མི་གཅིག་གི་སྙན་ངག་གི་ལྟ་བ། མི་གཅིག་གི་སྙན་ངག་གི་དད་མོས། (འོས་སྦྱོར་རྩོམ་ཡིག)
གཉན།
ཕྱི་ན་ཨར་འདམ་འདག་ཞལ་བྱས་པའི་གྱང་རྫོང་མཐོ་བ་སྲ་བ་བརྟན་པ་བྲོས་པས་ཡེ་མི་ཐར་བ། གྱང་ཁ་གཡས་གཡོན་ལ་ལྕགས་ཀྱི་དྲ་བ་རྩུབ་མོ་བསྟར་ཡོད་པ། དེའི་རྩེ་མོ་རིང་ཡུག་ཏུ་ལྕགས་ཚེར་བོངས་ཚད་བོངས་ཚད་སྤུངས་པ། གྱང་དང་ལྕགས་དྲའི་ཁ་མཚམས་སོ་མཚམས་ན་ཉེན་ཁ་ཡོད་པའི་གློག་སྐུད་ཀྱི་རྡང་མང་པོ་བསམ་གཟས་ནས་ཁྱུད་ཡོད་པ། གྱང་སྟེང་དུ་མེ་མདའ་ཐོགས་པའི་ཧྲག་དམག་དུས་ཚོད་ཉི་ཤུ་རྩ་བཞིའི་ཡུན་ལ་གནས་ཤིང་སོ་བ་བྱས་ནས་སྡོད་པ། ཕྱོགས་བཞི་མཐའ་བཞི་ན་ཉིན་མཚན་རིས་མེད་དུ་ལྐོག་མིག་ཡོད་པ། དེའི་ནང་དུ་ཡང་རྣོ་ལྕགས་བསྟར་མ་རྩེ་མོ་ཐམས་ཅད་ལྕགས་ཚེར་གདུག་པ་ཅན་སོ་ཁ་གནམ་ལ་སྐྱེས་ནས་སྡོད་པའི་ར་བ་ཞིག་ཡོད་པ་དང་། དེའི་ནང་དུ་ད་དུང་ཡང་ཨར་འདམ་གྱི་གྱང་དང་རྣོ་ལྕགས་དང་རྣོ་སྐུད་ཀྱི་དྲ་བ་དྲ་ཕྱེད་བསྟར་ནས་འདུག་པ། རྩེ་མོ་ན་ཡང་ལྕགས་ཚེར་ཚོམ་བུ་ཚོམ་བུ་སྤུངས་ཡོད་ཅིང་། དེའི་ནང་ན་ད་གཟོད་གུ་དོག་པའི་ཐང་ཆུང་ཆུང་ཞིག་དང་། སྒོ་དང་སྒེའུ་ཁུང་ཚང་མ་ལ་རྣོ་ལྕགས་བསྟར་ཕྲེང་བྱས་པའི་ཁང་པ་རྩེག་ལྔ་ཡིས་གྲུབ་པ་ཞིག་ཡོད། དེའི་ནང་དུ་ཁང་རྩེག་ཤར་མ་རེ་ལ་ཁང་མིག་བཅུ་རེ་ཡོད་ཅིང་། ཁང་མིག་རེ་རེའི་ནང་དུ་དུས་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་གསང་མིག་གིས་བལྟས་བལྟས་ལ་ཡོད་པ་དང་། མི་སྒེར་གྱི་གསང་བ་ཡོད་ཚད་ལག་མཐིལ་དུ་སྐྱུ་རུ་ར་ལྟར་བཟུང་ཡོད་པ་ཞིག་རེད་ལ། དུས་ཚོད་ངེས་མེད་དུ་སྔོག་བཤེར་བྱེད་སྲིད་པ་མ་ཟད། ཁྱོད་ཀྱི་ལུས་པོ་གཅེར་བུ་ཐེར་རྗེན་ལ་ནམ་གཏོང་ངེས་པ་མེད་དོ། གཏུམ་དྲག་དང་དབང་ཤེད་འདི་ལ་ཕྱི་ནས་བལྟས་ན་ནང་འཇིགས་པ་དང་། ནང་ནས་བལྟས་ན་ཕྱི་རྫིག་པ། དྲག་ཤུལ་དང་དྲག་ཤུལ་གཟུགས་ཀྱི་གདུག་པ་ཅན། ཤར་བ་མདའ་གཏན་བྱེད་ས། དཔའ་བོ་རྡོ་གཏན་བྱེད་ས། མཐའ་འཁོབ་ཡང་འཁོབ་དང་འཁྱགས་པ་འཁྱགས་ཡུལ། མི་ཆོས་ཀྱི་ཉི་འོད་མེད་པ་ཞིག་ཡིན་པ་ཆོས་ཉིད་ཀྱིས་གྲུབ་ཡོད་ལ། རྙེད་དཀའ་དོན་ཆེ་དལ་འབྱོར་གྱི་མི་ལུས་འདི་ཀོ་སྐད་ཅིག་ཉིད་དུ་ས་འོག་ཏུ་རྫིབ་བཞག་ནའང་ཡ་ལན་སྤྲོད་ཐབས་མེད་ས་འདི་ནི། རྟག་པར་སྡུག་བསྔལ་བསྐྱེད་པའི་གནས། མྱ་ངན་གནོད་པའི་མི་འདོད་པ་བརྒྱ་ཕྲག་ཆར་བཞིན་འབབ་པ། གནས་ཡུལ་འདི་ལྟ་བུ་ནས་མི་ནི་གཅེར་བུ་དང་ཁྱད་པར་མེད་པའི་སྲོག་ཆགས་ནུས་མེད་འཁུན་ངག་ཁོ་ན་འབྱིན་མཁན་ཞིག་ཡིན་པ་མཐོང་བཞག
ཡིན་ནའང་། དེ་ལས་ཀྱང་སྙིང་རྗེ་འོས་པ་ནི།
ནང་སེམས་ཀྱི་འཇིག་རྟེན་ཁེན་ས་རྟེན་ས་མེད་པར་དཀའ་ངལ་ཆེ་ཞིང་དུབ་དྲགས་པའི་ཤ་ཐང་ཅན་དག་ཡིན་ལ།
འཇིག་རྟེན་བོར་བའི་སྐྱོ་གདུང་བྱུང་ནས་འཚོ་སྡོད་ལ་དོན་སྙིང་མེད་པའི་བསམ་བློའི་འཇིག་ཉེན་བྱུང་བའམ།
ཡང་ན་འཚོ་སྡོད་ལ་ཐེ་ཚོམ་ཟ་དགོས་པའི་དཀའ་བ་བརྒྱ་ཕྲག་ལ་འཕྲད་ངེས་རེད་གདའ། མིའི་རིགས་ཀྱི་བདེ་སྐྱིད་དང་རང་དབང་།
ཤེས་ཡོན། རྩིས་ཐང་སོགས་ནི་ཡུལ་འདི་དང་འབྲེལ་བ་མེད་པ་ལྟ་བུར་གྱུར་ནས། ཡུལ་འདིའི་མི་ནག་ཕོ་ཤལ་དག་ནི་མིའི་རིགས་དང་འབྲེལ་བ་མེད་པའམ།
ཡང་ན་མིའི་རིགས་ཀྱི་ཤེས་ཡོན་དང་རང་དབང་། བདེ་སྐྱིད། གླུ་སྐད། རྨི་ལམ་སྒྱུ་འཕྲུལ་སོགས་ཡིད་ཅན་འདོད་པ་འཇོ་བའི་བཀྲ་ཤིས་པའི་རྫས་ཡོད་ཚད་དང་འབྲེལ་བ་མེད་པའི་འཁྱགས་རོམ་གྱི་གླིང་ཚོམ་ཞིག་ཏུ་ཟད་ནའང་།
བདག་ལ་ད་དུང་ཐུན་མོང་མ་ཡིན་པའི"རྩལ"ཞིག་ངོམ་དུ་ཡོད་པ་ནི། གློག་འོད་དང་གློག་འོད་ཁྲོད་ནས་ནར་སོན་ཞིང་མི་ཚེ་སྐྱེལ་མཁན་གྱི་གྲོང་ཁྱེར་བའི་མི་འདི་དག་དང་ཡེ་ནས་མི་འདྲ་སྟེ།
དམས་ནག་གི་ཁང་པ་འདིའི་ནང་དུ། ང་ལ་ད་དུང་ཆུང་དུས་ནས་འགྲོགས་ཤིང་འདྲེས་པའི་རྒྱུས་མངའ་ཅན་གྱི་རང་བྱུང་ཁམས་དང་།
སྤྲིན་གྱི་ཡང་རྩེར་སྐྱོད་པའི་གླུ་སྐད། མ་རྒན་གྱི་ལུས་ཐོག་གི་ཞིམ་མངར་གྱི་རྩམ་དྲི། སྦྲ་གུར་གྱི་ཚོགས་པ།
ནོར་གནག་གི་རྦ་རླབས་ཕྲེང་བ། སྒྲོལ་མའི་སྒོ་དར། ཁ་བ་བུ་ཡུག་ནང་གི་སྣ་རྟ། དྲི་མས་མ་གོས་པའི་ཉི་འོད་དང་ཆར་ཆུ།
སྲིད་པ་ཆགས་པའི་གཏམ་རྒྱུད་སྣ་ཚོགས། སྙིང་རྗེ་དང་ངོ་ཚ་ཡོད་པའི་ང་ཡི་སྤུན་ཟླ་ཕོ་མོ། ཕ་ཡུལ་དུ་འབོད་པའི་གཟུགས་ཅན་གཟུགས་མེད་ཀྱི་སེམས་འགུལ་ཐེབས་སླ་བའི་རྩྭ་ཉག་ཆུ་ཐིགས་ཡན་ཆོད་ཀྱི་བག་ཆགས་ཡོད་ཚད།
