འཚུབ་ཆེན་པོ་བྱེད་གིན་མི་ཉན་པར་བཟང་གསུངས། དེ་དུས་ཚངས་དབྱངས་པ་པོ་ཏ་ལའི་རྩེ་ནས་ཆེར་མི་བཞུགས་པར་རྒྱབ་ངོས་ན་ལྷ་ཀླུ་དགའ་ཚལ་ཟེར་བ་ཅིག་བྱས་ནས་རྒྱུན་དེར་བཞུགས་པ་ལ།
འབྲས་སྤུངས་གི་བླ་མ་རྣམས་ལ་ཚོགས་ཐོག་ནས་རྗེ་འདིའི་ཞལ་ནས་ཁྱེད་པོ་ཏ་ལ་ནས་བཞུགས་དགོས།
འདི་རྟེན་འབྲེལ་ལ་གནོད་མི་བཟང་གསུངས་པས། ཚངས་དབྱངས་པས་ལན་ཅི་ཡང་མ་ཞུས། ཚུར་ཡོངས་ནས་བླ་མ་གཞན་ཚོས་ཁྱེད་ཀྱི་ཞུ་ནུ་པ།
དེ་རིང་ཀླུ་ཕྱོགས་ཀྱི་(འདི་ནས་མ་གསལ།) རྗེ་འདིའི་ཞལ་ནས་ཁྱེད་ཚོ་བཟང་པོ་མ་རེད། ངས་ནི་ལས་འབྲས་དཔང་བཞག་གི་ཚིག་ཞུས་པ་ཡིན།
སྐུ་ཕྱོགས་འདིའི་མཛད་པ་ནོར་ན་གཞུང་དགའ་ལྡན་ཕོ་བྲང་ལ་བཟང་པོ་མི་ཡོང་བས། ང་དགའ་ལྡན་ཕོ་བྲང་ལ་ཤ་ཚ་བ་ཡིན།
ཁྱེད་ཚོས་ཡང་ཞུ་མོད་གསུངས། སྐབས་ཤིག་ཚང་དབྱངས་པ་འཁོར་བཅས་ཀྱི་རྗེ་འདི་གདན་འདྲེན་ན་བྱས་ནས།
ཁྱེད་པོ་ཏཱ་ལར་བཞུགས་གཞུང་གི་བྱ་བ་དང་། དགེ་ལུགས་ཀྱི་བྱ་བ་བྱེད་དགོས། ང་རང་ཚོས་ད་ཟིན་དཀའ་བ་འདྲ་འདུག
རྗེ་འདིའི་ཞལ་ནས་ཁྱེད་ཚོས་ངའི་ལག་ལ་འཇོག་ན་སྔ་མོ་དགའ་ལྡན་ཕོ་བྲང་མ་ཉམས་དུས་བཞག་ན་ངས་(མ་གསལ་)གང་ཡིན་ན་ཀྱང་ཨུ་ཡུ་མུ་ཡུ་བྱེད་མོད།
ད་སྡེ་བ་མེད་པར་བྱས། ཕྱག་རྫས་མཛོད་ཐམས་ཅད་མེད་པར་བྱས། དེ་ནས་ངས་ཅིའི་སྟེང་ནས་དགའ་ལྡན་ཕོ་བྲང་(མ་གསལ།)
ངན་ཁེག་ངས་ལེན་རྒྱུ་ཨེ་ཡིན་གསུངས་ཕྱིར་ཕེབས་ཡོངས། དེའི་སྐབས་རྒྱལ་པོ་བྱང་ཁ་ནས་ཚུར་དམག་དང་བཅས་ཕེབས་པ་དང་མཉམ་དུ་རྒྱ་ནག་གི་མི་སྣ་ཡོང་སར་ཡོང་།
རྒྱལ་པོས་སེར་འབྲས་དགའ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་བླ་མ་རྣམས་དང་། གཞུང་གི་མི་དྲག་ཐམས་ཅད་འདུས་ཞེས་སྐད་བྱས།
འདུས་ཐོགས་ཚང་དབྱངས་རྒྱ་ནག་ལ་ཁྱེར་དགོས་ཞེས་གསུངས་པས། ཇི་ལྟར་བྱེད་ཞེས་གྲོས་བྱས་ཐམས་ཅད་ཀྱིས་དེ་རྒྱ་ནག་ལ་གདན་འདྲེན་བྱེད་ན་བོད་འདི་(མ་གསལ།)
ཐམས་ཅད་ཀྱིས་རྟེན་ས་སྐུ་ཕྱོགས་གཅིག་པུ་ཡིན་མོད་ཟེར། རྗེ་འདིས་གོང་མ་རྒྱལ་པོས་གདན་འདྲེན་དགོས་པ་གསུངས་ན་ཕེབས་ན་བཟང་།
གོང་མ་རྒྱལ་པོའི་ངོ་ཡ་བོད་ཀྱིས་མི་ཐུབ། དེ་ལས་ཁོང་གིས་གསུངས་ལྟར་བྱས་ན་ཐམས་ཅད་ལ་དེ་བཟང་།
སྐུ་ཕྱོགས་ལ་ཡང་བཟང་པོ་གནང་ཡོང་ཤེས་ཆེ་གསུངས་པས། ཐམས་ཆད་ཀྱིས་(འདི་ནས་མ་གསལ།)མང་བླ་མ་(འདི་ནས་མ་གསལ་)སྐུ་ཕྱོགས་རྒྱ་ནག་ལ་བྱིན་ཟེར།
ཁོང་གི་སྐུ་ཕྱོགས་མི་འདོད་པ་འདུག་ཟེར་ཞེས་སྒྲོགས། གཞན་ཚོས་ཡང་སྒོ་མང་བླ་མས་སྐུ་ཕྱོགས་རྒྱ་ནག་ལ་བྱིན།
ཁྲི་ཁོ་རང་གི་འདོད་ནི་ཡིན་པ་ཟེར་བ། རྗེ་འདིས་གསན་པས་ཁྱེད་ཚོས་ཧ་མ་གོ་བ། ངའི་འདོད་ན་དེའི་ཆེ་ཅིག་ཡོང་།
ཁྱེད་ཚོས་ཁྲི་འདི་ཅི་ཡིན་བྱས་ནས་ངས་འདོད་གསུངས། དོན་ལ་དབང་རྣམ་པ་བཞི་ལ་མངའ་བརྙེས་ཡོད་པའི་བརྡ་ཡིན་འདུག
དེ་ནས་ཅིས་ཀྱང་རྒྱ་ནག་གི་བང་ཆེན་པ་ལ་ཐབས་མ་ཡོང་བར་ཚངས་དབྱངས་པ་རྒྱ་ནག་ལ་ཕེབས་པ་ཐག་བཅད།”
ཅེས་སོགས་གསལ་བ་ལས་མཉྗུའི་གོང་མས་༸གོང་ས་ཚངས་དབྱངས་རྒྱ་མཚོ་པད་ཅིང་དུ་ཕེབས་དགོས་པའི་གདན་ཞུའི་ཡི་གེ་འབྱོར་ཡོད་པ་དང་།
དུས་སྐབས་དེའི་བོད་ཀྱི་གཞུང་འཛིན་མི་སྣ་མང་པོ་དང་བླ་ཆེན་ཁག་གི་བར་གྲོས་བསྡུར་ལེན་མང་བྱས་པ་དང་།
ཚངས་དབྱངས་རྒྱ་མཚོས་དུས་སྐབས་དེའི་དགའ་ལྡན་ཕོ་བྲང་གི་གནས་བབ་དང་། རྒྱ་ནག་ཏུ་མ་ཕེབས་ཐབས་མེད་ཡིན་པ།
བོད་ཀྱིས་རྒྱ་ནག་གི་ཡ་ལེན་མི་ནུས་པ་སོགས་གསུངས་ནས་མཐར་ཐབས་ཟད་ནས་ཕེབས་རྒྱུའི་ཐག་བཅད་པ་སོགས་ཀྱི་སྐོར་གོང་གསལ་ལྟར་ཡིན་ཞིང་།
དེ་ཡང་རྒྱ་ནག་གི་བཙན་པོའི་དབང་ཤུགས་འབའ་ཞིག་ལ་བརྟེན་ནས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་བཙན་ཁྲིད་ལྟ་བུ་གནང་ཡོད་པ་ནི་དངོས་ཡོད་ཡིན།
འདི་ལ་བརྟེན་ནས་མཉྗུའི་གོང་མ་རིམ་བྱོན་གྱི་སྐབས་བོད་འདི་བདག་བཟུང་བྱེད་སེམས་ཆེན་པོ་ཡོད་པ་དང་།
བར་སྐབས་རིང་བོད་དང་སོག་པོའི་དབར་ལ་རྒྱ་དམ་པོ་ཡོད་པ་སོགས་ལ་བརྟེན་ནས་ཡོངས་སུ་དབང་བསྒྱུར་བྱེད་མ་ནུས་པ་དང་།
རིམ་པས་བོད་དང་སོག་པོའི་དབར་ནང་འཁྲུག་ཐེངས་མང་བྱུང་བ་དང་བསྟུན་ནས་རྒྱ་ནག་ལ་བོད་འདི་དབང་བསྒྱུར་བྱེད་པའི་གོ་སྐབས་ཤིག་རིམ་གྱི་མངོན་ཡོང་བ་ཡིན་པས།
རྒྱལ་དབང་པཎ་ཆེན་རྣམ་གཉིས་ཀྱིས་གཙོས་བོད་ཀྱི་བླ་ཆེན་དབུ་ཁྲིད་དག་བཀའ་བཙན་ནས་ངེས་པར་ཕེབས་དགོས་པ་སོགས་ཀྱི་ཡི་གེ་ཕུལ་བ་ནི་དོན་ངོ་མར་བོད་འདི་རིམ་གྱིས་བདག་བཟུང་བྱེད་པའི་དམིགས་ཡུལ་ཞིག་གི་ཆེད་དུ་ཡིན་པ་ནི་མངོན་གསལ་ཡིན་མོད།
དུས་སྐབས་དེར་བོད་འདི་རྒྱ་ནག་གི་དབང་འོག་ཏུ་མེད་པ་ནི་གོང་གསལ་ཡིག་ཆ་དག་ལས་ཀྱང་གསལ་བོར་མངོན་ངེས་པ་ཡིན།
མ་ཟད་པཎ་ཆེན་རིན་པོ་ཆེ་སོགས་མ་ཕེབས་པར་ཁྲིམས་ཀྱིས་ཐག་གཅོད་བྱས་པ་སོགས་རྩ་བ་ནས་མེད་པས།
འདི་དག་ནི་དུས་སྐབས་དེར་བོད་རྒྱ་འོག་མེད་པའི་བདེན་དཔང་རྩེར་སོན་དག་ཡིན།
སྤྱི་ལོ་༡༧༡༦ཙམ་ནས་ལྷ་བཟང་ཁང་གི་སྲས་དང་སོག་པོ་ཇུན་གར་བའི་སྲས་མོ་གཉེར་འབྲེལ་ཡོང་ཐབས་བྱས་པ་དང་།
དེ་ནི་ལྷ་བཟང་ཁང་གིས་རང་གི་དབང་བསྒྱུར་སྟོབས་ཤུགས་ལ་རྒྱབ་རྟེན་གཞན་ཞིག་འཚོལ་བའི་ཆེད་དུ་ཡིན་ཞིང་།
རྒྱ་ནག་གི་དབང་བསྒྱུར་འགོག་བྱེད་ཅིག་ཀྱང་ཡིན་ངེས། གང་ལྟར་དུས་སྐབས་དེ་ཙམ་ནས་སོག་པོ་ཇུན་གར་བའི་དམག་དཔུང་བོད་སྟོད་ཕྱོགས་ནས་མནའ་མ་སྐྱེལ་མཁན་ཡིན་མདོག་གིས་ཡོང་བའི་སྐོར་ནི་<<མི་དབང་རྟོགས་བརྗོད་>>ལས།
“དེའི་ཚེ་བོད་འབངས་ཉམ་ཆུང་བ། རང་ཚུགས་བཟུང་བའི་སྐབས་མེད་པ་རྣམས་ནི་ཇུན་གར་པའི་དཔུང་ཤེད་ཀྱིས་རང་གིར་བཟུང་།
འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བསྟན་པ་ལ་བྱ་བ་བྱས་པའི་ཕྱག་རིས་ཅན་སྐྱེད་ཤོད་དགའ་ལྡན་པའི་གདུང་རབ་དྲི་མ་མེད་པ་ལས་བྱུང་བ།
བྱེ་རི་སྟག་རྣམ་པར་རྩེ་བའི་ས་སྐྱོང་བ་ཐའི་ཇི་བགྲང་བྱའི་ཁུར་གྱིས་ལྕི་བ། དབུས་སྐྱེས་ཀུ་མུཏའི་ཕུང་པོ་ལྟར་དཀར་བ།
མིག་ལྤགས་འཕྱང་བ། ཚེམས་ཕྲེང་ལྷུང་བ། ཞབས་གོམ་འཁྱོར་འཁྱོར་པོར་སྒྱུར་བ། གཏམ་སྨྲ་བའང་ཚིག་འབྲུ་མི་གསལ་བ་ལྡབ་ལྡིབ་ཏུ་གྱུར་པ།
སྒྲ་འཛིན་གྱི་དབང་པོ་རྣམ་པར་ཉམས་པ། དེ་ལྟ་བུ་དེ་ཐུགས་ལ་མི་འབབ་བཞིན་དུ་མིང་ཙམ་གྱི་སྲིད་སྐྱོང་གི་ཁྲི་ལ་དབང་བསྐུར་བར་བྱས།”
ཞེས་སོགས་གསལ་བ་ལྟར་དུས་སྐབས་དེ་ཙམ་ནས་ཇུན་གར་བའི་དམག་བོད་དུ་ཐོགས་མར་སླེབས་པ་དང་།
ཇུན་གར་དམག་གིས་མི་དམངས་ཁྲོད་དུ་གོང་ས་སྐུ་ཕྲེང་བདུན་པ་མདོ་སྨད་ཕྱོགས་ནས་གདན་འདྲེན་ཞུ་བཞིན་པ་ཡིན་པ་དང་།
བོད་བསྟན་སྲིད་ཀྱི་ཆེད་དུ་ཁོང་ཚོ་ཡོང་བ་ཡིན་ཚུལ་སོགས་བཤད་པ་དང་། འདམ་གཞུང་ཕྱོགས་སུ་དམག་འཐབ་ལན་མང་བྱས་པ་བརྒྱུད་ལྷ་བཟང་ཁང་ཕམ་པ་དང་།
ལྷ་བཟང་ཁང་གིས་ངོས་འཛིན་བྱས་པའི་པད་དཀར་འཛིན་པ་ཡང་ཁྲི་ལས་ཕབ་པ་སོགས་བྱས་པ་དང་། རིམ་བཞིན་བོད་ཁུལ་དུ་དྲག་པོའི་བྱ་བ་མང་དུ་སྤེལ་ནས་མི་དམངས་སྡུག་ལ་སྦྱར་བ་སོགས་བྱ་བ་ངན་པ་མང་དུ་བརྩམས་པར་གསལ།
དེ་ལྟར་བོད་དུ་སོག་པོ་ཇུན་གར་བའི་དམག་དཔུང་འབྱོར་བ་དང་། བོད་ས་ཡོངས་སུ་དབང་བསྒྱུར་བྱས་ཟིན་ཅིང་།
སྤྱི་ལོ་༡༧༢༨ཙམ་ལ་བོད་དང་སོག་པོ་ཇོན་གར་བའི་དབར་དམག་འཁྲུག་དང་། བོད་པས་འགོག་རྒོལ་ལན་མང་མུས་མཐུད་དུ་བྱས་ཤིང་།
མི་དམངས་ཀྱི་ངོས་ནས་ཀྱང་རྒོལ་ལེན་མང་དུ་སྤྲོད་བཞིན་པའི་སྐབས་མཉྗུའི་གོང་མའི་དམག་དཔུང་བོད་དུ་འབྱོར་ཡོད་ཅིང་།
དེའི་སྐོར་ནི་<<མི་དབང་རྟོགས་བརྗོད་>>ལས། “དེ་ནས་དུས་མི་རིང་བ་ན་ཤར་ཕྱོགས་པི་ཅིང་གི་རྒྱལ་ཁབ་ཆེན་པོ་ནས་ལྷགས་པའི་དཔུང་གི་ཚོགས་ཆེས་མང་པོ་ཞིག་ནག་ཆུའི་སར་བསྐྱོད་དོ་ཞེས་ཐོས་སོ།
ཐོས་ནས་ཀྱང་འདི་སྙམ་དུ་བསམ་པ། མ་རུངས་པ་ཇུན་གར་པའི་ཚོགས་དེ་དག་གིས་ཁོ་བོའི་བླ་མ་དང་།
རྒྱལ་པོ་དང་། གཉེན་བཤེས་ཀྱི་ཚོགས་དེ་སྙེད་ཅིག་བརླག་པར་བྱས། རང་ཉིད་ཀྱང་ས་སྐྱོང་སྟག་རྩེ་བ་དེའི་དྲིན་གྱིས་མ་གཏོགས་པ་ད་ཙམ་མིང་གི་ལྷག་མར་བྱེད་པ་གདོན་མི་ཟ་བ་དེ་ལྟ་བུའི་དགྲ་གནག་པའི་མཐར་ཐུག་ཡིན་པས།
ད་ནི་འཁོན་ལན་བླང་བའི་དུས་ལ་བབ་པའོ་སྙམ་ནས། ཡུལ་པི་ཅིང་ནས་ལྷགས་པ་དེ་དག་གི་ཕྱོགས་བཟུང་བའི་སླད་དུ་འཁོར་གཡོག་བཅུ་ཕྲག་གཉིས་ཀྱི་གྲངས་དང་ལྡན་པ་དང་ཆབས་གཅིག་གཤེགས་པ་སྟ་གོན་ལ་བརྩོན་པར་གྱུར་ཏོ།”
ཞེས་གསལ་བ་ལྟར་ཇུན་གར་བའི་དམག་དཔུང་ལ་རྒོལ་བའི་མཉྗུ་སྲིད་གཞུང་གི་དམག་དཔུང་དུས་སྐབས་དེ་ཙམ་ནས་ཐོག་མར་འབྱོར་བ་ཡིན་ཞིང་།
གཞན་ཇུན་གར་བའི་དམག་དཔུང་མཉྗུའི་སྲིད་གཞུང་གི་དམག་ལ་འཇིགས་ནས་ཕྱིར་འཐེན་བྱས་པ་སོགས་ཀྱི་སྐོར་ནི་དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་ལྕགས་པར་དེབ་ངོས་༢༥ནས་༢༥བར་གསལ་བ་གཡུ་ཡི་ཕྲེང་བའི་ནང་དྲངས་པ་<<བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་>>ལས།