ཡང་ན་དད་གུས་ཚད་མེད་བྱས་མྱོང་བའི་རྩོམ་རིག་དང་བཅས་པས་ནི། ང་ལ་སྐྱིད་ཡ་སྡུག་གྲོགས་ཀྱི་ཚབ་བྱེད་ཐུབ་པ་དང་།
དཔུང་རོགས་རྒྱབ་འདུག་བརྩན་ཐག་ཆོད་པ་ཞིག་ཀྱང་རེད་འདུག དེ་དག་ནི་དེ་རིང་ད་དུང་ང་ཡི་ལུས་སེམས་གཉིས་ཀྱི་བདག་པོ་ཡིན་པ་དང་།
མི་སྒེར་གྱི་བསམ་པའི་འཇིག་རྟེན་གྱི་ཚབ་བྱེད་ཐུབ་པ་བཞིན་སྐབས་དང་སྐབས་སུ་ང་ཡི་ཡིད་སེམས་དབང་མེད་གཡོ་བར་བྱེད་དོ།
རིག་གནས་ཀྱིས་བསྐྱེད་པའི་བག་ཆགས་རླབས་པོ་ཆེ་དེ་དག་ནི། རིག་གནས་དང་སྒྱུ་རྩལ་གྱི་ཚེ་བླ་སྲོག་གསུམ་ཇི་བཞིན་རྩ་བ་དགུ་རྒྱུད་ནས་གཞོམ་གཞིག་མེད་པར་ང་ཡི་ཁྲག་རྩའི་སྦུབས་སུ་བླུགས་ནས་ཡོད་པ་འདི་རེད་ཨང་།
ཏག་ཏག་བསམ་པའི་སྙིང་སྟོབས་ཀྱི"མ་ཡུམ"དེ་ནི། དུས་བཞིར་གསོན་ཉམས་ལྡན་པའི་སྐྱེ་དངོས་ཚར་དུ་དངར་བ་ཞིག་སྟེ།
ང་དང་གདུང་སེམས་མཉམ་བསྐྱེད་ཀྱིས་འཚོ་སྡོད་བྱ་ཐུབ་པའི་མི་སྒེར་གྱི་གཙུག་ལག་ཁང་ཆེན་པོ་ཞིག་དང་གཉིས་སུ་མེད།
ཉིན་དྲན་ཉིན་ལ་ཡོད་པ། མཚན་དྲན་མཚན་ལ་ཡོད་པ། ཤ་ཚ་ཚ་དང་སྙིང་ཉེ་ཉེ་མ་བྱས་ཐུ་མེད་ཀྱི་དད་མོས།
བརྩེ་གདུང་། ལས་འབྲས། ངོ་ཚ། རང་དབང་། ཤེས་ཡོན་སོགས་ཀྱིས་ང་ལ་ད་གཟོད་འཚོ་སྡོད་ཀྱི་སྙིང་སྟོབས་གནང་སྦྱིན་བྱས་ཡོད་པ་དང་།
རི་ཆུ་མང་པོའི་ཕ་རོལ་དུ་ཡོད་པའི་གངས་རི་ཆེན་པོ། ཡངས་པའི་སྤང་ལྗོངས་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ངོ་གདོང་དེ་དག་ནི་གཟུགས།
སྒྲ། དྲི། རོ། རེག་བྱ་ཐུན་མོང་མ་ཡིན་པ་ཞིག་སྟེ། བློ་ཁོག་ཡངས་ལ་ཐེག་པ་ཆེ་བའི་རིག་གནས་ཀྱི་སྲོག་དབང་བཙན་པོ་འདི་དག་དང་བདག་ནི་ཕན་ཚུན་མ་བུའི་ཚུལ་དུ་ནམ་ཡང་འབྲེལ་བསྡད་ཡོད་པ་ཞིག་རེད་ཨང་།
བདག་གིས་སྙིང་ཁོང་རུས་པའི་གཏིང་ནས་དེ་དག་ལ་ནམ་ཡང་གུས་འདུད་ཞུ་འདུན་ཡོད་པ་དང་། དུས་མཚུངས་སུ།
བདག་ནི་ཤེ་ནག་མུན་པའི་ཁང་པ་འདིའི་ནང་ན་འཇིག་རྟེན་བོར་བའི་སྐྱོ་གདུང་མྱངས་མཁན་གྱི་བས་མཐའ་བ་ཞིག་མ་ཡིན་པར།
ལྡོག་སྟེ་འཇིག་རྟེན་གྱི་དཀར་འོད་དང་འཇིག་རྟེན་གྱི་སྐྱིད་སྡུག་འཚོ་བ་ལ་ཧེབ་ལངས་མཁན་ཞིག་ཡིན།
བདག་ནི་ཁྲི་མུན་དུ་ནང་སེམས་གཅེར་བུ་གཅེར་རྐྱང་དུ་ལུས་པའི་ཅི་བྱ་གཏོལ་མེད་ཀྱི་བེམ་གཟུགས་ཁོག་རྗེན་ཞིག་མ་ཡིན་པར།
ལྡོག་སྟེ་ཕ་ཚེ་མའི་རིང་གི་རིག་གནས་བག་ཆགས་དང་ལྷན་དུ་ཡོད་པ་ཞིག་རེད། ཨ་ཧོ་ཡེ། དེ་རིང་བར་དུ་ང་ལ་བརྗེད་ཟས་བརྗེད་ཆུ་བླུད་བླུད་ནའང་།
ངས་ད་དུང་མ་རྒན་གྱི་སྦྲང་དཀར་རྩམ་དྲི་དང་འོ་མ་བརྗེད་མི་འདུག མ་རྒན་ནི་མི་ཆོས་ཕེར་བ
། ཁོང་དལ་ཞི་དེས་ཆེ་བ། མ་བཅོས་དྲང་བོར་སྨྲ་བ། ལྷོད་ལྷོད་དུ་ཡོད་པ། བློ་ཁོག་ཆེ་ལ་གྲུང་པ།
མི་བསྙིངས་པ། དགྲ་གཉེན་གང་ལའང་སྤ་བསྲི་མེད་པ། ལྷོངས་ཆེ་བ། ཆགས་སྡང་གི་རུས་ཐོན་པ། བསམ་པ་སྣོད་གཅིག་ཏུ་དཀར་བ་ཞིག་ཡིན་པ་ཞེ་ཐག་པ་ནས་ཡིན་སྙམ་སྙམ་དུ་ཡོད་ན།
ཅིའི་ཕྱིར་ཡིད་ཞུམ་པར་བྱེད། ས་སྒང་རིལ་མོའི་གྲུ་ཟུར་ཀུན་དུ་རང་དབང་གི་བདེ་བ་ནི་ཆུ་ལས་ཆུ་བུར་གྱི་ཚུལ་དུ་རྡོལ་ཡོང་གིན་ཡོད་པ་དང་།
འགྲོ་བ་མིའི་རིགས་ཀྱི་བློ་མིག་ནི་ཇེ་ཆེ་ཇེ་གཙང་དུ་གྱུར་དང་འགྱུར་གྱིན་ཡོད་སྐད། འཁྱག་གླུམ་གྱི་འཇིག་རྟེན་འདི་ཡང་སྨག་རིམ་ནང་གི་སྨག་བཞིན་འཐོམ་ནས་སྡོད་པ་ཞིག་མ་ཡིན་པར་དཀར་འོད་གང་ཞིག་གིས་ངམ་ངམ་ཤུགས་ཀྱིས་བསྒྲོན་མི་འགྲོ་བའི་ངེས་པ་ཅི་ཡོད་སྙམ་ལ།
རྣོ་ལྕགས་དང་རྡོ་འཁྱག་འདི་ལ་རྒྱབ་བསྙེས་ཏེ་ཡུན་རིང་འགོར་བའི་མི་ཞིག་ལ་མཚོན་ན། བདེན་པའི་ངོ་བོ་གསར་དུ་རྙེད་པ་ལས་དགའ་བ་ཞིག་གང་དུའང་མེད།
དོན་དངོས་སུ། ང་ནི་མིའི་རིགས་ཀྱི་རང་དབང་དང་རྩིས་ཐང་སོགས་ལ་འབྲེལ་བ་མེད་པའི་འཁྱགས་རོམ་གྱི་གླིང་ཚོམ་ཞིག་ཏུ་བསྐྱལ་བཞག་ཡོད་ནའང་།
ངས་རང་ཉིད་ཀྱི་སྙན་ངག་གི་དད་མོས་འདི་གཅིག་པུའི་སྙིང་སྟོབས་ལ་བརྟེན་ནས་མིའི་རིགས་ཀྱི་རང་དབང་དང་རྩིས་ཐང་ལ་དབྱངས་ཀྱི་ང་རོ་རྩོམ་རྒྱུ་ཡིན་པ་དང་།
ངས་རང་ཉིད་ཀྱི་སྙན་ངག་གི་དད་མོས་འདི་གཅིག་པུའི་སྙིང་སྟོབས་ལ་བརྟེན་ནས་མིའི་རིགས་ཀྱི་རང་དབང་དང་རྩིས་ཐང་ལ་ད་དུང་ཡང་མུ་ནས་མུར་བླ་འབོད་ཀྱི་ཡི་གེ་འབྲི་བཞེངས་གནང་རྒྱུ་ཡིན།རྒྱུ་མཚན་ནི་སྙན་ངག་ཅེས་པའི་རིག་པ་འདི་ནི་དངོས་གནས་མིའི་རིགས་ཀྱི་འཚོ་སྡོད་དང་འབྲེལ་བ་ཡོད་པ་ཞིག་རེད།
ཤ་སྟག་སྨྲ་བ་པའི་མིང་དང་གཞན་དག
དེ་ཡང་ཤ་སྟག་སྨྲ་བ་པ་ནི་སོ་སྐྱེས་སྨྱུག་ཐོགས་པ་མི་སྒེར་གྱི་སྙན་ངག་དང་འབྲེལ་བ་ཡོད་པའི་བསམ་བློ་དང་ལྟ་བ་ཞིག་ཡིན།
ཤ་སྟག་སྨྲ་བ་པ་ནི། ཡུལ་དུས་ངེས་མེད་དུ་སྒེར་བ་དེའི་རྣམ་ཤེས་ཀྱི་ཕུགས་གདོང་གཏོད་ས་དང་།
བསམ་བློའི་འཚོ་སྡོད་ཀྱི་འདུན་པ་དེ་མི་རང་ཉིད་ཀྱི༼སྒེར་གཤིས༽ཀྱི་ཐོག་ཏུ་བབས་ཡོད་པ་སྟེ།
ལྟོས་བཅས་ཀྱི་ཆ་ནས། མི་གཅིག་ལ་གྲུབ་པའམ་གཏན་འཁེལ་བའི་རང་བཞིན་དང་ངོ་བོ་དམིགས་བསལ་བ།
ཁ་ཞེ་བསམ་སྦྱོར་ངོ་ལྐོག་སོགས་ལ་འགལ་བ་མེད་པའི་རྣམ་པ་རྐང་ཚུགས་པའི་རང་ཉིད་ཅན་ཞིག་ཡིན་དགོས་ལ།
དེ་ནི་གསོག་དང་གསོབ་དང་ཡ་མ་བརླའི་ཀུན་སྤྱོད་དང་བསམ་བློའི་གླུད་གཟུགས་ཤིག་མ་ཡིན་པར།
རང་བཞིན་དབང་བོ་རྣོ་བའི་སྲོག་ལྡན་ཤེས་པ་ཅན་གནད་གང་ལ་འཕྲད་པའི་ཚེ་སྨིན་པ་ཡོད་པ་རྟག་པ་ཞིག་ཀྱང་ཡིན་དགོས།
དེ་ནི་འཚོ་གནས་ཀྱི་དཀའ་ཁག་དང་བཀག་རྒྱ། བཙིར་གནོན། ཕོག་ཐུག གཙུབ་བརྡར། འགལ་རྫོབ། རྙོག་འཛིང་རྒྱུན་མི་འཆད་པའི་འཚོ་བའི་གཡོ་འཁྱོམ་ཁྲོད་ན་ངམ་ངམ་ཤུགས་ཀྱིས་ཡོད་པའི་བླ་སྲོག་གི༼ནང་གཟུགས༽རྗེན་རྗེན་དུ་ཡོད་པ་ཞིག་ཡིན་དགོས་ཨང་།
ད་ལྟའི་དུས་རབས་འདིའི་ནང་དུ། སྒེར་གཤིས་ཅན་གྱི་སྐྱེ་བོ་ཞིག་འཚར་ལོངས་འབྱུང་རྒྱུ་ནི་ལས་སླ་བོ་ཞིག་མིན་ལ།
སྒེར་གཤིས་ཅན་གྱི་སྙན་ངག་པ་ཞིག་འཚར་ལོངས་འབྱུང་ཐུབ་པའམ"རང་ཚུགས"ཟིན་རྒྱུ་ནི་དེ་བས་ཀྱང་ལས་སླ་བོ་ཡོད་པ་མ་རེད།
སྙན་ངག་དང་སྙན་ངག་པའི་ཆེས་ཆེ་བའི་ཕམ་ཁ་དང་སྐྱོ་གདུང་ནི། འཚོ་བ་དངོས་ཀྱི་བཙོ་སྦྱངས་ཁྲོད་དུ་སྙན་ངག་གི་དད་མོས་བོར་བ་དང་།
དུས་མཚུངས་སུ། སྙན་ངག་པ་རང་ཉིད་བོར་བ་དེའོ། ། འདི་ནི་རང་ཉིད་ཀྱི་སྐྱོ་གར་ཡིན་པ་མ་ཟད།
སྙན་ངག་པ་ཡོངས་ཀྱིས་བཟོད་དུ་མེད་པའི་སྐྱོ་གར་ཡང་རེད། དེ་ཡི་རྐྱེན་གྱིས། སྤྱི་ཚོགས་ཀྱི་རྡབ་རྡེག་དང་ཁྲ་ཆལ་དགུ་ཆལ་གྱི་དངོས་པོའི་སྟོབས་ཤུགས་ཀྱི་བསླུ་བྲིད་སྣ་ཚོགས།
ཁེར་རྐྱང་གི་སྡུག་བསྔལ་དང་སུན་སྣང་། ཇི་མ་ཇི་བཞིན་དུ་གདོང་གཏད་དེ་འགྲོ་དགོས་པའི་ཀྱག་ཀྱོག་གི་བཞུད་ལམ།
ག་ས་གང་དུ་འཕྲད་ངེས་པའི་ཁྲོ་གཉེར་དང་འཛུམ་མདངས་མང་པོ། ཡང་ན་གཏུམ་དབང་དང་སྒེར་གཅོད་ཀྱིས་གཉའ་གནོན་བྱས་པའི་འཇིགས་དངངས་ལ་སོགས་པའི་མདུན་དུ།
སྙན་ངག་གི་དད་མོས་མི་བོར་བ་དང་། རང་ཉིད་མི་བོར་བའི་ཡིད་ཆེས་སྲ་བཀན་ཞིག་ཡོད་དགོས། མདོར་ན་སྒེར་གཤིས་ནི་སུས་ཀྱང"འདུལ་སྦྱོང"བྱ་མི་ནུས་པར་སྲོག་གི་དབང་པོས་བཟུང་ཡོད་པ་ཞིག་ཡིན་པ་དང་།
དེ་ནི་ཐ་ན་མི་འདོད་པའི་ཨ་ཆུ་རང་བྱུང་དུ་འབབ་པའི་བཙོན་དུ་བཅུག་པས་ཀྱང"སྒྱུར་བཅོས"གཏོང་དུ་མེད་པ་ཞིག་ཡིན་དགོས་ཀྱི་ཡོད།
དེའི་ཕྱིར་ན། མི་སྒེར་གྱི་སྒེར་གཤིས་ནི་གཙོ་བོའམ་རྨང་དང་རྩ་བ་བཅས་ལ་ངོས་འཛིན་པའི་རྒྱུ་མཚན་ཉག་གཅིག་ནི།
སྙན་ངག་དང་སྙན་ངག་པ་གང་དེ་དགའ་སྐྱོ་ཆགས་སྡང་གི་འཚོ་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་མ་ཡིན་པར་དེ་དང་ལྷན་དུ་ཡོད་པའི་ཚུགས་ཐུབ་ཅན་ཞིག་ཡིན་དགོས་པས་རེད།
སྒེར་གཤིས་དེ་དང་འགྲོགས་ནས་སྙན་ངག་ཅེས་པའི་རིག་པའམ་སྒྱུ་རྩལ་འདི་མུ་ནས་མུར་གསར་རྩོམ་བྱེད་ཀྱི་ཡོད་པ་དང་།
ཇི་སྲིད་སྒེར་གཤིས་ཀྱིས་སྲ་འཁྱོངས་པ་དེ་སྲིད་བར་དུ་སྙན་ངག་བསྟེན་ཐུབ་པའམ། ཇི་སྲིད་སྒེར་གཤིས་ལ་ངོ་ལོག་མ་བྱས་པ་དེ་སྲིད་བར་དུ་སྙན་ངག་རྩོམ་མཁན་ཡིན་པའམ་རྩོམ་ཆོག་པའི་ལྟ་ཚུལ་རྒྱུད་ལ་ཆགས་ཡོད་པ་རེད།
དེ་ལྟ་དེ་ལྟར། སྒེར་གཤིས་ལ་གུས་པ་མི་ལྷོད་པའི་སྒེར་བ་གང་དེས་འཚོ་བ་དང་སྒྱུ་རྩལ། རང་ཉིད་ལ་རྣམ་པ་ཀུན་ཏུ་མིག་གསུམ་པས་བལྟ་བ་ཡིན།
ལར་ཚུགས་ཐུབ་ཀྱི་སྒེར་གཤིས་མེད་ན། སྙན་ངག་པ་གང་དེ། ལང་ཚོ་དར་བའི་སྐབས་ཀྱི་རྨི་ལམ་དང་སྟོང་བསམ།
ཕུགས་རེ། སྨྱོ་ཧམ། ལད་ཟློས། རྩེད་འཆལ། གཡམ་རྒྱུགས་ཙམ་དུ་ཟད་ཀྱི་དུས་ཚོད་དང་འགྲོགས་པའི་གསར་རྩོམ་གྱི་རྒྱུན་རྙེད་དཀའ་བར་སྙམ་མོ།
། གྲོང་ཁྱེར་དང་གྲོང་ཁྱེར་ཅན་དུ་གྱུར་དང་འགྱུར་བཞིན་པའི་ད་ལྟའི་སྤྱི་ཚོགས་དང་འཚོ་བ་འདི་ནི་རོལ་རྩེད་ཀྱི་རྣམ་པ་ཤས་ཆེ་བ་ཡོད་ས་ཞིག་ཡིན་ནའང་།
ང་ཚོ་འདི་ལ་གཡོལ་བ་མ་ཡིན་པར། ང་ཚོས་འདིའི་ནང་ནས་རང་ཉིད་ཀྱི་བཙན་རྫོང་བཞེངས་བསྐྲུན་གནང་བར་འོས་སོ།