“གོང་མ་བདག་པོ་ཆེན་པོའི་ལྷ་དམག་འབྱོར་བའི་འཇིག་ཟིལ་མ་བཟོད་པར་ཇུན་སྒར་གྱི་ཐའི་ཇི་དང་།
ཇའི་སང་སོགས་དྲག་རིགས་ནས་གཞུང་གི་རིན་ཆེན་རྒྱན་ཆ་གཙོས་སྐུ་ཆས་རྩ་ཆེ་འགའ་ཞིག་དང་། རྩེའི་འཕགས་པ་ལོ་ཀེ་ཤྭ་ར་སོགས་ནང་རྟེན་ཁ་ཤས་འཁྱེར་ཏེ་མངའ་རིས་བརྒྱུད་ཕྱིར་ལོག་བྱེད་སྐབས་སྒར་དཔོན་ཁང་ཆེན་པས་གཡོ་སྐོར་གྱིས་གུར་ནང་དུ་མགྲོན་འབོད་སྟོན་མོ་བཤམས་ཐོག
གུར་རྡིབ་བཏང་བར་བརྟེན་གུར་ནང་མེད་པའི་གཡོག་རིགས་རེ་གཉིས་བྲོས་ཐར་སྐད་ལས། གཙོ་དྲག་ཕལ་ཆེར་དམིགས་མེད་དུ་བཏང་མཐར་།
སླར་ཡང་འཕགས་པ་རིན་པོ་ཆེའི་སྐུ་དང་རིན་ཆེན་རྒྱན་ཆས་གཙོ་གཞུང་གི་སྐུ་ཆས་ཇུན་སྒར་པས་འཁྱེར་བ་རྣམས་ནོར་བདག་པོའི་ལག་ཏུ་རྩིས་ཕུལ་བར་བརྟེན་གོང་མ་མཆོད་ཡོན་ནས་དའི་ཆིང་སྦ་དུར་ལ་པས་སེའི་ཆོ་ལོ་དང་བཀའ་བློན་གྱི་ལས་འཁུར་བསྐོ་བཞག་བསྩལ།”
ཞེས་གསལ་བ་ཡིག་ཆ་ཨ་མ་དངོས་སུ་མ་མཇལ་བས་གཡུ་ཕྲེང་གི་ནང་དུ་གསལ་བ་འདི་ཉིད་དྲངས་པ་ཡིན་ཞིང་།
དུས་སྐབས་དེ་ནི་སྤྱི་ལོ་༡༧༢༠ཙམ་ལ་ཡིན་པར་མངོན།
མདོར་ན་མཉྗུའི་སྲིད་གཞུང་གི་དམག་གཉིས་བོད་དུ་འབྱོར་ཡོད་ཅིང་།
གཅིག་ནི་ནག་ཆུ་བརྒྱུད་ཡོང་བ་དང་། གཅིག་ནི་མདོ་སྨད་ཕྱོགས་ནས་༸གོང་ས་སྐུ་ཕྲེང་བདུན་པ་གདན་འདྲེན་ཞུ་བཞིན་ཡོང་བ་ལོ་རྒྱུས་ཡིག་རིགས་མང་པོར་གསལ།
༸གོང་ས་སྐུ་ཕྲེང་བདུན་པ་ལྷ་སར་མ་འབྱོར་གོང་ནག་ཆུ་བརྒྱུད་ནས་ཡོང་བའི་རྒྱ་དམག་ལྷ་སར་འབྱོར་བ་དང་།
མི་གསོད་སོགས་ཀྱི་ལས་བྱས་པ་དང་། བོད་ཁུལ་དུ་སྟོབས་ཤུགས་ངོམ་པ་སོགས་ཀྱི་སྐོར་ནི་སླེ་ལུང་བཞད་པའི་རྡོ་རྗེའི་གནམ་མཐར་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན་ཞེས་པའི་ནང་དུ་གསལ་བས་འདིར་ཞིབ་རྒྱས་མ་བྲིས།
ཇུན་གར་བའི་དམག་དཔུང་ནི་མཉྗུའི་དམག་ལ་འཇིགས་ནས་འཐབ་འཛིང་སོགས་གང་ཡང་བྱེད་མ་དགོས་པར་རང་ངོས་ནས་ཕྱིར་འཐེན་བྱས་པ་ཞིག་ཡིན་པ་དང་།
གནས་ཚུལ་འདི་ལ་བརྟེན་ནས་ང་ཚོས་ཤེས་ཐུབ་པ་གཅིག་ནི་དུས་སྐབས་དེའི་མཉྗུ་སྲིད་གཞུང་གི་སྟོབས་ཤུགས་དང་།
བོད་དུ་སླེབས་པའི་མཉྗུའི་དབང་ཤུགས་སོགས་གསལ་བོར་ཤེས་ནུས་པ་ཡིན། མཉྗུའི་སྲིད་གཞུང་གི་ངོས་ནས་དམག་དཔུང་ཕྱོགས་གཉིས་བོད་དུ་གཏོང་གནང་མཛད་པའི་རྒྱུ་མཚན་ནམ།
དུས་སྐབས་དེར་མཉྗུའི་སྲིད་གཞུང་ནས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་ལ་དཔྱད་པ་ཞིབ་མོར་བྱས་པ་ཞིག་ཕལ་ཆེར་མེད་ཅིང་།
དུས་སྐབས་དེར་མཉྗུའི་གཞུང་ནས་གོང་ས་སྐུ་ཕྲེང་དྲུག་པ་དང་བདུན་པ་སོགས་ལ་གནང་བའི་བཀའ་ཡིག་ཡིད་རྟོན་རུང་བ་ཞིག་མ་མཇལ་བས་ཇི་བཞིན་འགྲེལ་བརྗོད་དཀའ་ཡང་། དུས་ཕྱིས་སུ་བྱུང་བའི་བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པས་བརྩམས་པའི་<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>>ཞེས་པའི་ནང་།
“ཡང་དེའི་ཚེ་གོང་མ་ཁང་ཞི་ཆེན་པོས་ཀྱང་ཅུང་གར་བའི་སྟོབས་ཤུགས་དེ་བོད་ནས་མཐར་སྤྲོད་མ་བཏང་ཚེ་བོད་ལ་བདེ་འཇགས་མེད་པའི་མི་ཚད།
རྒྱལ་ནང་དུའང་དུས་བདེ་མི་ཡོང་བར་བརྟེན་རང་གི་སྲས་བཅུ་བཞི་པ་ཅང་ཅུན་ཏེ་དམག་དཔོན་ཆེན་པོར་བསྐོས་ཏེ་དཔུང་ཚོགས་ཤར་བྱང་ལམ་ཁག་གཉིས་སུ་བགོས་ཏེ་བོད་ལ་དཔུང་འཇུག་བྱས།”
ཞེས་གསལ་བ་འདི་ནི་དུས་སྐབས་དེར་མཉྗུའི་དམག་དཔུང་བོད་དུ་བཏང་བ་དང་། མཉྗུའི་སྲིད་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ཐོག་དྲང་པོར་བཀོད་པའི་སྡོམ་ཚིག་ཅིག་ཅི་ལ་མིན།
མདོར་བསྡུས་ནས་བཤད་ན་རྒྱུ་མཚན་ཆེན་པོ་གཅིག་ལ་བརྟེན་ནས་མཉྗུའི་དམག་དཔུང་བོད་དུ་བཏང་བ་ནི།
ཇུན་གར་བའི་དམག་དཔུང་མཐར་སྤྲོད་བཏང་ནས་བོད་ས་ཡོངས་སུ་མཉྗུའི་སྲིད་གཞུང་གིས་དབང་བསྒྱུར་བྱེད་པའི་བདུན་པ་བཅངས་ཡོད་པ་དེ་ཉིད་ཡིན་ཞིང་།
མཉྗུའི་སྲིད་གཞུང་གི་ངོས་ནས་དམིགས་འདུན་ཆེན་པོ་དེ་འདྲ་ཞིག་བཅངས་ལྟར་མཐུན་རྐྱེན་ནམ་རྒྱུ་རྐྱེན་ཆེན་པོ་བཞི་ལ་བརྟེན་ནས་མཉྗུའི་དམག་དཔུང་བོད་དུ་འབྱོར་ཐུབ་པ་བྱུང་བ་ནི།
དང་པོ། ཇུན་གར་བའི་དམག་དཔུང་ལ་བོད་མི་ཡོངས་ཀྱིས་སྡང་སེམས་ཆེན་པོ་བྱེད་པ། གཉིས།༸གོང་ས་བདུན་པ་མདོ་སྨད་དུ་འཁྲུངས་པ།
གསུམ་པ། ཇུན་གར་བའི་དམག་དཔུང་གི་སྟོབས་ཤུགས་ཞན་པ། བཞི་པ། དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དེ་ཉིད་ཟང་ཟིང་ལང་ལོང་དང་སྡུག་བསྡལ་ཆེན་པོའི་འོག་གནས་ཡོད་པ་བཞི་ལ་བརྟེན་ནས་མཉྗུའི་སྲིད་གཞུང་གིས་བོད་དུ་མངགས་པའི་དམག་དཔུང་བདེ་ལེགས་ངག་བོད་དུ་འབྱོར་ཐུབ་པ་བྱུང་བ་དང་།
བོད་དུ་དབང་ཤུགས་ཆེན་པོ་སླེབས་ཐུབ་པ་སོགས་བྱུང་ཡོད།
༸གོང་ས་སྐུ་ཕྲེང་དྲུག་པའི་ཡང་སྲིད་རིན་པོ་ཆེ་ངོས་འཛིན་མཛད་པ་དང་།
རིམ་པས་མཉྗུའི་སྲིད་གཞུང་གིས་སྟངས་འཛིན་ནམ་ཡང་ན་དོ་སྣང་འོག་ཚུད་པ་དང་། རིམ་པས་མཉྗུའི་སྲིད་གཞུང་གི་ཕོ་ཉ་རིམ་པར་འབྱོར་བ་དང་།
ཁང་ཞིའི་སྲས་དང་དངོས་སུ་མཇལ་བ་དང་རིམ་པས་བོད་དུ་ཕེབས་པའི་རོགས་སྐྱོར་ཞུས་པ་སོགས་རིམ་བཞིན་༸གོང་ས་སྐུ་ཕྲེང་བདུན་པའི་མཛད་འཕྲིན་གྱི་གྲགས་པ་རྒྱ་བོད་སོག་གསུམ་ལ་ཁྱབ་པར་གྱུར་བ་དང་།
རིམ་པས་མཉྗུའི་སྲིད་གཞུང་གིས་༸གོང་ས་ལྔ་པ་ཆེན་པོ་ལྟར་༸གོང་ས་མཆོག་རྒྱ་ནག་ལ་གདན་ཞུ་གནང་རྒྱུ་དང་།
ཐམ་ཁ་དང་འཇའ་ས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས། ༸གོང་ས་སྐུ་བདུན་པ་པད་ཅིང་དུ་གདན་ཞུ་བྱས་པའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“ཤར་ཕྱོགས་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ནས་ཀྱང་ཨ་ཆི་ཐུ་ཁི་ཡཱ་སོགས་དཔོན་གཡོག་དྲུག་ཅུ་སྐོར་གདན་འདྲེན་དུ་བཏང་བའང་འབྱོར།
དེ་རྣམས་སྐུའི་དཀྱིལ་འཁོར་མཐོང་བ་ཙམ་གྱི་མོད་ལ་དགའ་སྤྲོ་དང་དད་གུས་བླ་ན་མེད་པ་སྐྱེས།”
ཞེས་གསལ་བ་ལྟར་༸གོང་ས་སྐུ་ཕྲེང་བདུན་པ་སྐུ་ན་ཆུང་ངུའི་དུས་ནས་ཀྱང་མཉྗུའི་གོང་མས་པད་ཅིང་དུ་གདན་ཞུའི་དྲིལ་བསྒྲགས་བྱས་ཡོད་ཅིང་།
འདི་ཡང་རྒྱལ་དབང་ལྔ་པ་གདན་ཞུ་བྱས་པ་ལྟར་མཐོང་ཆེན་དུ་བྱས་ནས་རང་ཉིད་ཀྱི་དབང་བསྒྱུར་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཆེད་ཡིན་པར་མངོན།
འོན་ཀྱང་རྗེས་སུ་ཕེབས་མ་དགོས་པ་བྱུང་། དེ་རྗེས་མཉྗུ་གོང་མས་༸གོང་ས་སྐུ་ཕྲེང་བདུན་པར་ཐམ་ག་དང་འཇའ་ས་སོགས་གནང་བའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།“ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་པི་ཅིང་ནས་གོང་མ་ཆེན་པོས་རྗེ་འདི་ལ་ཀུན་གཟིགས་ལྔ་པ་ཆེན་པོའི་དུས་ལྟར་གྱི་འཇའ་ས་དང་ཐམ་ག་གནང་རྒྱུ་ཡིན་ཚུལ་གྱི་གནས་ཚུལ་ཞུ་བར་ཐེ་གུལ་ཏེར་ཁི་ཡཱ་འབྱོར་བསྟུན་ལེགས་འབུལ་འབུལ་བར་ཡང་རྗེ་ཉིད་ཝང་གི་སྐུ་མདུན་དུ་གཏོང་བ་གནང་།”
ཞེས་གསལ་བ་ལྟར་མཉྡུའི་སྲིད་གཞུང་གིས་༸གོང་ས་རིམ་པར་འཇའ་ས་དང་ཐམ་ཁ་གནང་བའི་ལམ་སྲོལ་རྒྱུན་འཛིན་བྱ་རྒྱུའི་གསལ་བསྒྲགས་དང་།
ཡོངས་ཁྱབ་ཀྱི་དབང་ཤུགས་ཤིག་སྤེལ་ཡོད།
གཞན་ཡང་མཉྗུའི་གོང་མ་ཁང་ཤིས་གོང་ས་སྐུ་ཕྲེང་བདུན་པར་འཇའ་ས་དང་ཐམ་ག་དངོས་སུ་གནང་བའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“ཧོར་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་བདག་ཉིད་ཆེན་པོ་འདི་ལ་གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོས་མི་ཕྱེད་པའི་ཐུགས་འདུན་བརྟན་པོས་ཉེ་བར་དྲངས་ཏེ་རིན་ཆེན་དང་པོ་སྲང་བརྒྱ་དང་སུམ་ཅུ་ཐམ་པ་ལས་གྲུབ་པའི་ཐམ་གའི་ཞལ་བྱང་ལ།
བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན་པའི་ཏཱ་ལའི་བླ་མ་དྲུག་པའི་ཐམ་ག་ཞེས་མཉྗུ། སོག་པོ། བོད་གསུམ་གྱི་ཡི་གེ་ཡོད་པ་དང་།
གསེར་སྲང་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་གླེགས་བུ་ལ། ཚེ་རིང་གནམ་གྱི་ཤི་མོང་གིས་ད་ལྟ་ཡོངས་ཀྱི་བདག་པོ་ཧྭང་ཏིའི་བཀའ།
བདག་གིས་ས་སྟེང་འགྲོ་བ་ཐམས་ཅད་ཕན་བདེར་སྐྱོང་བ་ཕྱི་ནང་གི་སྐྱེ་འགྲོ་ཐམས་ཅད་རིས་སུ་མ་ཆད་པར་སྙོམས་པའི་བྱམས་བརྩེས་འདུད་པར་བྱས་ཏེ་འབངས་རྣམས་སྐྱོང་བར་བྱེད་ན།
ཚངས་སྤྱོད་ལ་ཡང་དག་པར་གུས་པས་བསྲུང་བ་དང་། རྒྱལ་བའི་ཁྲིམས་ལུགས་ལ་གུས་ཤིང་ཚུལ་བཞིན་སྤྱོད་པ་རྣམས་ལ་ངེས་པར་བསྔགས་བརྗོད་དང་གཟེངས་བསྟོད་བྱས་ཏེ་ཀུན་ལ་མངོན་པའི་ལས་རྟགས་དང་མིང་སྟེར་བར་བྱེད་པས།
སྔར་ནས་རྒྱུན་མ་ཆད་པར་ཏཱ་ལའི་བླ་མ་ན་རིམ་གྱིས་ནུབ་ཕྱོགས་ནས་བསྟན་པའི་སྙིང་པོ་མཐའ་དབུས་ཐམས་ཅད་དུ་རྒྱས་པར་བྱས་ཤིང་།