དེ་བས"མི་ཚེ་ཧྲིལ་བོར་སྙན་ངག་རྩོམ་པ་ལ་ཐོག་མར་གཟུགས་བཟོས་མ་ཡིན་པའི་ནང་སེམས་ཀྱི་དད་མོས་དང་སྒེར་གཤིས་ཤ་སྟག་ཅིག་ཡོད་དགོས་པ་དེ་ཉིད་ཡུལ་དུས་གང་དུའང་གནད་དམ་པར་འཛིན་པས་ན་དེ་ལ༼ཤ་སྟག་སྨྲ་བ་པ༽ཞེས་རྒྱུ་མཚན་མིང་དུ་བཏགས་སོ།
།
མིང་ཚིག་འདི་ལ་གོ་བ་གཞན་ཡང་ཡོད་དེ།
ཐ་སྙད་འདིའི་ངོས་ཆིག་རྐྱང་ནས་དག་དག་དང་ངོ་མ་ལ་གོ་རུང་བ་དང་། དེས་སྙན་ངག་ཅེས་པའི་སྒྱུ་རྩལ་འདིའི་མཐར་ཐུག་ནི་དག་དག་དང་ངོ་མ་མཚོན་ཐུབ་རྒྱུ་དང་།
འཚོལ་ཞིབ་ཐུབ་རྒྱུ། སྔོག་འདོན་ཐུབ་རྒྱུ་བཅས་ཡིན་པར་ཐག་གཅོད་རྒྱུ་དང་། གཞན་དུ་སོམ་ཉི་མེད་པ་ལའང་གོ
དེས་སྙན་ངག་པ་ནི་ལྟོས་བཅས་ཀྱི་ཆ་ནས་སོམ་ཉི་མེད་པའམ་ཡང་ན་སོམ་ཉི་མི་འཆིང་བ་ཞིག་ཡིན་པ་ར་སྤྲོད་བྱེད་རྒྱུ་ཡིན།
སོམ་ཉི་དང་ཐེ་ཚོམ་སོགས་ཀྱིས་མཚོན་པའི༼ངོ་གཉིས༽དང༼རྩེ་གཉིས༽ཅན་དག་ནི་འགལ་བའི་ཆ་རང་སྟེང་ན་ཡོད་པ་ཞིག་སྟེ།
དོན་དམ་པའི་སྙན་ངག་ལ་དད་གུས་བྱེད་མཁན་གྱིས༼ཐེ་ཚོམ༽དང༼སོམ་ཉི༽མེད་པར་མཚོན་པའི༼ཤ་སྟག༽ཅེས་པའི་ཐ་སྙད་འདི་རྐང་འཛིན་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པ་ཡིན།
འདི་ནི་དེ་སྔའི་རྩོམ་འབྱུང་ལོ་རྒྱུས་གཞན་པ་དང། གྲུབ་མཐའ། རིང་ལུགས་སོགས་ལ་འདྲ་བཟོ་དང་ལད་ཟློས་བྱས་པ་ཞིག་མ་ཡིན།
འདི་ནི་མི་མང་པོས་ཁ་གཡང་དང་འུད་སྒྲོག་དང་སྟོབས་ཤུགས་ཀྱིས་གྲུབ་པའི་ཚོགས་པ་དང་། གྲུབ་མཐའ་དང་རིང་ལུགས་སོགས་ཀྱང་མ་ཡིན།
འདིས་གཞན་པའི་གྲུབ་མཐའ་དང་། རིང་ལུགས། ཚོགས་པ་བཅས་ལ་འགྲན་སློང་བའང་མ་ཡིན། འདི་ནི་མི་གཅིག་གི་སྙན་ངག་གི་ལྟ་བ་ཞིག་ཡིན།
འདི་ནི་མི་གཅིག་གི་སྙན་ངག་གི་དད་མོས་ཤིག་ཡིན། འདིས་གཞན་པའི་གྲུབ་མཐའ་དང་། རིང་ལུགས།
ཚོགས་པ་ཐམས་ཅད་ཀྱི་བསམ་བློའི་ལྟ་བ་དང་སྨྲ་བརྗོད་ལ༼ཤོང་ཡངས༽དང༼མཉམ་གནས༽ཀྱི་འདུ་ཤེས་བཟུང་ཡོད་པ་དང་།
གཅིག་ནི་མུན་ནག་དང་གཅིག་ནི་འོད་སྣང་གི་ནང་དུ་ཡོད་ནའང་། མིའི་རིགས་ཀྱི་སྙན་ངག་ནི་ཇི་སྲིད་དུ་རྣམ་ཤེས་དང་འབྲེལ་བ་ཡོད་པའི་ཡི་གེའི་སྒྱུ་རྩལ་ཞིག་རེད།
སྙན་ངག་གིས་ང་ཚོ་རྩོམ་ཐུབ་པ་མ་ཟད། ང་ཚོའི་དུས་རབས་རྩོམ་ཐུབ་པས་ན། སྙན་ངག་ནི་མིའི་རིགས་ཀྱི་འཚོ་སྡོད་དང་འབྲེལ་བ་ཡོད་པ་ཞིག་རེད།
དམིགས་པ་ཡོད་པའི་སྒོ་ནས་མི་སྙན་ངག་ལ་སྟིམ་པ་དང་། སྙན་ངག་མི་ལ་སྟིམ་པའི་དམིགས་བསལ་གྱི་ཕུགས་བསམ་དང་འདུན་པ་ལ་བློ་སྦྱོང་བའི་ཤེས་རབ་དེ་ཏོག་ཙམ་ཏོག་ཙམ་རྒྱུད་ལ་ཡོད་ཐུབ་པ་ལྟ་བུ་ཞིག་བྱུང་། དུས་མཚུངས་སུ། རང་རེ་བོད་ཀྱི་སྙན་ངག་གསར་བའི་ལས་དབང་ལ་བསམ་གཞིགས་ཡང་ཡང་བགྱིས་པ་ལ་བསམ་ཚུལ་མི་གཅིག་པ་མང་དུ་བྱུང་།
སྔོན་ཆད་ནས་སྙན་ངག་གསར་བའི་སྣང་ཚུལ་དེ་ལ་འཆར་ཚུལ་མི་གཅིག་པའི་འདོད་པ་ཐ་དད་དུ་ཡོད་ནའང་། ཡིག་ཐོག་ནས་ལྟ་ཚུལ་བརྗོད་རྒྱུ་འདྲ་ནི་མ་སོང་། ད་རེས་ལྷག་ཏུ་སྙན་ངག་གསར་བའི་ཕྱོགས་ནས་འདོད་པ་ཐ་དད་དུ་ཡོད་སོང་བ་ལ་ཁ་ཞིག་གྲག་དགོས་བསམ་རྒྱུ་ཞིག་བྱུང་བ་ལ་སྤོབས་པ་ཅུང་ཙམ་སྐྱེས་པ་འདི་དང་།
དེ་ནས་ཡུལ་སྐྱོ་བོ་འདི་ནས་བསྡད་དེ་རྣམ་ཤེས༼བཙོ་སྦྱངས༽མཛད་པ་ལ་བློ་ཅི་ཐུབ་ཐུབ་སྦྱོང་ནས་མཐའ་མར་ང་རང་མི་སྒེར་བའི་ངོས་ནས་སྙན་ངག་གི་ལྟ་བ་ཞིག་སྤེལ་འདུན་ཡོད། སྤྱིར་ན།
ལས་ཀ་འདི་ངས༼བཟོ་ལས༽གནང་དགོས་པ་ཞིག་མིན་པ་དང་། ང་མིན་མིན་གྱི་མིག་དཀྱུས་ཡངས་པ་ཅན་གྱི་སྙུག་ཐོགས་པ་ཡོད་པ་གདོན་མི་ཟ།
ཡིན་ནའང་། ང་རང་ཡུལ་དམིགས་བསལ་བ་ཞིག་ཏུ་ཁེར་རྐྱང་ལ་རྒྱང་ཕུད་བཏང་བའི་རྐྱེན་གྱིས་མི་སྒེར་གྱི་རྩ་འཛིན་རང་བཞིན་ཡོད་པའི་སྙན་ངག་གི་ལྟ་བ་ཞིག་སྤེལ་འདུན་ཡོད། ཡིན་ནའང་གཏམ་གོ་རྒྱུ་ཅན་ཞིག་བར་དུ་དྲངས་ན། རྗེ་བཙུན་མི་ལའི་ཨ་མ་མྱང་ཚ་དཀར་རྒྱན་ལགས་ཀྱིས་མི་ལ་ལ༼ཁོང་ཚོའི་མཐུ་དང་འུ་ཅག་གི་མཐུ་མི་འདྲའོ།
། ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་སྙིང་རུས་སྐྱེད་ཤོག་ཅིག༽ཅེས་གཏམ་བསྩལ་བ་བཞིན་དུ། ངའི་སྙན་ངག་གི་ལྟ་བ་ནི་གཅེས་ཕྲུག་རང་དགའ་རྒྱགས་པའི་ལྟ་བ་མ་ཡིན་པར།
ཡུལ་གཏུམ་པོ་ནས་སྡུག་ཐུག་པའི་ལྟ་བ་ཡིན་ཟེར་རྒྱུ་དང་། ཁོང་ཚོའི་སྙན་ངག་གི་ལྟ་བ་དང་ངའི་ལྟ་བ་མི་འདྲ་ཟེར་རྒྱུ་དེའང་ཡིན། ཁོ་བོ་ཤིན་ཏུ་ཉམ་ཆུང་ནའང་དཀའ་སྡུག་དང་མྱོང་པ་མང་པོ་རྐྱེན་བྱས་ནས་ཡིད་ཆེས་ཤིག་སེམས་གཏིང་ནས་རྙེད་བྱུང་པ་ལ་ད་རེས་ཁ་ཞིག་གྲག་དགོས་བསམ། གལ་ཏེ་ལྟ་བ་སྡུག་ཐུག་དེ་ཉེས་འདྲ་སོང་ན་ནི་ཁྱིའི་རྔ་མ་ལ་ཐོགས་ཤིག བློ་ལྡན་རྣམས་ཀྱིས་མཆིལ་ཞགས་འདེབས་ས་བྱས་པས་ཆོག ལར་སྙན་ངག་ཅེས་པའི་རིག་པ་འདིའི་མཐར་ཐུག་གི་ངོ་བོ་ནི་མ་བཅོས་པ་ཞིག་ཡིན་དགོས་པ་དང་། རང་དབང་དང་ཚུགས་ཐུབ་པ། བླའམ་སྲོག་གི་ནང་ན་ཡོད་པའི༼མཚན་ཉིད་རིག་པ་གཞན་ཞིག
༽དང་། ཡང་ན་རྟོག་པ་ནང་ན་ཡོད་པའི་རིག་པ་ཐོལ་སྐྱེས་ཤིག་ཡིན་དགོས་པ་དང་། ག་པར་ཡང་རྣམ་དཔྱོད་དང་སྙིང་སྟོབས། མི་སོགས་དང་མཉམ་གནས་བྱེད་ཐུབ་པ་ཞིག ཚེ་སྲོག་དང་སྐད་ཡིག་གི་ཆེས་གཏིང་ཟབ་པའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་འཛིན་དགོས་བྱུང་བ་དང་། དེ་ནི་ཤོག་བུའི་ངོས་ཀྱི་རྦབ་ཆུ་དང་། ནམ་མཁའ་སོགས་ཚར་བརྒྱ་ཕྲག་ལ་བསྐྱར་ཟློས་བྱས་པ་ཞིག་མིན། དེ་ནི་ཤོག་བུའི་གསེང་གི་མེ་ཏོག་གངས་ལྷ་དང་སྦྲང་ཆར་སོགས་མིན། ཡིན་རྒྱུ་དངོས་ནི་དམྱལ་བའི་གཏིང་དུ་ལྷུང་བའི་བྱ་རྒོད་ཅིག་རེད། དེ་ནས་སླར་ཡང་འཕུར་ཤེས་པ་ཞིག་རེད། འཕུར་ནས་རང་བྱུང་གི་ནམ་མཁའ་སྔོག་ཐུབ་པའམ་སྔོག་ནུས་པ་ཞིག་རེད། བྱ་རྒོད་ནི་མི་དང་སྙན་ངག་གཉིས་ཀ་མཉམ་འདུས་ཀྱི་བསྡུས་གཟུགས་ཤིག་སྟེ། ནང་ནི་ཁྲག་དྲོན་དང་རྫི་གསང་ལྷོག་ལྷོག་ཏུ་ཁོལ་བའི་ཞལ་རླངས་ཐོལ་ལེ་བ། དུས་ཚོད་ཀྱི་སྔོན་དུ་ལྕེབས་ཐུབ་པ། མཛེས་པ་འཚོལ་ཤེས་པ་ཞིག་ཡིན་དགོས་འདུག་སྙམ་གྱི་ཡོད། ལར་འུ་ཚོའི་སྙན་ངག་དང་མི༼སྙན་ངག་པ ༽གཉིས་ཀ་ནི་གཞིས་བྱེས་ཁ་ཐོར་དུ་སོང་འདུག་པ་ཞིག་རེད། དེ་ལ་སྐད་ཆ་ཚིག་གཅིག་གིས་དཔེ་ཞིག་བཞག་ན། གནའ་བོའི་མཁས་པ་ལྡེའུ་ལགས་ཀྱིས་བརྩམས་གནང་མཛད་པའི་ལོ་རྒྱུས་ནང་དུ། སྔོན་ཆད་བོད་ཀྱི་བློན་པོ་ཞིག་གིས་རང་གི་རྗེ་བོ་ལ་ཞུ་རྒྱུར། ༼སྐོལ་གྱི་སྲིད་སྲིད་དུ་མ་རུང་། ཆོས་ནི་ཆོས་སུ་མ་རུང་སྟེ། ཡུལ་གྱི་མི་དབུལ། ཉམས་ཀྱི་སྲིད་དམའ༽ཞེས་སྤྱི་བསྡོམས་མཛད་པ་དང་འདྲ་བར། མི་དང་སྙན་ངག་དོ་མི་མཉམ་པ་དང་། སྙན་ངག་དང་མི་མཉམ་གནས་མི་ཐུབ། མི་དང་བརྩམས་ཆོས་ཁ་ཐོར་དུ་སོང་། བརྩམས་ཆོས་དང་མི་རྒྱབ་འགལ་དུ་གྱུར་པས། འཚོ་བ་དངོས་ཀྱི་བརྡབ་གསིག་དང་འཕྲད་དུས། ང་ཚོར་སྐད་སྒྲ་མེད་ལ། ང་ཚོས་རང་ཉིད་ཀྱི་དར་ཤིང་ལྟ་བུའི་ལག་པ་ཡར་འཕྱར་མི་ཐུབ། ང་ཚོ་མུན་ནག་གི་ཁྲོད་དུ་ཡུལ་གྱར་ལ་ཕྱིན། དོན་དངོས་སུ། ང་ཚོར་སྐྱོ་གར་སྙིང་སྟོབས་མེད། ང་ཚོའི་ཚེ་སྲོག་གི་རྔུལ་ཆུ་གང་དུ་བཞུར་སོང་ངམ། ས་འཁྱག་རྡོ་འཁྱག་གི་ཁང་པ་འདིའི་ནང་ནས་གཅུན་སྒྲོག་དང་འཐབ་རེས་བྱས་བྱས་པ་ལ། ངེས་འབྱུང་སྐྱོ་ཤས་མ་ཡིན་པར་ང་རང་གཞི་ནས་སད་ཐུབ་པ་ཞིག་བྱུང་། དམིགས་པ་ཡོད་པའི་སྒོ་ནས་མི་སྙན་ངག་ལ་སྟིམ་པ་དང་། སྙན་ངག་མི་ལ་སྟིམ་པའི་དམིགས་བསལ་གྱི་འདུན་པ་དེ
༼བཙོ་སྦྱངས༽བྱས་ནས་རྙེད་དགོས་བྱུང་། སྙན་ངག་ནི་རང་དབང་གི་བསམ་བློ་ཞིག་ཡིན་པ་མ་ཟད། སྙན་ངག་ནི་བསམ་པའི་འཇིག་རྟེན་ཆེན་པོ་ཞིག་ཡིན། ཞིས་ལས་ཡྰ་ཡི་དེང་རབས་སྙན་ངག་པ་གྲགས་ཅན་ཨྰ་ཏོ་ནེའུ་ཟི་ལགས་ཀྱིས“༼སྙན་ངག་མེད་ན། མ་འོངས་པ་མེད༽ཅེས་དབང་བསྐུར་མཛད་པ་ལ་རྒྱུ་མཚན་ཡོད་པ་དང་། ཨྰེ་འུར་ལན་གྱི་སྙན་ངག་པ་རྣམ་དཔྱོད་ཅན་ཡེ་ཚི་ལགས་ཀྱིས
༼ང་ཚོས་སྙན་ངག་དེ་འདྲ་མང་པོ་ཞིག་བཀླགས་ལ། རི་མོ་དེ་འདྲ་མང་པོ་ཞིག་ལ་བལྟས་ཤིང་། རོལ་དབྱངས་དེ་འདྲ་མང་པོ་ཞིག་ལ་ཉན་པ་དང་། རྩོམ་རིག་སྒྱུ་རྩལ་ཁྲོད་ཤ་ཁྲག་གི་འབོད་པ་དང་རྣམ་ཤེས་ཀྱི་འབོད་པ་གཉིས་གཞི་གཅིག་ཏུ་འདྲེས་ཤིང་་འབྲེལ་ཡོད་ན།
ང་ཚོས་གཏུམ་སྤྱོད་དང་གུས་མེད་ཀྱིས་འཇིག་རྟེན་འདོར་མི་རུང༽ཞེས་བོས་བོས་པ་ལའང་མི་ཉན་ཀ་མེད་བྱུང་། དོན་དུ་སྙན་ངག་ནི་མ་འོངས་པ་དང་འཇིག་རྟེན་གྱི་སྤྱི་ཚིས་བདེ་སྡུག་སོགས་ལ་འབྲེལ་བ་ཡོད་པ་བསྙོན་དུ་མེད། ངས་ད་རུང་གོ་སོང་། “སྙན་ངག་གི་ཕ་རྒན་གྱི་མིང་གིས་འབོད་པའི་རླབས་ཆེན་གྱི་སྙན་ངག་པ་ཧོ་མེར་གྱི་ལོ་རྒྱུས་སྙན་ངག༼ཨྰེ་ལེའུ་ཡ་ཏི༽(Iliad)ཡི་ནང་ན་ཡོད་པའི་དགའ་བ་དང་སྡང་སེམས། འཐབ་འཛིང་།
གཏམ་བརྗོད། བགྲེས་རྒུད། སྐྱེ་འཆི།
འཚོ་བ་དང་འབྲལ་ཐབས་མེད་པ་དག་སྙན་ངག་ལས་བྱུང་བ་དང་། སྙན་ངག་ནི་ཡི་གེ་ལས་སྔ་བའི་གླུ་བ་ཞིག་སྟེ། དེས་ང་ཚོར་སྔ་མོ་སྔ་མོ་ནས་དབང་བསྒྱུར་མཛད་འདུག་ན། དེ་རིང་ཡང་ང་ཚོའི་ནམ་མཁའ་དང་མི། ས་གཞི་གསུམ་མཉམ་གནས་བྱེད་པ་ལ་སྙན་ངག་ནི་མེད་དུ་མི་རུང་། དེ་བཞིན་དུ།