ཡུལ་དབུས་འདི་ནས་ལུང་ལས་ཀྱིས་མངོན་པར་ཐོ་བར་མཛད་པ་ཡིན་ལ། ད་ལྟ་ཁྱེད་ཀྱིས་གཞོན་དུས་ནས་སྔར་རྒྱུན་འཐུད་དེ་བསླབ་ཁྲིམས་དང་བསླབ་གཉེར་ལ་བརྩོན་པ་དང་།
ཐེག་པ་གསུམ་གྱི་དོན་ཕྲ་ཞིབ་ལ་དཔྱོད་པས་མཐའ་དག་ཡིད་ཆེས་སུ་འཛིན་པས་ན། ཆེད་དུ་བསྔགས་བརྗོད་ཀྱི་བཀའ་ལུང་དང་།
འཇའ་ས་ཐམ་ག་གནང་ནས། ཁྱེད་ལ་བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན་པའི་ཏཱ་ལའི་བླ་མ་དྲུག་པ་ཞེས་བཀུར་བ་ཡིན་པས།
ཁྱེད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཀུན་ལ་སྤེལ་ནས་བདག་གི་ཆབ་སྲིད་ཀྱི་ཞབས་འདེགས་དང་བསླབ་སྦྱང་ལ་ཤིན་ཏུ་ནན་ཏན་དང་།
བརྩོན་པ་ལ་མ་གཡེལ་བར་འབད་འཚལ། བདེ་སྐྱིད་དགུང་ལོ་ང་དགུ་པའི་ཟླ་བ་གཉིས་པའི་ཚེས་དགེ་ཞེས་པའི་གསེར་གྱི་ལུང་།”
ཞེས་གསལ་བ་ལྟར་དུས་སྐབས་དེ་ནི་སྤྱི་ལོ་༡༧༢༡ལོར་ཡིན་པར་མངོན་ཞིང་། ཐམ་ག་དང་འཇའ་སའི་ནང་དོན་གྱི་ཆ་ནས་བོད་ཡོངས་མཉྗུའི་དབང་བསྒྱུར་འོག་ཡོད་པའི་སྒྲུབ་བྱེད་གང་ཡང་མ་གསལ་བར།
འདི་ནི་རེ་འདུན་ཞུ་ཡིག་ཙམ་ཞིག་ཡིན།
འོན་ཀྱང་དུས་སྐབས་དེར་མཉྗུ་གོང་མ་ཁང་ཤེས་རྒྱལ་དབང་བདུན་པར་མཐོང་ཆེན་བྱས་པ་བརྒྱུད་བོད་ཡོངས་ལ་རང་ཉིད་ཀྱི་དབང་ཤུགས་སླེབས་པར་བྱེད་པའི་ཆེད་དུ་དང་།
མཉྗུ་དང་བོད་དབར་གྱི་མཛའ་བརྩེའི་འབྲེལ་བ་སྔར་རྒྱུན་བཞིན་གནས་པའི་ཆེད་དུ་ཡིན་ཞིང་། མཉྗུ་གོང་མ་རིམ་བྱོན་གྱི་ལམ་སྲོལ་ལྟར་གུས་བརྩེ་མཚོན་པར་བྱས་པ་ཡིན།
དེ་ཡང་ལས་དོན་དེ་དག་གི་ཁྲོད་དུ་མང་པོ་ཞིག་ནི་གཅིག་གིས་གཅིག་ལ་བསྟོད་པ་དང་། སྨོན་ཚིག་ཕུལ་བ་ལམ་སྲོལ་དུ་ཆགས་ཡོད་ཅིང་།
མཉྗུའི་སྲིད་གཞུང་གིས་བོད་དུ་དམག་བཏང་བ་དང་། ཇུན་གར་བ་མཐར་སྤྲོད་གཏོང་བའི་དམིགས་ཡུལ་བཟུང་པ་འདི་དག་ནི་མཛའ་སེམས་རྐྱང་པའི་ཆ་ནས་མ་ཡིན་ལ།
ཆོས་ཕྱོགས་ཀྱི་དད་པ་དག་སྣང་འབའ་ཞིག་ཀྱང་དེ་བས་ཡིན་མི་སྲིད་ཅིང་། འདི་ནི་མེས་པོ་གོང་མའི་ལམ་སྲོལ་རྒྱུན་འཁྱོངས་ཡོང་ཐབས་དང་།
རང་ཉིད་ཀྱི་དབང་ཤུགས་རྒྱ་སྐྱེད་གཏོང་ཆེད་སོགས་ཕྱོགས་མང་པོ་ལ་དམིགས་གནང་བ་ཞིག་ཡིན་པའི་གོ་བ་ང་ཚོས་ལེན་ཕྱོགས་ལ་དུས་སྐབས་དེའི་ལོ་རྒྱུས་ཀྱི་གནས་སྟངས་མང་པོ་ལ་བལྟས་ཀྱང་སྣང་ཚུལ་དེ་འདྲ་ཞིག་མངོན་ཡོང་གི་ཡོད།
འོན་ཀྱང་མཉྗུའི་དཔོན་རིགས་མང་པོས་མཉྗུ་ནི་ཏཱ་ལའི་བླ་མའི་སྦྱིན་བདག་ཡིན་ཞེས་གསུང་མྱོང་བ་སོགས་དོན་དངོས་ཡིན་ཞིང་།
སྦྱིན་བདག་ཡིན་ན་བདག་པོ་ཡིན་མི་དགོས་པ་དང་། བདག་པོ་ཡིན་ན་སྦྱིན་བདག་ཡིན་མི་དགོས་པའི་སྒྲུབ་བྱེད་ནི་བཀོད་ཀྱང་དགོས་མེད་ཡིན།
གང་ལྟར་མདོར་བསྡུས་ན་དུས་སྐབས་དེར་འཇའ་ས་དང་ཐམ་ག་སོགས་གནང་བ་ནི་རང་གཞན་གཉིས་ཀའི་དོན་འགྲུབ་པར་བྱེད་པའི་ཐབས་བྱུས་དཔེ་མེད་པ་ཅིག་ཡིན་ཞིང་།
འདི་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཡང་ནས་ཡང་དུ་མི་རིགས་དང་རྒྱལ་ཁབ་གཞན་གྱིས་བཀོལ་མྱོང་བའི་ཐབས་ཇུས་ཞིག་ཡིན།
རྒྱལ་དབང་སྐུ་ཕྲེང་བདུན་པ་བོད་དབུས་ཕྱོགས་སུ་ཕེབས་ནས་གསེར་ཁྲིར་འཁོད་པ་དང་།
སྤྱི་ལོ་༡༧༢༡ལོར་བོད་སོག་རྒྱ་གསུམ་གྱི་ཞིབ་སྤྱོད་ལྷན་ཚོགས་ཞེས་པ་མེད་པར་བཟོས་པ་དང་།
སྡེ་སྲིད་ཀྱི་ལམ་སྲོལ་མེད་པའི་ཐོག བཀའ་བློན་བསྐོ་བཞག་གི་ལམ་སྲོལ་ཐོག་མར་བྱུང་བ་ཡིན་ཞིང་།
དེའི་སྐོར་ཡིག་ཆ་རྙིང་པའི་ནང་མང་དུ་བསལ་ཞིང་། ཁྱད་པར་གོང་ས་སྐུ་ཕྲེང་བདུན་པ་སོགས་ཀྱི་རྣམ་ཐར་ནང་བཀའ་བློན་བསྐོ་བཞག་བྱས་པ་ཙམ་ཡང་ཧ་ལམ་མ་མཐོང་ཞིང་།
དེའི་སྐོར་ཉེ་རབ་ལོ་རྒྱུས་ཡིག་རིགས་ཁག་ཅིག་གི་ནང་མཚན་དང་བཅས་པ་གསལ་བར་འཁོད་འདུག་པ་དེ་ཉིད་ལས་ཐོག་མར་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ལས།
“ལྕགས་གླང་ ༡༧༢༡ ལོ་གསར་དགྱེས་སྟོན་སྐབས་སྟོད་སྒར་དཔོན་ཁཱང་ཆེན་ནས་བསོད་ནམས་རྒྱལ་པོར་དའི་ཆིང་བ་ཐུར་གྱི་ཆོ་ལོའི་ཐོག
ཐབ་རྟེན་དུ་ཡར་འབྲོག་གླིང་གི་འཛིན་དབང་རྣམས་སྩལ་ཞིང་། དེ་རྗེས་བོད་རྒྱ་སོག་གསུམ་བདུན་སྦྲེལ་ཞིབ་དཔྱད་ལྷན་ཚོགས་ཕྱིར་བསྡུ་གནང་སྟེ།
དའི་ཆིང་བ་ཐུར་ཁཱང་ཆེན་ནས་དང་། པེ་སི་ང་ཕོད་པ། ལུམ་པ་བ། སྦྱར་ར་བ། ཕོ་ལྷ་བ་བཅས་ལྷན་སྦྲེལ་གྱི་གཞུང་ཆབ་སྲིད་འཛིན་སྐྱོང་ལས་ཁུངས་གསར་འཛུགས་གནང་སྟེ་བོད་ལྗོངས་རྒྱལ་ཁབ་ཚང་མར་དབང་ལུང་བསྒྱུར།”
ཞེས་གསལ་བའི་ནང་དུ་བཀའ་བློན་གང་དང་གང་བསྐོས་པ་སོགས་ལས་དུས་སྐབས་དེར་བཀའ་བློན་བསྐོ་བཞག་གནང་མཁན་སུ་ཡིན་པ་དང་།
རྒྱུ་མཚན་གང་ལ་བརྟེན་ནས་གནང་བ་སོགས་ཀྱི་སྐོར་གསལ་ཁ་མེད།
དེ་བཞིན་ཉེ་རབ་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པས་བརྩམས་པ་<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་>>ལས།
“རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ་༡༧༢༡ལ་གོང་མའི་བཀའ་ལུང་བཞིན་སྔར་ཅུང་གར་བར་རྒོལ་ལན་སྤྲོད་པའི་འཐབ་འཁྲུག་ནང་བྱས་རྗེས་ཆེས་ཆེ་བའི་མངའ་རིས་སྤྱི་ཁྱབ་བམ་སྒར་དཔོན་ཁང་ཆེན་པ་བསོད་ནམས་རྒྱལ་པར་
“པའི་སེའི་” ཆོ་ལོ་དང་སྦྲགས་བོད་ཀྱི་དོན་བྱེད་བཀའ་བློན་གྱི་གཙོ་བོར་བསྐོ་བཞག་གནང་ཐོག
ཀོང་ཡུལ་དཔོན་རིགས་ང་ཕོད་པ་རྡོ་རྗེ་རྒྱལ་པོར་ཡང་ “པའི་སེའི་” ཆོ་ལོ་དང་སྦྲགས་ལས་རོགས་དང་། ལུམ་པ་བཀྲ་ཤིས་རྒྱལ་པོར་གུང་གི་ཆོ་ལོ་དང་བཅས་བཀའ་བློན་དུ་བསྐོས།
དེ་རྗེས་གཙང་དཔོན་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་དང་སྦྱར་ར་བ་བློ་གྲོས་རྒྱལ་པོ་གཉིས་ལའང་ཐའི་ཇིའི་ཇོ་ལོ་དང་སྦྲགས་བཀའ་བློན་གསར་བསྐོ་བྱས་ཐོག་བོད་ས་གནས་སྲིད་གཞུང་གི་ལས་དོན་གཙོ་སྐྱོང་ལས་ཁུངས་བཙུགས།”
ཞེས་གསལ་བ་ལས་བཀའ་བློན་རྣམས་མཉྗུའི་གོང་མ་ཁང་ཞིའི་བཀའ་ལྟར་བསྐོ་བཞག་གནང་བ་ཡིན་པ་དང་།
དེ་ཡང་བཀའ་བློན་སོ་སོའི་བྱས་རྗེས་གཞིར་བཟུང་གིས་བསྐོ་འཇོག་གནང་ཡོད་པའི་སྐོར་གསལ་ཡོད།
འདི་དག་གི་ཁུངས་གང་ཡིན་ཕྱོགས་གཉིས་ཀས་དྲངས་མེད་ཅིང་། དོན་དངོས་ཐོག་ཕྱོགས་གཉིས་ཀར་རང་རང་གི་ཁུངས་རེ་ཡོད་ངེས་ཀྱང་བདག་རང་གིས་མཐོང་བའི་དཔེ་རྙིང་དག་གི་ཁྲོད་དུ་འདིའི་སྐོར་ཞིབ་མོར་གསལ་བ་ཧ་ལམ་མེད་ཅིང་།
མི་དབང་རྟོགས་བརྗོད་ཀྱི་ནང་དུ་མཉྗུ་གོང་མས་བསྐོས་པ་དང་། བསྐོ་གཞག་བྱ་ཚུལ་སོགས་རྒྱས་པར་གསལ་བ་རྣམས་འདིར་དྲངས་ཀྱང་ཡིག་ཚོགས་མང་ཞིང་།
གནད་བསྡུས་ནས་བཤད་ན་གོང་མའི་ཕོ་ཉ་བས་བཀའ་ལུང་བསྒྲགས་པ་དང་། རིམ་གྱིས་བཀའ་བློན་རྣམས་བསྐོ་འཇོག་བྱས་པའི་ཚུལ་གསལ་འདུག་པ་འདི་ལ་བལྟས་ནས་དོན་དངོས་ཀྱི་ཕྱོགས་མང་པོ་ཞིག་གསལ་བོར་འགྱུར་བར་མངོན།
མདོར་བསྡུས་ནས་བཤད་ན་དུས་སྐབས་དེར་སྡེ་སྲིད་ཀྱི་ལམ་ལུགས་མེད་པར་བཟོས་པ་དང་། བཀའ་བློན་བསྐོ་བཞག་གི་ལམ་ལུགས་བྱུང་བ་འདི་ནི་༸གོང་ས་སྐུ་ཕྲེང་བདུན་པའི་དགོངས་འཆར་ལས་བྱུང་བ་དང་།
ཡང་ན་དུས་སྐབས་དེའི་བོད་ཀྱི་བློན་པོ་རྣམས་གྲོས་བྱས་པ་ལས་བྱུང་བ་སོགས་མ་ཡིན་པར་མཉྗུ་གོང་མའི་བཀའ་བཞིན་དུ་གནང་བ་ཞིག་ཡིན་པ་དང་།
དངོས་སུ་བསྐོ་གཞག་གནང་མཁན་ནི་བོད་པ་རང་ཡིན་པར་མངོན་ཏེ་ཞིབ་པར་བརྗོད་མ་བཏུབ་པས་དཔྱད་པར་བྱའོ།།
མདོར་ན་སྤྱི་ལོ་༡༦༦༡ནས་སྤྱི་ལོ་༡༧༢༢བར་མཉྗུའི་གོང་མ་ཁང་ཞི་ནས་རྒྱ་ནག་གི་ས་ཁོངས་ཡོངས་སུ་དབང་བསྒྱུར་བྱས་པ་དང་།
མཐའ་མཚམས་ཁུལ་དུ་རང་ཉིད་ཀྱི་དབང་ཤུགས་རྒྱ་སྐྱེད་བྱེད་བཞིན་པའི་མུར། བོད་ཁུལ་དུ་ཡང་༸གོང་ས་སྐུ་ཕྲེང་བདུན་པའི་ཡང་སྲིད་ངོས་འཛིན་བྱས་པ་ནས་བཟུང་བོད་ཁུལ་དུ་རང་ཉིད་ཀྱི་དབང་ཤུགས་སླེབས་ཐབས་ལ་འབད་པ་མང་དུ་བྱས་ཤིང་།
༸གོང་ས་སྐུ་ཕྲེང་བདུན་པ་བོད་དུ་གདན་ཞུ་དང་སྦྲགས་ནས་བོད་དུ་དམག་དཔུང་སྟོང་ཚོ་མང་པོ་དྲངས་པ་དང་།
གཏན་སྡོད་དམག་དཔུང་༤༠༠ཙམ་བཞག་པ། གོང་ས་སྐུ་ཕྲེང་བདུན་པ་ཁྲི་ལ་འཁོད་པ་ནས་བོད་ཀྱི་ལས་དོན་མང་པོར་བཀོད་འདོམས་བྱས་པ་དང་།
བོད་འདི་མཉྗུའི་སྲིད་གཞུང་གི་དབང་བསྒྱུར་འོག་ཚུད་ཐབས་ལ་འབད་པ་མང་དུ་བྱས་ཡོད་ཅིང་། བོད་ཁུལ་དུ་ཆབ་སྲིད་ཀྱི་འཕོ་འགྱུར་མང་བ་སོགས་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་ནས་དབང་བསྒྱུར་ཡོངས་སུ་བྱེད་མ་ཐུབ་ཀྱང་ཕྱོགས་མང་པོར་གོང་མའི་བཀའ་ལུང་གིས་ཁ་ལོ་བསྒྱུར་ཐུབ་པ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་པས་གཡོལ་ཐབས་ག་ལ་ཡོད།
༡༽བཀའ་བློན་ནང་འཁྲུག་བྱུང་བ་དང་མཉྗུའི་དམག་བོད་དུ་འབྱོར་བ། ༸གོང་ས་སྐུ་ཕྲེང་བདུན་པ་ལི་ཐང་དུ་ཕེབས་པ་སོགས་ལས་མཉྗུ་སྲིད་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་གླེང་བ།
༸གོང་ས་སྐུ་ཕྲེང་བདུན་པ་སྤྱི་ལོ་༡༧༢༠ཙམ་ནས་གཞུང་ས་དགའ་ལྡན་ཕོ་བྲང་པའི་གསེར་ཁྲིར་འཁོད་པ་དང་།
སྤྱི་ལོ་༡༧༢༡ཙམ་ནས་བཀའ་བློན་བསྐོ་བཞག་གནང་ནས་བོད་བསྟན་སྲིད་ཀྱི་བྱ་བ་རླབས་པོ་ཆེ་མཛད་པར་གནང་ཡང་།
བཀའ་བློན་ཕན་ཚུན་དབར་ནང་འཁྲུག་བྱུང་ནས་སླར་ཡང་གཞུང་ས་དགའ་ལྡན་ཕོི་བྲང་པས་བཟུང་པའི་བོད་ཀྱི་སྲིད་དབང་འདི་ཉིད་ས་བརྟན་མེད་པར་གྱུར་བ་དང་།
དེ་ཡང་སྤྱི་ལོ་༡༧༢༧ལོ་ཙམ་ནས་དབུས་གཙང་གི་བཀའ་བློན་བར་གྱི་འགལ་ཟླ་ཤུགས་ཆེ་རུ་སོང་བ་དང་།
མངོན་གསལ་ཅན་དུ་གྱུར་ཅིང་། རྒྱལ་དབང་མཆོག་གི་བཀའ་ལ་ཡང་མི་བརྩི་བའི་ཚད་དུ་སླེབས། སྤྱི་ལོ་༡༧༢༨ལོར་དབུས་ཁུལ་ཡོངས་སུ་ཕོ་ལྷ་བས་བདག་གེར་བཟུང་པ་དང་།
ངར་ལུམ་སྦྱར་གསུམ་བཟུང་ནས་བཙོན་དུ་བཅུག་པ་སོགས་མཛད། དེའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“གཙོ་བོ་བོད་སྤྱིའི་ལར་རྒྱར་བགེགས་ཆགས་ལྟ་བུས། བཀའ་བློན་རྣམས་ཐུགས་ནང་མ་གཤིན་པས་རྐྱེན་ལངས་ཏེ།
གློ་བུར་དུ་དའི་ཆིང་བཱ་ཐུར་རྐྱེན་ལམ་དུ་བཏང་བ་སོགས་བྱུང་འདུག རྗེ་བླ་མ་ཉིད་ནས་གནས་ཚུལ་གསན་འཕྲལ་ཐུགས་སྐྱོ་བ་བཟོད་གླགས་མེད་པ་བྱུང་ཞིང་།
སྡེ་གཟར་སོགས་ཀྱི་ཡོ་ལངས་མི་ཡོང་བའི་མཛད་སྒོ་གང་ཟབ་གནང་བ་དང་། གཙང་དུ་པཎ་ཆེན་རིན་པོ་ཆེར་དེ་ལུགས་ཀྱི་རྒྱུ་མཚན་ཞུ་བའི་བཀའ་ཤོག་གནང་བ་སོགས་སྒོ་དུ་མ་ནས་བདེ་འཇགས་ཀྱི་ཐབས་ལ་གཞོལ་བར་མཛད།”
ཞེས་གསལ་བ་ལྟར་དུས་སྐབས་དེ་ཙམ་ནས་བཀའ་བློན་ནང་འཁྲུག་བྱུང་བ་དང་། ནང་འཁྲུག་འདིའི་འབྱུང་རྐྱེན་སྐོར་ལ་ལོ་རྒྱུས་སྨྲ་བ་ཚོས་འགྲེལ་བརྗོད་བྱ་ཚུལ་མི་འདྲ་བ་མང་དུ་མཆིས་ལ།
འགའ་ཞིག་གིས་ནི་ནང་དཀྲུག་བྱས་པ་ལས་བྱུང་བར་བཤད་པ་དང་། འགའ་ཞིག་གིས་ནི་དབུས་གཙང་དབར་གྱི་འགལ་ཟླ་ལས་བྱུང་བར་བཤད་པ་དང་།
འགའ་ཞིག་གིས་ནི་ཆོས་རྒྱུས་དབར་གྱི་འགལ་ཟླ་ལས་བྱུང་བ་དང་། འགའ་ཞིག་གིས་ནི་དབང་ཆའི་གོ་ཐོབས་ཀྱི་ཆ་ནས་རྩོད་པ་བྱུང་བས་སོགས་བཤད་ཀྱང་འདིར་དེ་དག་སྐབས་དོན་དང་མ་འབྲེལ་བས་རྒྱས་བཤད་མ་བྱས།
དེ་ལྟར་བཀའ་བློན་ནང་འཁྲུག་བྱུང་བ་དང་། ངར་ལུམ་སྦྱར་གསུམ་བཟུང་ནས་བཙོན་དུ་བཅུག་པ་དང་།
རྒྱལ་དབང་མཆོག་ནས་མཐའ་མའི་ཐག་གཅོད་གང་ཉིད་ཀྱིས་གནང་མ་ཐུབ་པར་མཉྗུའི་སྲིད་གཞུང་གི་གོང་མའི་དམག་འབྱོར་ནས་ཐག་གཅོད་བྱ་རྒྱུ་ཡིན་པའི་བཀའ་ཡང་ཡང་གནང་ཞིང་།
བླ་མའི་བཀའ་ལ་མ་མ་ཉན་པ་དང་། གོང་མའི་བཀའ་ཡང་མ་སྒུག་པར་དབུས་གཙང་དུས་འཁྲུག་བྱུང་ཞེས་ཐུགས་སྐྱོ་སྐྱོ་གནང་བ་སོགས་བྱུང་ཡོད།
ལོ་དེར་གོང་མའི་དམག་བོད་དུ་འབྱོར་བའི་སྐོར་ནི་<<མི་དབང་རྟོགས་བརྗོད་>>ལས།
“དེ་ནས་སྟོན་ཟླ་ཐ་ཆུང་གི་གྲལ་ཚེས་གནམ་སྟོང་ལ་བབས་པའི་ཉིན་མོར་ཤར་ཕྱོགས་གོང་མ་བདག་པོའི་ལུང་གིས་མངགས་པའི་གཙོ་བོ་ཨ་ལི་ཁན་ཨམ་པ་དང་།
མེ་རིང་ཛང་གི་དཔུང་ཚོགས་གྲངས་མེད་པ་དང་བཅས་ཏེ་ལྷགས་ནས་ཕོ་བྲང་ཆེན་པོའི་ཉེ་འདབས་ནེའུ་གསིང་གི་ལྗོངས་རྣམས་སུ་དམག་སྒར་རྒྱ་ཆེར་བཅས་ཏེ་འདུག་གོ”
ཞེས་གོང་མའི་དམག་དབུས་གཙང་དུས་ཕྲུག་མེད་པར་བཟོ་ཆེད་དང་བཀའ་བློན་གསུམ་ཁྲིམས་ཀྱིས་ཐག་གཅོད་བྱ་ཆེད་ཡོང་བ་དང་།
གོང་མའི་དམག་གིས་ངར་ལུམ་སྦྱར་གསུམ་ཚར་བཅད་པའི་སྐོར་ནི་<<མི་དབང་རྟོགས་བརྗོད་>>ལས།
“མིའི་བདག་པོ་འཁོར་དང་བཅས་པའང་གཟིགས་མོར་གཤེགས་སུ་གསོལ་ཞེས་ཨ་ལི་ཨམ་པས་བཀའ་གནང་ནས།
དེ་དང་མི་རིང་བའི་ས་ན་ཁྲིམས་ཤིང་བཞི་བཙུགས་ནས། གཅིག་ལ་ནི་ང་ཕོད་པ་བཅིངས། གཅིག་ལ་ནི་ལུམ་པ་བ་བཅིངས།(འདིའི་ནང་སྦྱར་ར་བ་གསལ་མེད་པས་བརྟག་དགོས།)
གཞན་གཉིས་ལ་ནི་སྐྱོར་ལུང་བླ་མ་དང་། རྣམ་རྒྱལ་གྲྭ་ཚང་གི་གཉེར་འཛིན་བཅིངས། དབུས་སུ་ནི་དགུང་བློན་གསུམ་གྱི་ཉེ་དུ་དང་ལྟོས་པར་བཅས་པ་གཞན་དག་གཤིན་རྗེར་གདོང་ཕྱོགས་ནས་འཁོད་དུ་བཅུག་སྟེ།
པད་ཅིང་གི་དཔུང་ཚོགས་བཞོན་པ་ལ་བརྟེན་པ་དང་རྐང་ཐང་གི་ཚོགས་གོ་མཚོན་སྣ་ཚོགས་པ་དང་ལྡན་པ་རྣམས་ཀྱིས་མཐའ་བསྐོར་ཏེ་འདུག་ནས།
ཇི་ཞིག་ན་ཁྲིམས་ཀྱི་རྔ་བོ་ཆེ་ཆུ་ཟིན་མ་ཀ་རའི་ང་རོའི་རྟ་ལས་དྲངས་པ་དང་། ཁྲིམས་དུང་གླང་པོ་ཆེ་རྒན་བུ་ངུ་བ་ལྟ་བུའི་སྒྲ་དང་ལྡན་པ་དང་།
ཁྲིམས་གླིང་ཁྱིམ་བྱའི་སྐད་འཚེར་བ་ལྟ་བུ་དང་། ཁྲིམས་ཞྭ་ཁྲིམས་གོས་གྱོན་ཅིང་གཙུག་ཏུ་འདབ་ཆགས་ཀྱི་མཇུག་སྒོ་ཆེས་རིང་པོའི་ཅོད་པན་འཆང་བའི་སྐྱེས་བུ་དག་གིས་ཅེ་སྤྱང་ངུར་བ་ལྟ་བུའི་སྐད་གསང་མཐོན་པོ་སྒྲོག་པ་བྱེད་ཅིང་།”ཞེས་སོགས་དང་།
“དཔེར་ན་དམྱལ་བའི་སེམས་ཅན་རལ་གྲི་ལོ་མའི་ནགས་ཚལ་གྱི་བསིལ་གྲིབ་འདོད་དེ་སོང་བ་ན་ནགས་ཚལ་ལས་ལྷུང་བའི་འདབ་མའི་མཚོན་ཆས་ལུས་བཅད་ཅིང་གཏུབས་པ་དེ་འདྲ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་བར་བྱས་ཏེ་སྲོག་བཀུམ།”
ཞེས་སོགས་གསལ་བ་ལྟར་གོང་མའི་བཀའ་བཞིན་དུ་དམག་དཔུང་བོད་དུ་འབྱོར་ནས་ངར་ལུམ་སྦྱར་གསུམ་འཇིགས་སུ་རུང་བའི་ཁྲིམས་གཅོད་ལ་བརྟེན་ནས་ཚར་བཅད་པར་བྱས་ཡོད།
འདི་ལ་བརྟེན་ནས་ང་ཚོས་ཤེས་ཐུབ་པ་ཞིག་ཡོད་པ་ནི་མཉྗུའི་སྲིད་གཞུང་གི་དབང་ཤུགས་བོད་དུ་ཤུགས་ཆེར་སླེབས་པ་དང་།
བོད་ཀྱི་ལས་དོན་གལ་ཆེའི་རིགས་ཐག་གཅོད་ཡོངས་སུ་བྱེད་པའི་དབང་ཚད་ཀྱང་༸གོང་ས་སྐུ་ཕྲེང་བདུན་པར་མེད་པ་མཚོན་ཅིང་།
༸གོང་ས་སྐུ་ཕྲེང་བདུན་པའི་སྐུ་ཆ་ཡིན་ཚུལ་གྱིས་མཉྗུའི་དམག་སྟོང་ཚོ་གཉིས་ཙམ་བོད་དུ་གཏན་འདོད་བྱས་ཡོད་པ་སོགས་ཀྱང་ལོ་རྒྱུས་ཡིག་རིགས་གཞན་དང་གཞན་དུ་གསལ་བས།
སྤྱི་ལོ་༡༧༢༧ཙམ་ནས་བོད་འཁུལ་དུ་དབུས་གཙང་དུ་འཁྲུག་བྱུང་ནས་༸གོང་ས་སྐུ་ཕྲེང་བདུན་པ་རེ་ཞིག་ལི་ཐང་ཕྱོགས་སུ་ཕེབས་པ་དང་།
མདོ་སྨད་ཕྱོགས་སུ་ལོ་བདུན་ཙམ་བཞུགས། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་བསྐྱངས་པའི་ཚུལ་རྣམས་རྣམ་ཐར་དག་ལས་གསལ་ཞིང་།
རྒྱལ་དབང་མཆོག་ལི་ཐང་ཕྱོགས་སུ་ཕེབས་དགོས་པའི་རྒྱུ་མཚན་དང་། ཇི་ལྟར་ཕེབས་པ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་མི་འདྲ་བ་འགའ་ཞིག་འདུག་ཅིང་།
ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སོགས་ཀྱི་ནང་དུ་ཕྱི་ཚུལ་ལ་གོང་མའི་བཀའ་བཞིན་དུ་ཕེབས་པ་ཡིན་ཡང་གཙོ་བོ་ལི་ཐང་སོགས་མདོ་སྨད་ཁུལ་གྱི་བསྟན་འགྲོའི་དོན་མཛད་ཆེད་དུ་ཕེབས་པ་ཡིན་ཚུལ་གྱི་བཤད་པ་མདོར་བསྡུས་ཙམ་རེ་མཛད་པ་ལས་རྒྱལ་དབང་གང་ཉིད་ཀྱི་རྣམ་ཐར་དང་དེ་བཞིན་དུས་སྐབས་དེའི་ཡིག་ཆ་ཁག་ལུང་འདྲེན་སོགས་གང་ཡང་མ་མཛད་པ་དང་།
སྤྱི་ལོ་༡༧༢༨ཟླ་བ་བཅུ་གཅིག་པའི་ནང་༸གོང་ས་སྐུ་ཕྲེང་བདུན་པ་མཆོག་མདོ་སྨད་དུ་ཕེབས་དགོས་པའི་གོང་མའི་བཀའ་འབྱོར་བ་དང་རེ་ཞིག་ཕེབས་མི་ཐུབ་པའི་སྐོར་སྙན་སྒྲོན་ཞུས་ཅིང་།
རྗེས་སུ་བསླར་ཡང་གོང་མའི་བཀའ་ཕེབས་ནས་མགྱོགས་མྱུར་ངང་མི་འགྲོ་ཐུབ་མེད་དུ་གྱུར་ཡོད་པ་སོགས་ནི་ལོ་རྒྱུས་དངོས་ཡོད་ཡིན་པར་སྙམ།
དེ་ཡང་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས། “དེ་ནས་དབུས་གཙང་དུས་ཟིིར་ཧ་ཅང་ཆེ་བ་དང་།
སྐྱེ་བོ་རྣམས་ཀྱང་ནག་ཕྱོགས་འགོང་པོས་རྒྱུད་བསླད་པས་ཕན་ཚུན་འཐབ་རྩོད་ལ་བརྟེན་པའི་ཕུང་ཀྲོལ་གྱི་རྒྱུ་དུ་མ་ཞིག་ལ་ངང་གིས་བཞུགས་པར་གྱུར་པས།
རྗེ་བླ་མ་ཉིད་ལ་ཐུགས་བཟོད་མི་བདེ་བ་བྱུང་དྭོགས། ཤར་ཕྱོགས་འཇམ་དབྱངས་གོང་མ་ཆེན་པོ་ནས་ཆེད་མངགས་ཀྱི་ཏཱ་ཞིན་ཆེན་པོ་རྫོང་ད་མཛད་ཅིང་གང་ཅིའི་ཆ་རྐྱེན་སྤངས་ཆེ་བ་སྦྱར་ཏེ་རེ་ཞིག་ལི་ཐང་ཕྱོགས་སུ་ཕེབས་དགོས་ཀྱི་བཀའ་བྱུང་བ།
སྤྱིར་གོང་མ་ཆེན་པོའི་ཐུགས་དགོངས་ལ་བོད་དུ་སྡེ་གཟར་ཡོད་སྐབས། རྗེ་བླ་མ་མཆོག་སྐུ་མི་བསྙེལ་བ་དང་།
ཐུགས་བཟོད་བདེ་བའི་ཆེད་དུ་བཅས་རེ་ཞིག་མདོ་སྨད་དུ་གདན་དྲངས་པ་ཡིན་འདུག་ཀྱང་།” ཞེས་སོགས་མཉྗུ་གོང་མ་མཇལ་འཕྲད་དང་སྤྲོ་འཆམ་དུ་དམིགས་ནས་མདོ་སྨད་ཕྱོགས་སུ་ཕེབས་དགོས་པའི་བཀའ་བྱོར་བ་དངོས་ཡོད་ཡིན་ལ།
དུས་སྐབས་དེར་པཎ་ཆེན་རིན་པོ་ཆེ་སོགས་ནས་ཕེམས་མི་དགོས་པའི་ཞུ་བ་ནན་དུ་ཞུས་ཀྱང་རྒྱལ་དབང་མཆོག་ནས་ངེས་པར་ཕེབས་དགོས་པའི་བཀའ་གནང་ཡོད་འདུག
གཞན་ཡང་མཉྗུ་གོང་མ་ཡུན་ཀྲི་མཆོག་ནས་བསྐྱར་དུ་བཀའ་འབྱོར་ནས་མགྱོགས་མྱུར་ཕེབས་དགོས་བྱུང་བ་སོགས་ཀྱི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“འདི་སྐབས་གོང་མ་ཆེན་པོའི་བཀར་རྩོལ་ཤད་ཀྱིས་ཕེབས་དགོས་བྱུང་བ་བཅས་ཆུ་ཚུལ་ལར་མཚན་མོ་སྒྲོན་མེ་བཏེགས་ནས་ཕེབས་དགོས་པ་སོགས་ཤིན་ཏུ་འོ་བརྒྱལ་བ་འདི་འདྲ་བ་མང་དུ་བྱུང་བར་ཞབས་ཕྱི་རྣམས་སེམས་ངལ་ཆེ་བས་གདུངས་པར་གྱུར་ནའང་།
རྗེ་བླ་མ་ཉིད་སྡུག་བསྔལ་དང་ལེན་གྱི་བཟོད་པར་ཤིན་ཏུ་གོམས་པས་ན་ཐུགས་མི་སྤྲོ་བའི་རྣམ་པ་ཡེ་མེད་པར་ཉེ་འཁོར་རྣམས་ལ་དབུགས་དབྱུང་བའི་གསུང་།