༼སྙན་ངག་མེད་ན་མི་རྣམས་འཚོ་བ་དོན་ཡོད་མིན༽ཞེས་པའི་གསུངས་སྐད་དྲོན་མོ་དེའང་གནད་འདི་ལ་ཐུག་འདུག་པ་བསྙོན་དུ་མེད། ང་ཚོའི་རང་བཞིན་ལྷད་མེད་ལ་ཚུལ་འཆོས་ཀྱི་སྒྲིབ་པ་ཡོད་པའི་དུས་དང་། འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གིས་ང་ཚོའི་ཞེ་མཐིལ་གློ་བུར་གློ་བུར་དུ་མནན་པའི་སྐབས་དག་ཏུ། འཚོ་བའི་རྦ་རླབས་ཀྱི་ནང་དུ་མཆོང་བ་དང་མཆོངས་ནས་ཕྱིར་ལ་འབུད་པའི་སྐབས་དག་ཏུ། ཕོ་ཚོད་ཀྱི་བག་ཆགས་སད་མ་ཐུབ་པར་སྐྱེ་རྨོངས་ཀྱི་དབང་དུ་ལུས་པའི་སྐབས་དག་ཏུ། དཔྱོད་ཤེས་ཀྱིས་རྔོ་ཅི་ཡང་མི་ཐོགས་པ་དང་ཐག་ཅི་ཡང་མི་ཆོད་པར་ཐེ་ཚོམ་གྱི་སྒྲིབ་པ་ཆེ་བའི་སྐབས་དག་ཏུ།
ཕུགས་བསམ་གྱི་འདུན་པ་དེ་དྲན་པ་ལ་རྩེ་གཅིག་ཏུ་གནས་པ་ལ་དཔུང་རོགས་བརྩན་ཐག་ཆོད་པ་ཞིག་དགོས་པའི་སྐབས་དག་ཏུ། མི་འདོད་པ་ཐོག་ཏུ་བབས་པ་ལ་བསམ་བློའི་ཕྱིར་རྒོལ་དགོས་པའི་སྐབས་དག་ཏུ། དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ་བ་རྣམས་ལ་མེ་ཏོག་ཕྲེང་རྒྱུད་ཀྱི་མཚན་སྙན་དང་གཟི་བརྗིད་ཀྱི་འབུལ་བ་གནང་དགོས་པའི་སྐབས་དག་ཏུ། ཕྱི་རབས་པ་རྣམས་ལ་འཇིགས་མེད་བསྙེངས་བྲལ་གྱི་རྣམ་ཤེས་ཀྱི་སྟོབས་ངོམ་པའི་དཔའ་བོའི་ཆོད་སེམས་ལ་རྒྱང་འབོད་མཛད་དགོས་པའི་སྐབས་དག་ཏུ། ༼རྒྱལ་སྲིད་དར་ནུབ་ཆུ་ཡི་ཝུ་བ་བཞིན་དང་དབང་གྲགས་འཇའ་ཚོན་ཇི་བཞིན་སྙིང་པོ་མེད༽པའི་སྐབས་དག་ཏུ།
བསླུ་མེད་ལས་ཀྱི་འབྲས་བུ་སྨིན་པ་ལ་དགའ་མགུ་རང་པའི་བསམ་པ་ཟག་མེད་ཀྱི་བདེ་བས་སྨྱོས་པའི་སྐབས་དག་ཏུ། ཁྲེལ་དང་ངོ་ཚ་རྒྱུ་འབྲས་དག་ལ་ཡིད་ཀྱི་གཙིགས་མཐོང་གི་བདེན་པ་སྨྲ་དགོས་པའི་སྐབས་དག་ཏུ།
སྐྱེ་དངོས་ཀྱི་གནས་ལུགས་ཀྱི་བདེན་དགེ་མཛེས་པ་རང་བཞིན་དུ་ལྷང་ལ་འཕུད་དགོས་པའི་སྐབས་དག་ཏུ།
ཉི་ཟླས་སླེབས་སོ་ཅོག་གི་ཁམས་ཧྲིལ་བོ་བག་ཆགས་ཀྱི་ནང་དུ་བསྡུ་དགོས་པའི་སྐབས་དག་ཏུ། དམག་འཁྲུག་དང་མུ་གེ ལྟོག་སྐོམ།
དབང་ཤེད། བརྙས་བཅོས། བཙན་འཛུལ་སོགས་ལ་ཕར་རྒོལ་བྱེད་པའི་བསམ་བློའི་སྙིང་སྟོབས་ཀྱི་རྩལ་རྣམས་གོང་བུར་དྲིལ་དགོས་པའི་སྐབས་དག་ཏུ། རྫུན་རྫུས་གཡོ་གསུམ་གྱི་གདོང་འབག་དམར་བཤུ་མ་བྱས་ཐུ་མེད་བྱུང་བའི་སྐབས་དག་ཏུ། ཨ་མ་དམ་པའི་མཉེས་གཤིན་གྱི་རྣམ་པ་ཡིད་ལ་ཏུར་རེར་དྲན་པའི་སྐབས་དག་ཏུ། ཡིད་དུངས་དུངས་པའི་ངང་ལ་མིག་ཆུ་ཉིལ་ལེ་བ་གཏོང་བའི་སྐབས་དག་ཏུ། སྡུག་སྐད་ལྷུང་ལྷུང་འབྱིན་པའི་བྱེའུ་ལ་སེམས་གསོ་གནང་དགོས་པའི་སྐབས་དག་ཏུ། རྩྭ་ཉག་ཆུ་ཐིགས་ཙམ་གྱི་ཡང་ལྕི་ཚོར་བས་གཞལ་དགོས་པའི་སྐབས་དག་ཏུ། གནས་ལུགས་ཀྱི་རྡུལ་ཕྲ་མོ་ཕྲ་མོ་ཙམ་གསེད་དགོས་པའི་སྐབས་དག་ཏུ། གནད་ལ་ཐུག་པ་ཞིག་བསྣུན་དགོས་པའི་སྐབས་དག་ཏུ། འགྲོ་མིའི་སྐྱེས་ཐོབ་དང་རང་དབང་གི་ཆེད་དུ་ཡར་ལངས་དགོས་པའི་སྐབས་དག་ཏུ། མི་རིགས་ཀྱི་རྣམ་ཤེས་འགུགས་འབོད་མ་བྱས་ཐུ་མེད་ཀྱི་སྐབས་དག་ཏུ། ཕ་གཞིས་མ་ལག་ཚང་མ་ཞི་བདེ་ཡོང་བ་ལ་སྨོན་ལམ་གྱི་མཆོད་མེ་འདེགས་པའི་སྐབས་དག་ཏུ། གཞོན་ནུ་རྣམས་ཀྱི་སེམས་ཀྱི་རྒྱ་མཚོ་ཆེན་པོ་ཡང་ཡང་སྐྱོམ་པའི་སྐབས་དག་ཏུ། ཆེས་ཐོག་མའི་རྫི་གསང་ཡི་གེ་ལམ་ནས་མཚོན་དགོས་པའི་སྐབས་དག་ཏུ། སྒྲིབ་མེད་གསལ་རྗེན་དུ་ཕུད་ནས་ལྷང་ངེར་སྟོན་དགོས་པའི་སྐབས་དག་ཏུ། དཀར་ནག་དགེ་སྡུག་གི་ངོ་བོ་དོང་སྤྲུགས་བྱེད་དགོས་པའི་སྐབས་དག་ཏུ། སྙིང་རྗེ་དང་རྒྱུ་འབྲས་དང་བརྩེ་དུངས་དང་བདེན་པ་དང་བྱམས་པ་སོགས་རྦད་དེ་མེད་པའི་ཁང་པ་ཞིག་གི་ནང་དུ་ཁེར་རྐྱང་དུ་ཉིན་མཚན་མང་པོ་མང་པོ་ལ་སྡོད་དགོས་པའི་སྐབས་དག་ཏུ། གཉའ་གནོན་དང་སྡོམ་གཅུན་དང་བཀག་འགོག་དང་བརྙས་བཅོས་དང་དྲག་ཤུལ་དང་གཏུམ་དབང་སོགས་ཀྱི་འོག་ཏུ་ཡུན་རིང་ཡུན་རིང་ལ་འདུག་དགོས་པའི་སྐབས་དག་ཏུ། བཀས་བཀོད་རྒྱུད་འཛིན་དང་། མ་རྩ་རིང་ལུགས་དང་། བཙན་རྒྱལ་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་སོགས་ཀྱི་སྣང་བརྙན་ཆེན་པོ་དག་ལ་གདོང་གཏུགས་ནས་ཕམ་སོང་བའི་མཁས་པ་དང་བླུན་པོ་དང་ཕྱུག་པོ་དང་དབུལ་བོ་དང་བུད་མེད་དང་བྱིས་པ་དང་རྒན་རྒོན་དང་སྐྱེས་པ་རྣམས་ཀྱི་ལས་དབང་གི་སྐྱོ་གར་ཡོད་ཚད་རི་མོ་དང་རོལ་མོ་དང་སྙན་ངག་གིས་མཚོན་དགོས་པའི་སྐབས་དག་ཏུ།
ཆབ་སྲིད་དང་ཆོས་ལུགས་དང་དཔལ་འབྱོར་དང་ཚན་རིག་དང་དམག་དོན་སོགས་ཀྱི་ང་རྒྱལ་གྱི་གྲགས་སྐམ་ཆེན་པོས་གང་ས་གང་དུ་གཡོ་འཁྱོམ་དང་བརྡབ་ཞོགས་ལངས་དུས།