ཐུགས་སྤྲོ་བའི་རྣམ་པས། ཞབ་རིང་པ་རྣམས་སྐྱོ་བ་ཤུགས་དྲག་པོས་གདུངས་པ་སེལ་བར་མཛད་དེ།”
ཞེས་སོགས་གསལ་བ་ལྟར་སྤྱི་ལོ་༡༧༢༨ལོར་དངོས་སུ་ལི་ཐང་ཕྱོགས་ལ་ཕེབས་པ་འདི་ནི་གཙོ་བོ་གོང་མ་ཆེན་པོའི་བཀའ་བཞིན་ཕེབས་པ་ཡིན་ཚུལ་གསལ་ཞིང་།
དེར་མ་ཟད་གོང་མའི་བཀའ་ལ་བརྩི་བཀུར་དང་། རང་ཉིད་ཀྱི་སྐུ་ངལ་ལ་ཡང་མ་དགོངས་པར་ཉིན་མཚན་དབྱེར་མེད་དུ་ཕེབས་གནང་བ་སོགས་ཀྱི་རྣམ་ཐར་འདི་དག་ལས་གོང་མའི་བཀའ་གཅིག་གིས་བོད་ཁུལ་ཙམ་མིན་པར་༸གོང་ས་སྐུ་ཕྲེང་བདུན་པར་ཡང་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་དང་།
བསྟན་འགྲོ་སྤྱིའི་བདེ་སྡུག་ལ་དགོངས་ནས་༸གོང་ས་མཆོག་ནས་བཀའ་དང་ལེན་མ་བྱེད་ཐབས་མེད་དུ་གྱུར་བ་མིན་ནམ་སྙམ།
གསུང་དེ་དག་དང་མཐུན་པར་<<མི་དབང་རྟོགས་བརྗོད་>>ལས། “དེ་ནས་མི་རིང་བར་དགུན་ཟླ་ཐ་ཆུང་ལ་བབ་པ་ནས་ཨ་ལི་ཁན་ཨམ་པ་ལ་སོགས་པ་གཙོ་བོ་དེ་དག་ཕོ་བྲང་རི་བོ་གྲུ་འཛིན་དུ་སོང་ནས་ཐམས་ཅད་མཁྱེན་པ་རྒྱལ་བའི་དབང་པོ་ལ་གསོལ་བ།
ཏཱ་ལའི་བླ་མ་དང་གོང་མ་ཤིང་ཛུང་ཁང་ཞལ་དཀྱིལ་མངོན་པར་འཛོམ་པ་ལ་རིང་མོ་ནས་སྨོན་པར་མཛད་ཀྱང་གོང་མ་གནམ་དུ་གཤེགས།
དེའི་རིགས་ཀྱི་སྲས་ཐུ་བོ་གོང་མ་བདག་པོ་འདི་ཉིད་ཀྱིས་ཡབ་ཀྱི་རྒྱལ་སྲིད་ཀྱི་ཅོད་པཎ་དབུ་ལ་བླངས་ནས།
ཏཱ་ལའི་བླ་མ་དང་ཞལ་མངོན་པར་འཛོམ་པ་ལ་ཐུགས་འདུན་གཏད་ནས་ཕྱིའི་ལྕགས་རི་རྣམས་ལ་གཟིགས་མོར་གཤེགས་ནས།
དེ་དང་སྟབས་མཚུངས་པར་ཏཱ་ལའི་བླ་ཡང་བདག་ཅག་གི་སྤྱན་དྲངས་ཏེ་ཕན་ཚུན་གསེར་ཞལ་མཇལ་མ་ཐག་པར་སླར་ཡང་གཏམ་ལོ་གཅིག་གི་ངེས་པ་ཁོ་ནར་བོད་ལྗོངས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཟབ་ཅིང་བརླིང་བ་མཐའ་མི་དཔོགས་པའི་བཀའ་མང་དུ་བསྒྱུར་ཏོ།”
ཞེས་གསལ་བ་ལྟར་གོང་མས་༸གོང་ས་སྐུ་ཕྲེང་བདུན་པ་མཆོག་རྒྱ་ནག་ཏུ་ཕེབས་དགོས་པའི་བཀའ་འབྱོར་བ་དང་།
ལོ་འཁོར་གཅིག་གི་རྗེས་སུ་གངས་ལྗོངས་སུ་འབྱོར་ཐུབ་པ་བྱ་རྒྱུར་གོང་མས་ཞལ་བཞེས་ཐོབ་ཡོད་པ་རེད།
མདོར་ན་བསྟན་པ་དང་འགྲོ་བའི་དོན་དུ་དགོངས་པའམ་གོང་མ་ཆེན་པོའི་བཀའ་བཞིན་དུ་ཕེབས་པ་གང་ཡིན་རུང་ལོ་རྒྱུས་འགྲེལ་བརྗོད་པ་སོ་སོའི་འགྲེལ་ལུགས་མི་འདྲ་བ་རེ་ཡིན་ཞིང་།
གཞན་ལོ་རྒྱུས་ཡིག་ཆ་དག་ལས་མངོན་གསལ་མིན་པའི་སྣང་ཚུལ་གཅིག་ནི་རྒྱལ་བའི་ཡབ་དང་དབུས་གཙང་དུས་འཁྲུག་འབྲེལ་བ་དམ་ཟབ་ཡོད་པར་མངོན་པས།
༸གོང་ས་མཆོག་ཡབ་དང་བཅས་པ་མདོ་སྨད་དུ་མ་ཕེབས་ཐུབ་མེད་གྱུར་བར་ཡང་མངོན།(འདིའི་སྐོར་དཔྱད་པ་བྱ་གལ་ཆེ་མོད་དུས་ཚོད་ཀྱིས་རྐྱེན་པས་འབྲི་མ་ཐུབ།)ལོ་རྒྱུས་ཀྱི་རྒྱུ་ཆ་དག་དཔང་པོར་བྱས་པ་དང་།
ལོ་རྒྱུས་སྔ་ཕྱིའི་བྱུང་བ་དག་གུང་བསྒྲིགས་ནས་བལྟས་པ་ན་དུས་སྐབས་དེར་བོད་ཁུལ་དུ་མཉྗུའི་གོང་མ་རིམ་བྱོན་གྱི་དབང་ཤུགས་ཆེན་པོ་སླེབས་ཡོད་ཅིང་།
བོད་ཀྱི་བཀའ་བློན་དག་ལ་ཡང་ཁྲིམས་ཀྱིས་ཐག་གཅོད་བྱེད་པའི་དབང་ཚད་ཡོད་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་སྐུ་ཕྲེང་དྲུག་པ་ཡང་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཅིག་གཞིར་བཟུང་གོང་མའི་བཀའ་མ་ལྡོག་པའམ་གོང་མའི་དབང་ཤུགས་ཀྱིས་རྒྱ་ནག་ཕྱོགས་སུ་མ་ཕེབས་ཐབས་མེད་བྱུང་བ་སོགས་ནི་མཉྗུས་ལོ་མང་རིང་ནུས་ཤུགས་ཆེན་པོ་བཏོན་པ་དང་།
ཐབས་ལམ་སྣ་ཚོགས་བཙལ་ནས་ཐོབ་པའི་གྲུབ་འབྲས་ཡིན་པར་སྙམ།
༸གོང་ས་སྐུ་ཕྲེང་བདུན་པ་མཆོག་ལི་ཐང་སོགས་མདོ་སྨད་ཕྱོགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་དང་།
རྒྱ་ནག་ཏུ་ཡང་ཕེབས་མ་དགོས་པ་སོགས་བྱུང་ཞིང་། རིམ་གྱིས་ཕྱིར་བོད་དུ་ལོག་པའི་འདུན་པ་དང་བཅས་སྤྱི་ལོ་༡༧༣༥ཙམ་ལ་བོད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་གནང་ཞིང་།
བོད་ཁྲི་སྐོར་བཅུ་གསུམ་དབང་ལུང་བསྒྱུར་བ་སོགས་གནང་ཡོད་ཅིང་། ༸གོང་ས་སྐུ་ཕྲེང་བདུན་པ་མདོ་སྨད་ནས་སླར་ཡང་ལྷ་ལྡན་ཞིང་དུ་ཕེབས་པའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“དེ་སྐབས་འཇམ་དབྱངས་གོང་མ་ཆེན་པོ་ནས་བོད་ཁམས་ཡོངས་ཀྱི་བདེ་སྐྱིད་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་འགྱུར་བ་རྗེ་ཉིད་ཁོ་ན་ལ་རག་ལས་པར་དགོངས་པ་དང་།
བོད་ཕྱོགས་སུ་སྡེ་གཟར་གྱི་འཁྲུག་ལོང་ཡང་འཇམ་ཆགས་སུ་སོང་བ་བཅས། རྗེ་ཉིད་གང་ལྗོངས་སུ་ཆིབ་ཀྱི་ཁ་ལོ་སྒྱུར་ཆོག་པའི་བཀའ་འདུག་པ་རྒྱུན་སྡོད་རྒྱ་དཔོན་རྣམས་ནས་ནང་བཅར་གྱིས་མགྲོན་གཉེར་རབ་འབྱམས་པ་བློ་བཟང་དཔལ་འབྱོར་བརྒྱུད་ཡབ་རྗེ་དམ་པར་ཞུས་པ།
ཡབ་རྗེ་ནས་བཀའ་ཆོས་གསན་གནང་གི་སྙན་སྒྲོན་ཞུ་བར་ཕེབས་པ་བཀའ་ཆོས་ཀྱི་ཚིག་མཚམས་ནམ་མཁའ་དང་མཉམ་པ་ཞེས་པ་ཞིག་ལ་འགྲིགས་པས་བོད་དུ་ཕེབས་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་པའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་འབྱུང་བའི་རྟེན་འབྲེལ་དུ་མངོན།”
ཞེས་གསལ་བ་ལྟར་༸གོང་ས་སྐུ་ཕྲེང་བདུན་པ་དེ་ཉིད་གངས་ལྗོངས་སུ་ཕེབས་པའི་ཆིབས་ཀྱི་ཁ་ལོ་བསྒྱུར་བ་དང་།
བོད་ལྗོངས་སུ་ཕེབས། དུས་སྐབས་དེར་ཕོ་ལ་བ་དང་ཐུགས་ལོ་མི་མཐུན་པ་སོགས་ཀྱང་མང་དུ་བྱུང་ཡོད་པ་འབྲེལ་ཡོད་དག་ལས་གསལ་ཞིང་།
གཅིག་ནས་ཕོ་ལས་བས་རང་ཉིད་ཀྱི་སྲིད་དབང་ཡོངས་སུ་༸གོང་ས་བདུན་པར་སྤྲོད་མི་འདོད་པ་སོགས་གང་ཡིན་རུང་།
གང་ལྟར་དུས་སྐབས་དེར་ཕོ་ལ་བ་དང་གོང་ས་བདུན་པའི་དབར་མི་མཐུན་པ་མང་དུ་བྱུང་ནས་རྒྱལ་དབང་མཆོག་ལ་སྐུ་ངལ་ཆེན་པོ་བྱུང་ཞིང་།
རྗེས་སུ་ཕོ་ལ་བས་ཁྱད་པར་འཕགས་བསྟོད་དང་རྒྱལ་དབང་མཆོག་གི་ཞབས་བརྟན་སོགས་བརྩམས་པ་དང་།
བཀའ་འགྱུར་བསྐོས་པ། བྱམས་པ་བཞེངས་པ་སོགས་གནང་ནས་སྡིག་བཤགས་ཆེན་པོ་གནང་ཡོད་པར་མངོན།
༸གོང་ས་སྐུ་ཕྲེང་བདུན་པ་བོད་ཡུལ་དུ་ཕེབས་པ་དང་། ཁྲི་སྐོར་བཅུ་གསུམ་དབང་དུ་བསྒྱུར་བའི་བཀའ་གནང་བ་སོགས་ཀྱི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“པའི་ལི་ཕོ་ལྷ་བས་དངུལ་གྱི་མཎྜལ་ཐོགས་ཏེ། རྗེ་བླ་མ་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་ལས་བརྩམས་པའི་བསྔགས་བརྗོད་རྒྱས་པ་དང་།
མགར་ཐར་དུ་ཕེབས་རྗེས་སླར་བོད་དུ་ཕེབས་རྒྱུ་ཨེ་ཡོང་གི་རེ་བས་གངས་རིའི་ལྗོངས་ཀྱི་མཆོག་དམན་ཐམས་ཅད་ཀྱིས་གསོལ་བ་བཏབ་ཚུལ་དང་།
ད་ལྟ་བོད་དུ་ཕེབས་རྒྱུ་བྱུང་བ་ངེད་ཅག་ཐམས་ཅད་སྐལ་བ་ཤིན་ཏུ་བཟང་བས། སླད་ཀྱི་ཆར་མགོན་པོ་ཉིད་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་བསྟན་ཞིང་།
བསྟན་འགྲོའི་དོན་རླབས་ཆེན་མཛད་དགོས་ཞེས་སོགས་ཞུ་བ་ཤིན་ཏུ་རྒྱས་པ་ཕུལ། དེ་ལན་དུ་རྗེ་བླ་མ་མཆོག་ནས་ཀྱང་རང་རེ་ལ་དེ་ལྟ་བུའི་ལུང་རྟོགས་ཀྱི་ཡོན་ཏན་གདེངས་ཁེལ་བ་མེད་ཀྱང་འཇམ་དབྱངས་གོང་མ་ཆོས་ཀྱི་རྒྱལ་པོ་ན་རིམ་གྱི་བཀའ་དྲིན་ཆེན་པོས་བསྐྱངས་ཏེ།
ཞྭ་སེར་གྱི་བསྟན་པ་དང་། བོད་ཁྲི་སྐོར་བཅུ་གསུམ་གྱི་འཛིན་སྐྱོང་དགོས་ཚུལ་ལྕི་བས་གཏད་དེ་གཟེངས་བསྟོད་མཛད།
རང་ཐད་ནས་ཀྱང་དཀོན་ཅོག་ལ་གསོལ་བ་བཏབ་ནས་བསྟན་འགྲོར་ལྷག་བསམ་གང་ཆེ་བྱེད་ཁུལ་ཡིན་ཡང་།”
ཞེས་སོགས་གསལ་བ་ལྟར་༸གོང་ས་སྐུ་ཕྲེང་བདུན་པ་བོད་ལྷ་ལྡན་ཞིང་དུ་ཕེབས་ནས་ཕོ་ལ་བས་སླད་མ་འོངས་བོད་བསྟན་སྲིད་ཀྱི་ཆེད་དུ་ཞབས་པད་བརྟན་དགོས་པའི་གསོལ་འདེབས་ཞུས་པའི་ལན་དུ་༸གོང་ས་སྐུ་ཕྲེང་མདུན་པ་ལ་མཁྱེན་རྟོགས་ཀྱི་ཡོན་ཏན་རླབས་པོ་ཆེ་མེད་ཀྱང་གོང་མའི་བཀའ་བཞིན་བོད་ཁྲི་སྐོར་བཅུ་གསུམ་དབང་ལུང་བསྒྱུར་དགོས་པ་དང་།
ཕོ་ལ་བ་ཉིད་སོགས་མི་ཆེན་དག་གིས་ཀྱང་རོགས་སྐྱོར་དགོས་ཚུལ་སོགས་ཀྱི་བཀའ་གནང་ཡོད། འདི་ཡང་ཞྭ་སྒབ་པ་སོགས་ཀྱིས་གཏན་ནས་མ་གླེང་བའི་གནད་དོན་ཅིག་ཡིན་ཞིང་།
རྒྱལ་དབང་མཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་མཉྗུ་གོང་མའི་སྟངས་འཛིན་འོག་ཡོད་པ་ལྟ་བུ་དང་།
མཉྗུ་གོང་མའི་བཀའ་ཡིན་ཕྱིན་ཕྱག་བསྟར་གནང་དགོས་པ་ལྟ་བུའི་བཀའ་ལུང་གནང་ཡོད་ཅིང་། འདི་ལ་བརྟེན་ནས་མཉྗུའི་སྲིད་གཞུང་གིས་བོད་དུ་སྟངས་འཛིན་ནན་པོ་བྱེད་ཀྱིན་པའི་གནས་སྟངས་མཚོན་ཡོད།
སྤྱི་ལོ་༡༧༣༥ལོར་མཉྗུའི་གོང་མ་ཡུན་ཀྲི་དགོངས་པ་རྫོགས་པ་དང་པོ་ཏཱ་ལར་དགོངས་རྫོགས་ཆོས་འབྲེལ་རྒྱ་ཆེན་སྤེལ་བ་སོགས་རྣམ་ཐར་འདི་ཉིད་དུ་གསལ་ཞིང་།
གོང་མ་འདི་ཉིད་དགོསངས་པ་རྫོགས་པ་དང་ཆན་ལུང་གོང་མའི་ཁྲི་བཞུགས་པ་ཡིན།
༡༽༸གོང་ས་སྐུ་ཕྲེང་བདུན་པའི་སྐབས་ཕོ་ལ་བའི་སྲས་འགྱུར་མེད་རྣམ་རྒྱལ་སྲོག་ཐོག་བཏང་བ་དང་གོང་མ་ཆན་ལུང་གིས་བཀའ་ཡིག་ལན་གསུམ་གནང་བ་སོགས་ཀྱི་སྐོར་ལས་མཉྗུས་བོད་དུ་འཛིན་པའི་སྲིད་ཇུས་གླེང་བ།
སྤྱི་ལོ་༡༧༤༧ཙམ་ནས་ཝང་འགྱུར་མེད་རྣམ་རྒྱལ་ཡབ་ཕོ་ལ་བ་ལྟར་དུ་ཝང་གི་གོ་ས་གནང་བ་དང་།
བོད་ཁམས་ཡོངས་ལ་འཛིན་སྐྱོང་བྱེད་དགོས་པའི་བཀའ་གནང་བའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“སྐབས་དེར་གོང་མ་ཆེན་པོས་ད་ལའི་བཱ་ཐུར་ལ་ཕ་དུས་ལྟར་བོད་ཀྱི་ལས་དོན་བྱེད་རྒྱུའི་བཀའ་དང་ཇུན་དབང་གི་གོ་ས་སྩལ་བ་བཅས་ལ་ལེགས་སོར་སྟོན་མོའི་ཐོག་གྱོན་པ་ཆ་ཚང་གིས་གཙོས་དངོས་པོའི་གནང་སྦྱིན་གྱ་ནོམ་པ་གནང་སྟེ།
བཀའ་ལས་གོང་མ་ཆེན་པོས་བརྩེ་བས་བསྐྱངས་པའི་ཐུགས་རྗེ་དང་བཀའ་དྲིན་དུ་ཤེས་ནས་རྣམ་པ་ཐམས་ཅད་དུ་བཀའ་དང་དགོངས་པ་ལས་སྐད་ཅིག་ཀྱང་མི་འགལ་བར་ལར་རྒྱའི་བྱ་བ་གང་ཅིར་ཚུལ་བཞིན་བག་ཡོད་པ་སྤྱོད་དགོས་པ་སོགས་ཀྱི་ཞལ་ཏ་མཐར་ཕྱིན་པ་གནང་།
ཞེས་གསལ་བ་ལྟར་ཝང་འགྱུར་མེད་རྣམ་རྒྱལ་ཡབ་གྱི་གོ་སར་འབྱོར་བ་དང་། ཐོག་མའི་ཆར་ཆོས་ཕྱོགས་ཀྱི་བྱ་བ་སོགས་རླབས་ཆེན་མང་དུ་མཛད་མོད་ཀྱང་།
རིམ་བཞིན་བསམ་སྦྱོར་ངན་པར་གྱུར་ཅིང་། པཎ་ཆེན་རིན་པོ་ཆེ་ལྷ་སར་དབང་ཞུ་རུ་ཡོང་མ་བཅུག་པ་དང་།
རང་གི་གཅེན་པོ་བསད་པ། ༸གོང་ས་སྐུ་ཕྲེང་བདུན་པར་མི་འདོད་པའི་བྱ་བ་དང་རྣམ་འགྱུར་མང་དུ་བརྩམས་པ།
རྒྱལ་དབང་མཆོག་གི་དྲུག་ཡིག་ལ་ཡང་གནག་སེམས་མང་དུ་འཆང་བ་དང་། འབངས་མི་ལ་མནར་གཅོད་ཚད་མེད་གཏོང་བ་སོགས་མདོར་ན་ཆབ་སྲིད་ཀྱི་དབང་ཤུགས་བེད་སྤྱད་ནས་མ་རུང་བའི་ལས་དོན་མང་དུ་བྱས་པ་དང་མཉྗུའི་སྲིད་གཞུང་ལ་ཡང་ངོ་ལོག་ལྟ་བུ་བྱས་པར་བརྟེན།
རྒྱལ་དབང་མཆོག་ནས་ཀྱང་བཀའ་སློབ་མང་དུ་བསྩལ་བ་མ་ཉན་པ་དང་། ལོག་པའི་ལམ་མམ་རང་གཞན་ཕོངས་བའི་བྱ་བ་འབའ་ཞིག་བརྩམས་པར་བརྟེན་མཐར་རང་ཉིད་ཀྱི་སྲོག་ཀྱང་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཅིང་།
འདིར་ཡོད་ཚད་བརྗོད་པར་མི་ནུས་ཤིང་། ཝང་འགྱུར་མེད་རྣམ་རྒྱལ་མཉྗུ་གོང་མས་སྲོག་ཐོག་བཏང་བའི་སྐོར་ནི་<<དཔག་བསམ་རིན་པོ
ཆེའི་སྙེ་མ་>>ལས། “གོང་མ་ཆེན་པོ་ནས་ལྷ་སར་སྡོད་མི་ཏཱ་ཞིན་ཕུ་ཆིན་དང་ལབ་ཏུན་གཉིས་ལ་བཀའ་ཕབ་ཡོད་འདུག་གཤིས་ཧོར་ཟླ་བཅུ་པའི་ཚེས་བཅུ་གསུམ་གྱི་ཉིན་ཏཱ་ཞིན་གཉིས་ནས་ཝང་འགྱུར་མེད་རྣམ་རྒྱལ་ཐབས་འཕྲུལ་གྱེས་ཁྲོམ་གཟིགས་ཁང་དུ་བོས་ནས་ཁོ་པའི་སྲོག་ལ་བཀའ་ཁྲིམས་ཆད་པ་ཕབ།”
ཞེས་གསལ་བ་ལྟར་གཡོ་ཐབས་ཀྱིས་བསད་པ་དང་། ཝང་འགྱུར་མེད་རྣམ་རྒྱལ་གྱི་ཕྱོགས་གཏོགས་ཡོངས་ཀྱིས་མ་རུང་བའི་བྱ་བ་མང་དུ་བརྩམས་པ་བཀག་འགོག་ཆེད་དེ་དག་ལ་༸གོང་ས་སྐུ་ཕྲེང་བདུན་པས་བཀའ་ཡིག་གནང་བ་དང་།
སྦྱར་ཡིག་སྦྱར་བ་སོགས་ཀྱི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“ཡང་བསྐྱར་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་སྐུ་ངོས་ཀྱིས་ཕེབས་པ་དང་། བོད་སོག་བྱིངས་ལ་སྦྱར་ཡིག་ཁྲོམ་བསྒྲགས་སུ་གནང་ན་ཕན་ཆ་ཨེ་ཡོང་དགོངས་ཏེ་བཀའ་ཤོག་གི་བརྗོད་དོན་ལ།
གོང་མ་ཆེན་པོ་འགྱུར་མེད་རྣམ་རྒྱལ་ལ་དགོངས་པ་ཚོམས་པས་ཏཱ་ཞིན་གཉིས་ནས་བཀའ་ཁྲིམས་ཀྱིས་ཚར་བཅད་རྗེས་ད་ཆ་ཁྱོད་ཚང་མ་རང་ཚོད་བཟུང་ནས་སྡོད་མཁས་ལས་གོང་མ་ཆེན་པོའི་སྐུ་ཚབ་ལ་དོ་བསྡོ་བ་སོགས་སུས་ཀྱང་ཐལ་ཆ་བྱས་ན།
གོང་མ་ཆེན་པོ་གནམ་དང་ཁྱད་མེད་ཀྱི་བཀའ་ཁྲིམས་བཙན་བརྗོད་ཆེ་བས་འཕྲལ་ཕུགས་དང་། སྤྱི་སྒོས་ཐམས་ཅད་དུ་ཅིས་ཀྱང་མི་ལེགས་པས་ཀུན་གྱིས་བག་ཡོད་པར་སྤྱོད་དགོས་ཞེས་ལྷ་ལྡན་གྱི་ཕྱོགས་ཕན་ཚུན་རྣམས་དང་རྡོ་རིང་བཅས་ལ་སྦྱར་བས་བསམ་ཡོད་བྱིངས་རྣམས་བཀའ་དང་བླངས་ཀྱིས་རང་ཚོ་བཟུང་སྟེ་བསྡད་འདུག་ནའང་།
བློ་བཟང་བཀྲ་ཤིས་དང་། ཡ་སོར་གཉིས་སོགས་ལ་འཕུང་འདྲེ་ཁོག་ཏུ་ཞུགས་ཏེ་བརྩི་འཇོག་ཅི་ཡང་མེད་པར་ཁྲི་ཆེན་རྡོ་རྗེ་འཆང་སོགས་ལའང་མཆོན་རྩེ་བསྟད་མི་འཚམ་པའི་ཚིག་མང་དུ་ལབ་པ་དང་།”
ཞེས་སོགས་གསལ་བ་ལྟར་རྒྱལ་དབང་མཆོག་གི་བཀའ་ལ་ཡང་མ་རྩི་བའི་ལོག་སྤྱོད་མང་དུ་སྤེལ་བ་དང་མཉྗུའི་སྐུ་ཚབ་གཉིས་ཀྱང་སྲོག་བཅད་པ་སོགས་བྱུང་བས།
མཉྗུ་གོང་མས་རྒྱལ་དབང་སྐུ་ཕྲེང་བདུན་པ་དང་པཎྜི་ཏ་གཉིས་ལ་བཀའ་ཡིག་ལན་གསུམ་གནང་།
མཉྗུའི་གོང་མ་ཆན་ལུང་གིས་གནང་བའི་བཀའ་ཡིག་དག་ཧ་ཅང་རྒྱས་ཤིང་།
འདིར་ཡིག་ཚོགས་མང་བར་དོགས་ནས་དྲངས་མ་ཐུབ་ཀྱང་། དཔག་བསམ་རིན་པོ་ཆེིའི་སྙེ་མའི་ཤོག་ངོས་༧༥༤ནས་རིམ་པས་གསལ་བ་རྣམས་ཀྱི་ནང་དོན་རིམ་བཞིན་མདོར་བསྡུས་པའི་ཚུལ་གྱིས་བཞུས་ན།
སྤྱི་ལོ་༡༧༥༡ཙམ་ནས་མཉྗུའི་གོང་མ་ཆན་ལུང་གིས་བོད་དུ་བཀའ་ཡིག་ཆེན་པོ་ཐེངས་གསུམ་བསྒྲགས་ཡོད་པ་ལས།
དང་པོ་ནི་༸གོང་ས་ཏཱ་ལའི་བླ་མ་དང་དུས་སྐབས་དེར་བཀའ་བློན་གྱི་ལས་ཚབ་འཛིན་པ་གུང་པཎྜི་ཏ་གཉིས་ལ་ཕབ་པ་ཡིན་པ་དང་།
གཉིས་པ་ནི་༸གོང་ས་སྐུ་ཕྲེང་བདུན་པར་ཕབ་པའི་བཀའམ་ཡོངས་གྲགས་སུ་ནང་བཀའ་ཞེས་འབོད། གསུམ་པ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕབ་པའི་བཀའ་ཡིན།
བཀའ་ཡིག་( དང་པོའི་ནང་དོན་སྙིང་བསྡུས་སུ་བཀོད་ན། ཝང་འགྱུར་མེད་རྣམ་རྒྱལ་གོང་མ་ཉིད་ནས་ཝང་གི་གོ་སར་བསྐོས་ནས་སློབ་སྟོན་ཡང་ཡང་གནང་བ་ཡིན་མོད་ཀྱང་།
མ་རུང་བའི་བསམ་སྦྱོར་མང་དུ་སྤེལ་བ་དབུས་གཙང་དུ་སྡོད་པའི་ཨམ་བན་གཉིས་ནས་གསན་བྱུང་བ་དང་།
མཐར་ཏཱ་ལའི་བླ་མའི་སྐུ་སྲོག་ལ་ཡང་རྒོལ་ཤས་ཆེ་བར་དགོངས་ནས་བཀའ་བཞིན་སྲོག་ཐོག་བཏང་བ།
དེ་ཐམ་ཅད་ཏཱ་ལའི་བླ་མའི་ཆེད་དུ་ཡིན་པ་དང་། ཏཱ་ལའི་བླ་མས་མི་ངན་རྗེས་མཇུག་ཡོངས་སུ་རྫོགས་པ་འཛིན་བཟུང་དང་བཀའ་བསྒྲགས་པར་བསྟོད་པ་གནང་བ།
ཝང་འགྱུར་མེད་རྣམ་རྒྱལ་ལ་ཇུན་ཝང་གི་གོ་ས་སྤྲོད་པ་འོས་མེད་ཀྱང་གོང་མ་རང་གིས་ནོངས་པར་བསམས་ནས་འགྱོད་པ་ཆེན་པོ་ཡོད་པ།
ཝང་འགྱུར་མེད་རྣམ་རྒྱལ་ནས་རང་ཉིད་ཀྱི་གཅེན་པོ་དམར་གསོད་བཏང་བ་སོགས་གོང་མས་ཤེས་ཡོད་པ་དང་།
དེ་མིན་གྱི་འབྱོར་བ་མང་དུ་སྤེལ་བ་ཡང་གོང་མས་ཤེས་ཡོད་པ། རྗེས་ཕྱོགས་བཀའ་བློན་རྣམས་ལ་དབང་ཚད་ཡོངས་སུ་སྤྲོད་མི་ཉན་པའི་བསླབ་བྱ་གོང་མ་ཉིད་ལ་ཐོབ་པའི་སྐོར་དང་།
པཎྜི་ཏའི་མཛད་པ་ལ་བསྟོད་པ་དང་། ཨམ་བན་གཉིས་སྐྱོབས་མ་ཐུབ་པར་འགྱོད་པ་ཡོད་པ། གུང་པཎྜི་ཏ་རང་ཉིད་ཏཱ་ལའི་བླ་མའི་རོགས་བྱས་ནས་བཀའ་བློན་གྱི་གོ་སར་འདུག་དགོས་པའི་བཀའ་གནང་བ་དང་རྗེས་ཕྱོགས་བྱ་བ་མང་པོ་སྒྲུབ་དགོས་པའི་སྐུལ་མ་གནང་བ། འགྱུར་མེད་ཚེ་བརྟན་གྱི་བུ་ལ་གུང་གི་གོ་ས་སྤྲོད་དགོས་པ།
ཡང་ཟླ་བ་བཅུ་པའི་ནང་ཕུ་ཆིན་དང་ལབ་ཏུན་ལ་ཕབ་པའི་བཀའ་དང་། ཟླ་བ་བཅུ་གཅིག་པའི་ནང་འགྱུར་མེད་རྣམ་རྒྱལ་ལ་ཕབ་པའི་བཀའ་རྣམས་བོད་དུ་འབྱོར་ཡོད་མེད་བརྟག་དགོས་པ་དང་།
འབྱོར་ཡོད་ཚེ་བོད་ཁམས་ཡོངས་སུ་བསྒྲགས་ནས་ཀུན་གྱིས་གོ་བར་བྱེད་དགོས་པ། ལས་དོན་ཇི་བྱུང་གོང་མར་ཡར་ཞུ་མགྱོགས་མྱུར་བྱེད་དགོས་པ།
བཀའ་འདི་ཉིད་བོད་ཁམས་ཡོངས་སུ་མ་ཐོས་པ་མེད་པར་བསྒྲགས་དགོས་པ་སོགས་ཀྱི་བཀའ་ཡིག་རྒྱས་པ་དང་པོ་དེ་གནང་བ་དང་།
བཀའ་ཡིག་གཉིས་པའི་ནང་དོན་མདོར་བསྡུས་སུ་བཀོད་ན། སྔ་སོར་འགྱུར་མེད་རྣམ་རྒྱལ་གྱིས་ཏཱ་ལའི་བླ་མར་བཀུར་སྟི་ལེགས་པོ་མ་བྱས་པ་དང་།
ཝང་འགྱུར་མེད་རྣམ་རྒྱལ་གྱིས་གོང་མའི་བཀའ་ལ་མི་ཉན་པ་དང་། ལས་ངན་མང་དུ་བྱས་གོང་མས་བཀའ་ཕབ་ནས་ཁོ་བ་མེད་པར་བཟོས་པ་དང་།
དེ་རྗེས་ཏཱ་ལའི་བླ་མས་བོད་ཁུལ་དུ་དམག་འཁྲུག་བྱེད་མི་རུང་བའི་དྲིལ་བསྒྲགས་པར་བསྟོད་པ་གནང་བ།
གོང་མ་ཉིད་ནས་སྔོན་ནས་ད་ལྟའི་བར་དུ་ཞྭ་སེར་བསྟན་པའི་དོན་དུ་དང་ཏཱ་ལའི་བླ་མའི་བདེ་འཇགས་ཀྱི་དོན་དུ་འབད་པ་གནང་གི་ཡོད་པ།
གོང་མ་ཉིད་ནས་དམག་དཔུང་བཏང་ནས་དབུས་ཁུལ་གྱི་ཟིང་འཁྲུག་འཇོམ་ཆེད་དམག་དཔུང་བཏང་ཡོད་པ་དང་དེའི་སྔོན་དུ་པཎྜི་ཏ་མཆོག་ནས་འགྱུར་མེད་རྣམ་རྒྱལ་གྱི་ཕྱོགས་ཡོངས་སུ་འཛིན་བཟུང་དགོས་པའི་བཀའ་གནང་ཡོད།
ཏཱ་ལའི་བླ་མ་ཐུགས་ལྷོད་པོར་བཞུགས་དགོས་པ་དང་ཞུ་དགོས་ངེས་ཀྱི་ཡི་གེ་དུས་ཐོག་ཏུ་སྤྲོད་དགོས་པ་སོགས་ཀྱི་བཀའ་ཡང་གནང་ཡོད།
བཀའ་ཡིག་འདི་དག་རྡོ་རིང་པཎྜི་ཏའི་རྣམ་ཐར་སྟོད་ཆར་ཡང་གསལ་བས་འདིར་མ་བཀོད། འོན་ཀྱང་ཝང་འགྱུར་མེད་རྣམ་རྒྱལ་གྱི་སྒྲུབ་དོན་སྙིང་པོ་ནི་བོད་མཉྗུ་ལས་ལོགས་སུ་ཡོངས་ཐབས་གནང་ཡོད་པར་སྙམ་མོད།
ཝང་འགྱུར་མེད་རྣམ་རྒྱལ་ལ་རྒྱབ་རྟེན་དཔུང་རོགས་མེད་པས་བསམ་སྦྱོར་དེ་དག་ལེགས་གྲུབ་མ་བྱུང་བར་མངོན།
བཀའ་ཡིག་གསུམ་པའི་ནང་དོན་སྙིང་བསྡུས་སུ་བཀོད་ན། ཏཱ་ལའི་བླ་མས་ཨམ་བན་གཉིས་ཀྱི་སྐུ་སྲོག་སྲུང་སྐྱོབ་མ་ཐུབ་པའི་རྒྱུ་མཚན་དང་པཎྜི་ཏས་མི་ངན་གྱི་ཕྱོགས་གཏོགས་ཡོངས་སུ་འཛིན་བཟུང་ཐུབ་ཡོད་པ།