ད་དུང་ཡང་ང་ཚོ་དང་ང་ཚོའི་རྣམ་ཤེས་འདི་འདུག་སའི་ཡུལ་གཙང་མ་ཞིག་ལྷག་ཡོད་པ་དེ་ནི་སྙན་ངག་མ་ཡིན་ནམ།
གནའ་བོའི་ཀེ་རི་སིའི་རོ་མའི་སྟོབས་འབྱོར་མངའ་ཐང་ཆེན་པོ་དེ་ཡོངས་སུ་རྒུད་ནས་དེ་རིང་དངོས་གཟུགས་ཀྱི་སྙིགས་ཕུང་ཞིག་ལས་ཅི་ཡང་ལྷག་མི་འདུག་ནའང་། ཁྱུ་མཆོག་ཆེན་པོ་ཧོ་མེར(Homer)དང་བྰེར་རྗེ་ཨོ(Virgil)ཡི་དགོངས་པ་དང་རྣམ་དཔྱོད་མཚོན་པའི་སྙན་ངག་ནི་ད་ལྟ་ད་རུང་སྐྱེ་སྟོབས་དང་གསོན་ཉམས་ལྷང་ངེར་ཡོད་པ་དང་། དབྱི་ཐ་ལའི་སྙན་ངག་གི་སྐྱེས་ཆེན་ཏན་ཐི(Dante)ལགས་ཀྱི༼ལྷའི་རོལ་དབྱངས༽ཁྲོད་ཀྱི་རྫོགས་ལྡན་རིག་གནས་ཀྱི་ངོ་བོ་མཐོང་ཐུབ་པ་དང་། “ཆེས་རྟག་བརྟན་གྱི་དགའ་བ་དང་གདུང་སེམས་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་སྙན་ངག་གི་བཙོ་སྦྱངས་ལས་བྱུང་བའི་འགྲོ་མིའི་གྲེ་འཛེར་འོ་དོད་ཀྱི་འབོད་པ་དེ་ད་ལྟ་ད་དུང་ས་ལེ་སིང་ངེ་བའི་ངང་དུ་ཡོད་པ་དང་། དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་གྱི་སྙན་ངག་ནང་ནས་ཆེས་དག་གཙང་དང་མཛེས་པ་མཁའ་ཁྱབ་ཀྱི་སྙན་ངག་ཏུ་འབོད་པའི་རྩོམ་མཁན་ཨྰ་ནེའུ་ཨོ་ཟི་ཐི་ལགས་ཀྱི༼སྨྱོ་ཧམ་ལྡན་པའི་ཨྰོ་ལན་ཏོ༽ཡི་ནང་དུ་ཡོད་པའི་བུད་མེད་དང་སྐྱ་མྱི། གྲི་མཚོན་དང་བརྩེ་དུངས། གཡུལ་འཛིང་གི་འཚོ་བ་མཚོན་པའི་འཆར་ཡན་གྱི་སྙན་ངག་རིང་མོ་དེ་ད་ལྟ་ད་དུང་མགུར་མ་སི་ལི་ལི་དང་བརྡ་གླུ་ཀྱུ་རུ་རུར་ཡོད་པ་དང་། རང་རེ་བོད་ལའང་རིག་པ་ཀློང་བརྡོལ་གྱི་མི་བུ། འཁོར་བ་དོང་སྤྲུགས་བྱེད་པའི་སྙན་ངག་མཁན་པོ་གཙང་སྨྱོན་ཧེ་རུ་ཀ་དང་རྫ་དཔལ་སྤྲུལ་སོགས་ནི་སྙན་ངག་པ་ལ་མི་བརྩི་སུ་བརྩི།
ཁོང་ཚོའི་གཏམ་བརྗོད་དང་སྙན་ངག་གི་ནང་ན་ད་ལྟ་ད་དུང་ཕྱི་གཙང་ནང་གཙང་པད་མའི་སྦུབས་ལྟ་བུའི་བོད་སྐད་ཀྱི༼འཁོར་བའི་སྒྲུང༽གོ་ཐུབ་པ་རེད།
རྒྱུ་མཚན་དེ་དག་གི་རྐྱེན་གྱིས་སྙན་ངག་ལས། མི་དང་རིག་གནས། འཇིག་རྟེན་སོགས་ཀྱི་རྒྱ་ཁྱོན་ཆེན་པོ་དེ་མཐོང་ཐུབ་པ་དང་།དུས་མཚུངས་སུ།
སྙན་ངག་གིས་མི་དང་རིག་གནས།འཇིག་རྟེན་གྱི་རྒྱ་ཁྱོན་ཆེན་པོ་དེ་ལ༼དཀྱེལ་ཡངས༽བྱེད་པ་མ་ཟད།
མི་དང་རིག་གནས། འཇིག་རྟེན་གྱི་རྒྱ་ཁྱོན་ཆེན་པོ་དེ་ཁ་སང་དང་དེ་རིང་མ་འོངས་པ་གང་ཡིན་ནའང་ནང་དུ་ཤོང་ཐུབ་པ་རེད།
དེ་དང་དེ་ལྟ་བུའི་སྙན་ངག་རྩོམ་མཁན་རྣམས་ནི་མི་ཚེ་གང་ལ་སྙན་ངག་རྩོམ་པའི་རྣམ་དཔྱོད་དང་སྙིང་སྟོབས་ལ་འགྲོགས་ནས་ཡོད་པ་དེ་བདེ་སྐྱིད་ལྡན་པ་ཞིག་རེད།
མི་དང་སྙན་ངག་མཉམ་གནས་ཐུབ་པ་དང་། བརྩམས་ཆོས་དང་མི་ལྷན་འཛོམས་ཐུབ་པ་དེ་ནི་རིག་གནས་ཀྱི་སྙིང་སྟོབས་ཤིག་ཡིན་པ་མ་ཟད།
མི་དང་རིག་གནས། རིག་གནས་དང་མིའི་བར་དུ་མེད་ཐབས་མེད་པའི་འབྲེལ་བ་ཞིག་ཡིན་པ་རེད། གལ་ཏེ་དེ་ཉིད་མེད་པར་གྱུར་བའི་དབང་དུ་བཏང་ན་ནི།
མིའི་རྣམ་ཤེས་དང་སྙིང་སྟོབས། རྣམ་དཔྱོད། བརྩེ་བ་དང་རྒྱུ་འབྲས། ངོ་ཚ་དང་འདུ་ཤེས་སོགས་སྒྱིད་ལུག་ནས་སྒྱིད་ལུག་ཏུ་གྱུར་ཏེ་ང་ཚོ་སླར་ཡང༼ཐང་སྟོང༽དུ་ཁེར་རྐྱང་ལ་ལུས་འགྲོ་བ་མ་ཡིན་ནམ།
ཁོ་བོས་འདོད་པའི་སྙན་ངག་དེ་རྣམ་པ་རིང་ལུགས་ཀྱི་སྙན་ངག་ཙམ་དང་ཁོ་བོས་འདོད་པའི་སྙན་ངག་དེ་རྣམ་པ་རིང་ལུགས་ཀྱི་སྙན་ངག་ཙམ་ལ་གོ་བ་བླངས་སོང་ན་ནི་ཁྱོད་ཉིད་རྦད་དེ་གོ་འཛོལ་བྱུང་སོང་བ་ཡིན།
མི་རིགས་ཤིག་གི་སྙན་ངག་གི་རེ་བ་དེ་སྙན་ངག་གི་ངོས་ཁོ་ནར་མེད་ལ།སྙན་ངག་པའི་ངོས་རྐྱང་པའི་ཐོག་ནའང་ཡོད་པ་མ་ཡིན་པར།
སྙན་ངག་དང་སྙན་ངག་པ་གཉིས་ཀ་ཕན་ཚུན་རྐྱ་འཐབ་པ་དང་མཉམ་གནས་ཐུབ་པའི་ཚད་མཐོ་བའི་བསམ་པའི་བློ་སྦྱོང་ཐུན་མོང་མ་ཡིན་པ་ཞིག་དང་འབྲེལ་བ་ཡོད་པ་རེད་ལ།
གཏིང་ཟབ་མོ་བྱས་ནས་བཤད་ན།སྙན་ངག་ནི་མིའི་རྣམ་ཤེས་ཀྱི་སྟེང་དུ་རྟག་པར་ཡོད་པའི༼དད་མོས༽ཡིན་འོས་པ་དང་།
སྙན་ངག་གི་རིག་གནས་དབང་བཙན་པོ་དེ་རྣམ་ཤེས་ཀྱི་ཐོག་ཏུ༼དད་མོས༽ཀྱི་ནུས་སྟོབས་སུ་གྱུར་ནས།
སྙན་ངག་པའི་འདུ་ཤེས་དེ་རྩ་ཐིག་རླུང་གསུམ་གྱི་ནང་དུ་ཁྱབ་ཐུབ་ཡོད་པ་ཞིག་ལ་གོ་དགོས་པ་དང་།
དེ་ལྟ་བུའི་སྙན་ངག་པ་ནི་རྟག་བརྟན་གྱི་སྙན་ངག་པ་ཡིན་པ་དང་། སྙན་ངག་བདག་གིར་འཛིན་པའི་དབང་ཆ་ཡོད་པ་རེད།
གོང་དུ་སྙན་ངག་ནི་མི་དང་རིག་གནས། འཇིག་རྟེན་གྱི་རྒྱ་ཁྱོན་ཆེན་པོ་དེ་ནང་དུ་ཤོང་ས་ཞིག་ཡིན་ཞེས་བརྗོད་པ་བཞིན་ང་ཚོ་ལ་སྙན་ངག་དགོས་པ་དང་།