བོད་ཀྱི་ས་ཐམས་ཅད་བདེ་འཇགས་ངག་ཡོད་པ་གོང་མས་གཟིགས་ནས་ཤིན་ཏུ་དགའ་བོ་བྱུང་བ་དང་། ཏཱ་ལའི་བླ་མའི་དགོངས་པ་དང་གོང་མའི་དགོངས་པ་ཤིན་ཏུ་མཐུན་པ།
གོང་མའི་ཨམ་བན་བོད་དུ་འབྱོར་ནས་ལེགས་ཉེས་དབྱེ་འབྱེད་བྱ་རྒྱུ་ཡིན་པ་དང་། ཏཱ་ལའི་བླ་མ་མཆོག་ནས་ཐོས་བརྩོན་ལེགས་པོ་གནང་དགོས་པ།
རྟ་ཟམ་བརྒྱུད་ནས་ཏཱ་ལའི་བླ་མར་སྐྱེས་བཟང་པོ་ཕུལ་ཡོད་པ། སོགས་ནང་དོན་ཕྱོགས་བསྡུས་ན་དེ་དག་གི་ནང་དུ་བསྡུས་ཡོད་ཅིང་།
འདི་ནི་བོད་ཆོས་ལྡན་རྒྱལ་ཁབས་ཀྱི་ཆབ་སྲིད་ཕོ་འགྱུར་རིང་པོའི་ཁྲོད་མཉྗུའི་སྲིད་གཞུང་ནས་བཀའ་ཡིག་གནང་བ་རིང་ཤོས་དང་།
མཉྗུའི་སྲིད་གཞུང་ནས་བོད་ཀྱི་ལས་དོན་ལ་ཤུགས་ཆེའི་ནུས་པ་འདོན་བཞིན་པ་མངོན་པར་གསལ་བའི་ཡིག་ཆ་ཞིག་ཡིན།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་རིམ་པས་གོང་ས་སྐུ་ཕྲེང་བདུན་པའི་བར་བོད་དུ་ཟང་ཟིང་གི་དུས་འཁྲུག་འདྲ་མིན་མང་དུ་བྱུང་བའི་བརྒྱུད་རིམ་ཁྲོད་མཉྗུའི་སྲིད་གཞུང་གིས་བོད་དུ་སྟངས་འཛིན་བྱེད་པའི་དབང་ཤུགས་ལོ་རེ་བཞིན་ཆེ་རུ་སོང་བ་དང་།
ཁྱད་པར་༸གོང་ས་སྐུ་ཕྲེང་བདུན་པ་ཁྲི་ལ་འཁོད་པ་ནས་བཟུང་མཉྗུའི་སྲིད་གཞུང་གི་དབང་ཚད་སྔར་ལས་ཇི་ཆེར་སོང་བ་ཡིན།
སྔོན་དུ་བཀའ་བློན་བསྐོ་འཇོགས་བྱེད་པའི་ལས་དོན་སོགས་ལས་བསླབ་བྱ་བླངས་ནས་མཉྗུའི་གོང་མས་བཀའ་ཡིག་འདི་དག་གནང་བ་ཡིན་ཞིང་།
རིམ་པས་བཀའ་ཤག་ལས་ཁུངས་བཙུགས་པ་དང་། བཀའ་བློན་གསར་པ་བསྐོ་འཇོགས་བྱས་པ་སོགས་ཀྱི་བཀའ་ཡིག་འདི་དག་གི་ནང་དོན་དང་འབྲེལ་བ་དམ་ཟམ་ཡོད་ཅིང་།
ཇུན་གར་བའི་དམག་དཔུང་མཐར་སྤྲོད་བཏང་བ་དང་། ༸གོང་ས་སྐུ་ཕྲེང་བདུན་པ་ལི་ཐང་ཕྱོགས་སུ་གདན་ཞུ་གནང་བ་སོགས་ཀྱང་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་།
ཁྱད་པར་དུ་ཇུན་གར་བའི་དམག་དཔུང་བོད་ནས་ཕྱིར་འབུད་བཏང་བ་དང་བོད་ཁུལ་དུ་བཀའ་བློན་བསྐོ་འཇོགས་སོགས་ཀྱི་ལས་དོན་ལ་ཡང་མཉྗུའི་སྲིད་གཞུང་གིས་ཐེ་གཏོགས་གང་ཙམ་གནང་ཡོད་ཅིང་།
དབུས་གཙང་དུས་འཁྲུག་སོགས་བོད་ཀྱི་ཆབ་སྲིད་སྙོག་གླེང་མང་པོའི་ཁྲོད་མཉྗུའི་སྲིད་གཞུང་ལ་ཐོབ་བཀའ་བའི་གོ་སྐབས་མང་པོ་ཞིག་ཐོབ་ཡོད་ཅིང་།
དཔེ་མཚོན་ཙམ་དུ་ཞུས་ན་ཇུན་གར་བ་དང་བོད་དམངས་ཀྱི་འགལ་ཟླ་དང་། ཚང་དབྱངས་རྒྱ་མཚོའི་བྱ་སྤྱོད།
བཀའ་བློན་ནང་འཁྲུག་དང་། འགྱུར་མེད་རྣམ་རྒྱལ་གྱི་བྱ་སྤྱོད་སོགས་ཕྱོགས་མང་པོར་བོད་ཁུལ་དུ་བྱུང་བའི་ཟང་ཟིང་གི་གནས་སྐབས་དེ་དག་ནི་མཉྗུ་སྲིད་གཞུང་ལ་མཚོན་ན་བོད་ལ་དབང་ཤུགས་སྤེལ་བའི་གོ་སྐབས་ཤིག་ཡིན་པ་དང་།
བོད་ནང་གི་མི་ཆེན་བཀའ་བློན་རྣམས་དང་༸གོང་ས་མཆོག་སོགས་ཀྱང་རང་ཉིད་ལ་སྟོབས་ཤུགས་མེད་པའི་སྐབས་གཞན་ཞིག་གིས་རྒྱབ་བརྟེན་དཔུང་རོགས་གནང་བར་དགའ་བསུ་མི་བྱེད་པ་མི་སྲིད་ཅིང་།
སྟོབས་ཞན་པའི་དགའ་ལྡན་ཕོ་བྲང་པ་ལ་མཚོན་ན་དུས་སྐབས་དེར་སྟོབས་ཆེ་བའི་རྒྱལ་ཁབ་གང་ཞིག་གིས་ཀྱང་དབང་བསྒྱུར་བྱེད་སླ་བ་ཡིན།
མདོར་ན་ཆབ་སྲིད་ཀྱི་ཡོ་ལངས་དང་སྤྱི་ཚོགས་སོ་སོའི་སྟོབས་ཤུགས་སོགས་མང་པོ་ཞིག་ལ་བརྟེན་ནས་བོད་ཀྱི་ཆབ་སྲིད་ལ་འཕོ་འགྱུར་རབས་དང་རིམ་པ་བྱུང་བ་དང་།
མཉྗུའི་སྲིད་གཞུང་ལ་ཡང་བླ་ན་མེད་པའི་དབང་ཤུགས་ཡོད་པའི་ཐོག་ཐོབ་བཀའ་བའི་གོ་སྐབས་མང་པོ་ཞིག་ཐོབ་པ་ལ་བརྟེན་ནས་དུས་སྐབས་དེར་བོད་ཁུལ་དུ་ཡོངས་སུ་དབང་བསྒྱུར་བྱེད་པའི་གོ་སྐབས་བྱུང་ཡོད།
༸གོང་ས་སྐུ་ཕྲེང་བདུན་པ་དབུས་ཕྱོགས་སུ་ཕེབས་པ་དང་། ཝང་འགྱུར་མེད་རྣམ་རྒྱལ་ལ་ཝང་གི་གོ་ས་གནང་ནས་མཐར་སྲོག་ཐོག་བཏང་བ་དང་། མཉྗུའི་གོང་མ་ཆེན་པོས་བཀའ་ཡིག་ལན་གསུམ་ལ་སྦྱོར་ནས་བོད་ཆོས་ལྡན་ཞིང་གི་བླ་ན་མེད་པའི་དབུ་ཁྲིད་དུ་༸གོང་ས་སྐུ་ཕྲེང་བདུན་པ་ཉིད་ཕེབས་དགོས་པའི་བཀའ་བྱོར་བ་དང་།
དུས་མཚུངས་སུ་བོད་ལ་བཀའ་ཤག་ལམ་ལུགས་གསར་དུ་བཙུགས་ནས་ལོ་ངོ་བརྒྱ་ཕྲག་གི་བར་དུ་གནས་པ་བྱུང་ཡོད་ཅིང་།
སྤྱི་ལོ་༡༧༥༡ལོར་བཀའ་ཤག་ལམ་ལུགས་དེ་ཉིད་ཇི་ལྟར་བཙུགས་པའི་སྐོར་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“སྐབས་འདིར་གོང་མའི་མི་དྲག་རྣམས་ནས་གོང་མ་ཆེན་པོའི་བཀའ་སྔར་ཕན་ཆད་བོད་ཀྱི་དཔོན་རྣམས་ནས་སྲིད་ཀྱི་འགན་ལེན་བྱས་ཀྱང་།
རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཞབས་འདེགས་མི་ཡོང་བར་མ་ཟད་ཆབ་སྲིད་ཀྱི་ལར་རྒྱ་ལའང་མི་འཚམ་པ་དུ་མ་བྱུང་ཞིང་།
བོད་འབངས་སྤྱི་ལའང་ཕན་པ་མ་བྱུང་འདུག་པས། ད་ནས་ཆོས་སྲིད་ཐམས་ཅད་ཀྱི་འགན་འཁུར་རྗེ་བླ་མ་ཉིད་ནས་བཞེས་ན།
ཞྭ་སེར་གྱི་བསྟན་པ་དང་ཆབ་སྲིད་ཆེན་པོར་ཕན་སླེབས་ཤིན་ཏུ་ཆེ་བས་ངེས་པར་དུ་དེ་ལྟར་མཛད་དགོས་ཤིང་།
ཞབས་ཕྱིར་བཀའ་བློན་བཞི་བསྐོ་ཞེས་བཀའ་ཕབ་པའི་དོན་བཞིན། སྐུ་མདུན་དུ་མི་དྲག་རྣམས་དང་བཀའ་བགྲོས་ཐོག་གུང་པཎྜི་ཏའི་ཟླ་བོར།
ཛ་སག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་ཛ་སག་ཐོན་པ་སྲི་ཆོད་ཚེ་བརྟན་གཉིས་གང་ཅིར་ལྷག་བསམ་དྲང་ཞིང་ན་ཚོད་ཀྱང་རྒན་པ་བཅས་བཀའ་བློན་གྱི་ལས་ཀ་བྱེད་པ་དང་།
རྗེ་རང་གི་སྐུ་མདུན་ཞབས་ཕྱིའི་གྲས་ནས་ཐུགས་བློ་ཁེལ་བ་ཞིག་བསྐོ་དགོས་ཚུལ་བྱུང་བ་བཞིན་མགྲོན་གཉེར་དར་ཧན་ཉི་མ་རྒྱལ་མཚན་བཀའ་བློན་དུ་བསྐོ་བཞག་མཛད་པ་གོང་མ་ཆེན་པོའི་དགོངས་པར་ཡང་འབྱོར་ཏེ་མི་རིང་བར་ཉི་མ་རྒྱལ་མཚན་ལ་ཛ་སག་བླ་མའི་ཆོ་ལོའི་བདག་རྐྱེན་ཡང་སྩལ།”
ཞེས་གོང་མའི་བཀའ་བཞིན་དུ་གཞུང་ས་དགའ་ལྡན་ཕོ་བྲང་པའི་བཀའ་ཤག་ལམ་ལུགས་གསར་དུ་བཙུགས་པ་དང་།
བཀའ་བློན་བཞི་གསར་འདེམས་མཛད་པ་སོགས་གསལ་ཞིང་། སྤྱིར་བཀའ་ཤག་ལྷན་རྒྱས་མང་མོས་ཀྱི་ཐོག་ནས་ཐག་གཅོད་གནང་བ་ཞིག་ཡིན།
འོན་ཀྱང་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སོགས་སུ་བཀའ་ཤག་བཀོད་པ་ཙམ་ལས་གོང་མའི་བཀའ་ཡིན་པའི་ལུངས་འདྲེན་གང་ཡང་གནང་མེད་ཅིང་།
འདི་འདྲ་བའི་གནད་དོན་མང་པོའི་ཐོག་ཁ་གསལ་མེད་པར་རང་སོར་བཞག་ཡོད།
གཞན་ཡང་བཀའ་ཤག་ལས་ཁུངས་གསར་འཛུགས་གནང་བ་དང་དུས་མཚུངས་སུ་རྩ་འཛིན་དོན་ཚན་བཅུ་གསུམ་ཞེས་པ་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དང་།
དེའི་སྐོར་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་དུ་གང་ཡང་མ་གསལ་ལ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས་རྩ་འཛིན་དོན་ཚན་བཅུ་གསུམ་རེ་རེ་ནས་དྲངས་པ་དང་འགྲེལ་བརྗོད་གནང་ཡོད་ཅིང་།
བདེན་འཛུན་གང་ཡིན་རུང་བདག་གིས་ད་བར་རྩ་འཛིན་དོན་ཚད་བཅུ་གསུམ་རེ་རེ་ནས་དྲངས་པ་ཆབ་སྤེལ་གྱིས་དྲངས་པ་དེ་ལས་གཞན་པ་མ་མཐོང་ཞིང་།
རྒྱལ་མོ་འབྲུག་པ་མཆོག་ནས་རྩ་འཛིན་དོན་ཚན་བཅུ་གསུམ་ཞེས་པའི་ནང་དོན་སྙིང་བསྡུས་ཀྱི་ཚུལ་དུ་བཀོད་འདུག་ཅིང་།
འདི་ནི་མཉྗུའི་གོང་མ་ཆེན་པོས་གཙོས་༸གོང་ས་མཆོག་དང་བོད་ཀྱི་བཀའ་བློན་དང་མཉྗུའི་ཨམ་བན་སོགས་ནས་གཏན་འཁེལ་གནང་བ་ཞིག་ཡིན་པར་གསལ་ཞིང་།
འདིའི་སྐོར་ཡིག་ཆ་རྙིང་པ་གཞན་དང་གཞན་དུ་གསལ་ཁ་ཡོད་སྲིད་ཀྱང་བདག་གིས་མཐོང་བ་ནི་<<དཔག་བསམ་རིན་པོ་ཆེའི་སྙེ་མ་>>ལས།
“སྐབས་འདིར་སེར་འབྲས་དགའ་གསུམ་གྱི་བླ་མ་ལས་སྣེ་རྣམས་དང་། བཀའ་བློན་མདའ་དཔོན་སོགས་དྲུང་འཁོར་ཆེ་གྲ་མཐའ་དག་བསྡུས་ཏེ།
གོང་མ་ཆེན་པོའི་མི་དྲག་རྣམས་ནས་བོད་ཀྱི་ལས་ཀ་དོན་ཚན་བཅུ་གསུམ་དུ་བཀོད་པའི་དོན་རྣམས་དྲིལ་བསྒྲགས་ཤིང་།
གཙོ་བོ་སེར་སྐྱ་ཚང་མས་གོ་ཞིང་ངེས་དགོས་རྒྱུར། རྡོ་རྗེ་འཆར་ཏཱ་ལའི་བླ་མ་འདི་ཁོ་ན་བོད་གངས་ཅན་གྱི་མགོན་པོ་ཡིན་པས།
གོང་མ་ཆེན་པོས་དགོངས་པ་ཁྱད་པར་ཅན་གྱིས་རྒྱལ་བའི་བསྟན་པ་དར་བ་དང་འགྲོ་བ་ཐམས་ཅད་བདེ་འཇགས་ཀྱི་ཆེད་དུ།
སྔར་ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་སྐུ་དུས་ལྟར་བོད་ཀྱི་ལར་རྒྱའི་དོན་ཐམས་ཅད་རྡོ་རྗེ་འཆར་ཏཱ་ལའི་བླ་མ་རང་གིས་མཛད་དགོས་ཀྱི་མངའ་གསོལ་གཟེངས་བསྟོད་ཕུལ་བ་ཡིན་པ་ལ།
ཁྱོད་བླ་མ་སེར་མོ་བ་དང་སྡེ་པ་མི་དྲག་སོགས་བོད་ཀྱི་སེར་སྐྱ་ཐམས་ཅད་ནས། གཅིག་ནས་དུས་རྟག་ཏུ་བདེ་སྐྱིད་དང་ལྡན་པ་ཡོང་།
དེ་ལས་འགོང་ན་གོང་མ་ཆེན་པོའི་བཀའ་ཁྲིམས་བཙན་འཇིགས་ཆེ་བ་ཤེས་གསལ་བཅས་མཐའ་དག་ནས་ངེས་པར་གྱིས་ལ་རྟག་ཏུ་བདེ་སྐྱིད་ལ་སྤྱད་ཆོག་པའི་བླང་དོན་ཡང་དག་པ་བྱེད་དགོས་ཞེས་པའི་བཀའ་ཕབ།”
ཞེས་གསལ་འདུག་པ་ལྟར་ན་དུས་སྐབས་དེར་མཉྗུའི་གོང་མ་མཆོག་ནས་རྩ་འཛིན་དོན་ཚན་བཅུ་གསུམ་འདི་དག་བཀའ་གནང་བ་ཞིག་ཡིན་པར་གསལ་ཞིང་།
<<རྡོ་རིང་པཎྜི་ཏའི་རྣམ་ཐར་>>ལས། “དེ་ནས་མི་རིང་བར་རྩ་ཚིག་དོན་ཚན་བཅུ་གསུམ་པའི་དགོངས་དོན་བཞིན་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་འདེགས་མི་རྗེ་བཀའ་དྲིན་ཅན་བཀའ་བློན་ནོ་ཡོན་གུང་པཎྜི་ཏ་སྔོན་ཡོད་ཀྱི་ཐོག་ཏུ་ལས་རོགས་འབྲེལ་ཟླར་རག་ཤག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་།
ཐོན་པ་སི་གཅོད་ཚེ་བརྟན། སེར་མོ་བ་ཉི་མ་རྒྱལ་མཚན་བཅས་ལ་ཛ་སག་གི་ཆོ་ལོས་གཟེངས་བསྟོད་དེ་བཀའ་བློན་གྱི་ལས་འཁུར་དུ་གོང་མ་མཆོད་ཡོན་བཀའ་བགྲོས་ཀྱི་སྟེང་ནས་བསྐོ་གཞག་སྩལ་བ་དང་སྟབས་མཚུངས།”
ཞེས་སོགས་གསལ་བའི་ནང་དུ་རྩ་ཚིག་དོན་ཚན་བཅུ་གསུམ་གྱི་བཀོད་ཁྱབ་བཞིན་བཀའ་བློན་བསྐོ་བཞག་གནང་བ་དང་།
དྲུང་ཡིག་སོགས་བཀོད་པའི་སྐོར་འཁོད་འདུག་པ་ལས་རྩ་ཚིག་གམ་རྩ་འཛིན་དོན་ཚན་བཅུ་གསུམ་གང་དང་གང་ཡིན་གསལ་ཆ་མི་འདུག
འབྲེལ་ཡོད་ཡིག་རིགས་གཞན་དང་གཞན་ལས་ངོས་འཛིན་གང་མཛད་སོགས་ལ་ཞིབ་དཔྱད་དགོས་ངེས་སུ་མཐོང་།
གོང་གསལ་ལྟར་ཆབ་སྤེལ་སོགས་ཀྱིས་དྲངས་པའི་རྩ་འཛིན་དོན་ཚན་བཅུ་གསུམ་དེ་དག་དངོས་ཡོད་ཡིན་མིན་རང་རང་གི་ངོས་ནས་བརྟག་དགོས་ཤིང་།
ཡོད་ཚད་འདིར་འབྲི་བའི་ངལ་བ་མ་བྱས་ཤིང་། དགོས་པ་ཡང་ཆེར་མེད་པར་མ་འབྲིས་སོ།
འདི་ལྟར་གོང་དུ་མཉྗུའི་གོང་མ་དང་པོ་ནས་བཞི་པའི་བར་དང་། ༸གོང་ས་སྐུ་ཕྲེང་ལྔ་པ་ནས་བདུན་པའི་བར་དུ་མཉྗུའི་སྲིད་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་སྐོར་ལ་ལོ་རྒྱུས་ཀྱི་ནད་དོན་གལ་ཆེ་བ་འགའ་ཞིག་གི་ཐོག་ནས་དཔྱད་པ་བྱ་ཁུལ་བགྱིས་ལ།
སྤྱིར་མི་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་འདི་ལྟར་དུས་ཡུན་ཐུང་ཐུང་དང་།
རྒྱུ་ཆ་ཉུང་ཉུང་ཞིག ཁྱད་པར་དུ་བོད་སྐད་ཡིག་ལས་མི་ཤེས་པའི་མི་ཞིག་གིས་དུས་སྐབས་དེར་མཉྗུས་བོད་དུ་འཛིན་པའི་སྲིད་ཇུས་དང་།
དུས་སྐབས་སོ་སོའི་ཆབ་སྲིང་འཕོ་འགྱུར་སོགས་ལ་འགྲེལ་བརྗོད་དག་གསལ་ཞིག་བྱེད་དཀའ་ཡང་། གཙོ་བོ་དཔེ་མཚོན་རང་བཞིན་ལྔན་པའི་མཉྗུ་དང་བོད་ཀྱི་འབྲེལ་བའི་ཐོག་ནས་བྱུང་བའི་ལོ་རྒྱུས་ཀྱི་བྱ་སྤྱོད་མང་དག་ཅིག་ལ་ཞིབ་འཇུག་བྱས་ནས་དུས་སྐབས་དེའི་མཉྗུས་བོད་དུ་འཛིན་པའི་སྲིད་ཇུས་ལ་དཔྱད་པ་བྱས་ན་དོན་དངོས་ཀྱི་ཆ་མི་དམན་པ་ཞིག་གསལ་འདོན་ཞུ་ཐུབ་ངེས་ཀྱི་རེ་བས་འབད་པ་བྱས་ཤིང་།
དཔྱད་གཞི་མི་ཉུང་བ་ཞིག་ལ་ཞིབ་བལྟ་བྱས་ནས་འགྲེལ་བརྗོད་མི་དམན་ཙམ་བྱས་པ་དང་། དེའི་ཁྲོད་ནས་ལོར་རྒྱུས་ཀྱི་དཀའ་གནད་མང་པོ་ཞིག་གསལ་འདོན་བྱས་ཡོད་སྙམ་པ་བྱུང་།
འོན་ཀྱང་ད་དུང་དཔྱད་པ་བྱེད་དགོས་པའི་གནད་དོན་མང་པོ་ཞིག་མངོན་ཡོང་བ་ནི། དཔེར་ན། གོང་ས་སྐུ་ཕྲེང་བདུན་པ་ཕྱིར་ལི་ཐང་དུ་ཕེབས་དགོས་པའི་རྒྱུ་མཚན་དང་།
རྒྱལ་བའི་ཡབ་ཀྱི་མཛད་སྤྱོད། ཕོ་ལ་བ་དང་མཉྗུ་གོང་མའི་འབྲེལ་བ། ཝང་འགྱུར་མེད་རྣམ་རྒྱལ་གྱི་ཕུགས་འདུན་དང་བྱ་སྤྱོད་སོགས་འདི་དང་འདི་འདྲ་བའི་གནད་དོན་མང་པོ་ལ་ད་དུང་ཇི་བཞིན་དུ་འགྲེལ་བརྗོད་དཀའ་ཞིང་།
དུས་སྐབས་དེའི་དཔྱད་གཞི་མང་དག་ཅིག་གི་ནང་དུ་ཡང་ཡིད་ཆེས་དཀའ་བའི་གནད་དོན་མང་དག་ཅིག་འདུག་པ་དེ་དག་ལ་ཡང་དོན་དངོས་བདེན་པའི་རྒྱབ་རྟེན་ཞིག་ད་དུང་འཚོལ་དགོས་པར་མངོན།
མདོར་ན་དུས་ཡུན་གང་ཙམ་རིང་འབད་པ་མི་དམན་ཙམ་བྱས་ནས་བྲིས་པ་འདི་ཡང་ལོ་རྒྱུས་ཀྱི་སྟོང་ཆ་མང་པོ་ཞིག་ཁ་བསྐོང་ལ་དམིགས་པ་ཡིན་ཞིང་།
རྗེས་ཕྱོགས་གནད་དོན་འདི་ཉིད་ལ་དཔྱད་པ་ཞིབ་ཚགས་ཤིག་བྱ་རྒྱུའི་སྐལ་བཟང་འདྲ་བྱུང་ན་འབད་པ་བྱ་ངེས་ཡིན།
གཞན་ཡང་འདིར་བརྗོད་འདོད་པ་ཞིག་ལ་བདག་གིས་མཐོང་བའི་དཔྱད་གཞི་ཕལ་ཆེར་ལུང་དུ་དྲངས་ནས་ཡོད་ཅིང་།
ངར་ལུམ་སྦྱར་གསུམ་དང་འབྲེལ་བའི་དཔྱད་གཞི་མི་འདྲ་བ་ཞིག་ད་དུང་མ་རྙེད་པས། འདི་དག་གི་ལངས་ཕྱོགས་སོགས་ལ་དཔྱད་པ་ནན་པོ་ཞིག་བྱེད་དགོས་པ་གལ་ཆེན་དུ་མཐོང་།
གཞན་ཡང་དུས་སྐབས་དེའི་མཉྗུའི་གོང་མ་དང་གཞུང་ས་དགའ་ལྡན་ཕོ་བྲང་དབར་བཏང་བའི་ཡི་གེ་ཨ་མ་ཡིད་རྟོན་རུང་བ་ཞིག་ཕལ་ཆེར་མ་རྙེད་པས།
འདི་དག་ལ་ཡང་བསམ་བློ་རེ་གཏོང་དགོས་པ་དང་། དཔྱད་ཞིབ་རེ་བྱེད་དགོས་པ་གལ་ཆེན་དུ་མཐོང་།
བདག་གིས་དཔྱད་གཞིའི་ཡིག་རིགས་འགའ་ཞིག་ལ་བལྟས་ནས་རྙེད་པའི་གྲུབ་དོན་དེ་ཉིད་གཏན་ལ་འབེབས་ཁུལ་བྱས་པ་ཡིན་ཡང་།
འདི་ཉིད་ཀྱང་ལོ་རྒྱུས་ལ་ལྟ་ཕྱོགས་གཅིག་ཙམ་ཡིན་ངེས་ཤིང་། ད་དུང་འབད་པས་བཙལ་ན་དོན་དངོས་མང་པོ་ཞིག་མིག་ལམ་དུ་མངོན་རྒྱུ་ཡོད་པ་མངོན་གསལ་ཡིན།
མདོར་ན་དུས་སྐབས་དེའི་མཉྗུའི་ཕྱོགས་གཏོགས་ཀྱི་ཡིག་ཆ་འབའ་ཞིག་ལས་གཞུང་ས་དགའ་ལྡན་ཕོ་བྲང་རང་ལ་དམིགས་པའི་ཡིག་ཆའམ་ཕྱོགས་འགལ་གྱི་ཡིག་ཆ་ཕལ་ཆེར་མ་རྙེད་ཅིང་།
འདི་འདྲའི་རིགས་འགའ་ཞིག་ལག་སོན་བྱུང་ན་དེ་བས་ཀྱང་ལོ་རྒྱུས་ཀྱི་དོན་དངོས་གཏན་ལ་འབེབ་པར་ཕན་ཐོག་ཆེན་པོ་ཡོང་བར་མངོན།
དེས་ན་འདི་ནས་གཞུང་ས་དགའ་ལྡན་ཕོ་བྲང་གི་སྐབས་མཉྗུའི་གོང་མ་རྣམ་བཞིས་བོད་དུ་འཛིན་པའི་སྲིད་ཇུས་ཞེས་པའི་ཐོག་དུས་ཡུན་མི་རིང་བའི་ནང་དཔྱད་པ་གང་ཐུབ་བྱས་ནས་བྲིས་ཡོད་པའི་དཔྱད་རྩོམ་འདིའི་ནང་སྐྱོན་གྱི་ཆ་ལོག་པར་སྨྲས་པ་དང་།
ལོག་པར་མཐོང་བ། ལོག་པར་བཀྲལ་བ་སོགས་ཅི་མཆིས་པ་རྣམས་ལ་མཁྱེན་ལྡན་རྣམས་ཀྱིས་བཀའ་སློབ་རྒྱ་མི་ཆུང་བ་གནང་རྒྱུའི་རེ་སྨོན་བཅས་འདི་ནས་རྫོགས་པར་བྱས་པའོ།། །།
1)བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ཆན་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་བརྩམས།
བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་༢༠༡༦ལོར་པར་ཐེངས་དང་པོ་བཏབ།
2)རྒྱའི་ཡིག་ཚང་དུ་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་།
སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྒྱུར། སྤྱི་ལོ་༡༩༧༣ལོར་དྷ་ས་ནས་པར་འགྲེམས་ཞུས། པར་ཐེངས་དང་པོ།
3)བོད་ཀྱི་སྲིད་དོན་རྒྱལ་རབས། ཞ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས།
བོད་གཞུང་ཤེས་རིག་པར་ཁང་ནས་པར་བསྐྲུན་ཞུས། པར་ཐེངས་གཉིས་པ། པོད་དང་པོ།
4)རྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ཅ་པ། མཛད་པ་པོ། རྒྱལ་བ་བློ་བཟང་རྒྱ་མཚོས་བརྩམས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་བསྐྲུན།
པར་ཐེངས་དང་པོ།
5)སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། རབ་གསལ་གསེར་གྱི་སྙེ་མ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། སྤྱི་ལོ་༡༩༨༩ལོར་པར་ཐེངས་དང་པོ་བསྐྲུན།
6) ངག་དབང་བཀྲ་ཤེས་དང་གྲགས་པ་ཆོས་འཕེལ་གྱིས་བརྩམས། རྣ་རིང་།
7)མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས། མི་དབང་རྟོགས་བརྗོད།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་༢༠༠༢ལོར་པར་ཐེངས་གཉིས་པ་བསྐྲུན།
8)རྒྱལ་མོ་འབྲུག་པས་བརྩམས། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
སྤྱི་ལོ་༢༠༠༤ལོར་པར་ཐེངས་དང་པོ་བསྐྲུན།
9)ལྕང་སྐྱ་རོལ་པའི་རྡོ་རྗེས་བརྩམས། དཔག་བསམ་རིན་པོ་ཆེའི་སྙེ་མ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་༡༩༩༠ལོར་པར་ཐེངས་དང་པོ་བརྒྱབ།
10)རྡོ་རིང་པཎྜི་ཏའི་རྣམ་ཐར། སྟོད་ཆ། བསྟན་འཛིན་དཔལ་འབྱོར་གྱིས་བརྩམས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་༡༩༨༧ལོར་པར་ཐེངས་དང་པོ་བསྐྲུན།
11)བོད་ལྗོངས་ལོ་རྒྱུས་གོ་བབ་དཔྱད་ཞིབ། དབང་རྒོད་སོགས་ཀྱིས་བརྩམས།མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
པར་ཐེངས་དང་པོ།
12)གངས་ཅན་རིག་མཛོད་བཅུ་དྲུག་པ། བོད་ཀྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་བདམས་བསྒྲིགས།
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།
སྤྱི་ལོ་༡༩༩༡ལོར་པར་ཐེངས་དང་པོ་བསྐྲུན་པ།
13)བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྐོར་བཤད་པ། དུང་བཀའ་བློ་བཟང་འཕྲིན་ལས་ཀྱིས་བརྩམས།
མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་༢༠༠༤ལོར་པར་ཐེངས་དང་པོ་བསྒྱབ།
14)རིགས་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན་ཅེས་བྱ་བ་བཞུགས་སོ།
།སླེ་ལུང་བཞད་པའི་རྡོ་རྗེས་བརྩམས། སླེ་ལུང་ཆོས་སྐོར་གཅེས་སྐྱོང་ཁང་ནས་པར་སྐྲུན་ཞུས།
པར་ཐེངས་དང་པོ་བཅས་གལ་ཆེ་བའི་དཔྱད་གཞིའི་ཡིག་ཆ་འདི་དག་ཡིན་ཞིང་། གཞན་འབྲེལ་ཡོད་དཔེ་དེབ་མང་དུ་བལྟས་པ་རྣམས་འདིར་མ་བཀོད་དོ།།