སྙན་ངག་གི་རིག་གནས་སྙིང་སྟོབས་དེ་བས་ཀྱང་དགོས། སྙན་ངག་གི་དམིགས་ཡུལ་ནི་མི་བཅིངས་འགྲོལ་དང་མི་རྨོངས་སད་གཏོང་རྒྱུ། མ་བཅོས་པ་དང་མཛེས་པ་སྔོག་རྒྱུ་ཡིན་པ་ལ་ངོས་བཟུང་ཡོད་པས། བདག་གི༼སྙན་ངག་ནི་མཚན་ཉིད་རིག་པ་གཞན་ཞིག་ཡིན༽ཞེས་བརྗོད་དགོས་བྱུང་བ་དང་།
ཚེ་སྲོག་དང་སྐད་ཡིག་གི་ཆེས་གཏིང་ཟབ་པའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་མི་བརྗོད་ཐུ་མེད་བྱུང་སོང་།
རྒྱུ་མཚན་དེ་ལ་བརྟེན་ནས་གནས་ལུགས་ཤིག་རྙེད་པ་ནི་སྙན་ངག་པ་ནི་འདུལ་སྦྱོང་བྱས་ཐུབ་པ་ཞིག་ཡིན་མི་འོས་ལ།
༼འདུལ་སྦྱོང༽གིས་སྙན་ངག་པའི་རིག་གནས་སྙིང་སྟོབས་བཀུམས་ཐུབ་པ་ཞིག་དེ་བས་ཀྱང་ཡིན་མི་འོས།
རྩ་བའི་རྩ་བར་གྱུར་པ་ཞིག་ནི། ཡུལ་དུས་གང་དུའང་སྙན་ངག་པ་ནི་སྙན་ངག་གི་རིག་གནས་སྙིང་སྟོབས་རྒྱུད་ལ་ཡོད་པའི་སྐྱེས་བུ་ཞིག་ནམ་ཡང་ཡིན་དགོས།
ཤ་སྟག་སྨྲ་བ་པའི་སྐྱེ་མཆེད་བཅོ་བརྒྱད།
གཅིག
ཤ་སྟག་སྨྲ་བ་པའི་ངོས་ནས་སྙན་ངག་ནི་སྐད་ཆའི་བརྡ་སྤྲོད་དང་བསམ་བློའི་སྒྱུ་རྩལ་མཚོན་པའི་ལྟོས་མེད་ཀྱི་དབང་ཆ་ཞིག་ཡིན་དགོས་པ་དང་།
དེ་ནི་རང་དབང་གཙང་མའི་སྐད་ཆའི་བརྡ་སྤྲོད་དང་བསམ་བློའི་སྒྱུ་རྩལ་གྱི་ཚབ་བྱེད་ཐུབ་པའི་ལྟོས་མེད་ཀྱི་དབང་ཆ་ཞིག་ཀྱང་ཡིན་དགོས་ཀྱི་ཡོད་ལ།
སྙན་ངག་ནི་དགེ་སྡིག་ལེགས་ཉེས་གཙང་བཙོག་ཐམས་ཅད་ཀྱི་གདོང་དུ་ལངས་པ་ལ་རང་དབང་ཡོད་པ་དང་དབང་ཆ་ཡོད་པའི་སྐད་བརྡའམ་བསམ་བློའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་འདོད་ཚུལ་བཟུང་ཡོད་པ་རེད།
གཉིས།
ཤ་སྟག་སྨྲ་བ་པའི་ངོས་ནས་འགྲོ་མི་ནི་འཚོ་བ་དང་རང་དབང་།
ཤེས་པ། རྒྱུ་འབྲས། བརྩེ་གདུང་བཅས་ལ་ལྷན་དུ་ཡོད་པ་ཞིག་ཡིན་པ་དང་། དེ་བཞིན་སྙན་ངག་ནི་འགྲོ་མི་དང་འཚོ་བ།
རང་དབང་། ཤེས་པ། རྒྱུ་འབྲས། བརྩེ་གདུང་། སྒྱུ་རྩལ་བཅས་ལ་ལྷན་དུ་ཡོད་པ་ཞིག་ཡིན་དགོས་པའི་འདོད་ཚུལ་བཟུང་ཡོད་པ་རེད།
གསུམ།
ཞི་འཇགས་ཀྱི་རྣམ་པར་གནས་པའི་རང་བྱུང་དང་།
རྩད་པ་ཡོད་པའི་ལྷན་སྐྱེས་ཀྱི་མཛེས་པ། ལྷད་ཀྱིས་མ་གོས་པའི་གཉུག་གཤིས་བཅས་ལ་དད་གུས་བྱེད་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
བཞི།
ཤ་སྟག་སྨྲ་བ་པའི་དམིགས་ཡུལ་ནི་སྙན་ངག་ལ་ཁ་གྲག་ཏུ་འཇུག་རྒྱུ་དང་།
སྙན་ངག་གི་ཕུགས་ན་ཡོད་པའི་བསྡུས་གཟུགས་དང་སྣང་བརྙན་གྱི་སྡེ་དེ་ལ་ཁ་གྲག་ཏུ་འཇུག་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
ལྔ།
"ང"ནི་འཐབ་རྩོད་ཀྱི་ཁྲོད་དུ་གནས་པ་ཞིག་ཡིན།
འོན་ཀྱང་"ང"ལ་ད་དུང་ཀུན་སྤྱོད་དང་སྙིང་རྗེ། ངོ་ཚ་ཡོད་དགོས་པའི་འདོད་ཚུལ་ཆགས་ཡོད་པ་རེད།
དྲུག
ང་ཚོའི་སྙན་ངག་ནི་སྐད་ཡིག་གི་སྒྱུ་རྩལ་ཞིག་ཡིན་པ་དང་།
བསམ་བློ་དང་ཕུགས་བསམ་ཡོད་པའི་སྐད་ཡིག་གི་སྒྱུ་རྩལ་ཞིག་ཡིན་དགོས་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་རེད།
བདུན།
ཤ་སྟག་སྨྲ་བ་པས་རང་ཉིད་ལ་འཚམ་པོ་མེད་པའམ་མཚོན་སྟོབས་ཀྱིས་ཕུངས་པའི་ཚིག་རྒྱན་དང་ཐ་སྙད་བེད་སྤྱོད་མི་བྱེད།
དོན་མེད་སྤམ་རྫུའི་སྐད་ཆ་ཚིག་གཅིག་གིས་ཀྱང་སྙན་རྩོམ་ཧྲིལ་བོའི་དབང་རྩ་ལྷོད་པ་ལ་གནོད་པའི་ལྟ་ཚུལ་འཛིན་རྒྱུ་དང་།
རང་ཉིད་ཀྱི་སྙན་རྩོམ་གྱི་གཤིས་རྒྱུད་དང་། བརྩེ་དུངས། བསམ་བློ་བཅས་ལ་འཚམ་པོ་ཡོད་པའི་ཐ་སྙད་དང་ཚིག་གི་དབྱངས་འགྲོས་ཀྱི་སྦྱོར་བས་སྙན་རྩོམ་ལ་རོལ་མོའི་སྲོག་དབང་ཡོད་དགོས་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
བརྒྱད།
རྒྱུན་ལྡན་གྱི་འཚོ་བ་ཁོ་ན་ལ་བསྟོད་གླུ་བླངས་ནས་བསྡད་པས་སྙན་ངག་ཅི་ཞིག་ཡིན་པ་ཧ་གོ་མི་ཐུབ་ལ།
ཐ་ན་སྙན་ངག་པ་རང་ཉིད་ཀྱང་ཅི་ཞིག་ཡིན་པ་ཧ་གོ་མི་ཐུབ་པ་རེད། དེ་བས་ཤ་སྟག་སྨྲ་བ་པས་འཚོ་བའི་འགལ་ཟླ་སྣ་ཚོགས་དང་ཐོད་གཏུགས་བྱེད་པ་དང"རང་ཉིད་བློས་བཏང"སྟེ།
རྨི་ལམ་དང་སྟོང་བསམ་ལས་འགོངས་པའི་གསར་རྩོམ་བྱེད་དགོས་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
དགུ།
སྐད་ཅིག་མའི་བསམ་བློ་དང་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ལ་བརྟེན་ནས།
རིམ་བཞིན་སྙན། འཇེབས། ཟབ། བརླིང་སོགས་ནན་ཏན་དང་གཏན་ཚིགས་ཀྱིས་གྲུབ་པའི་དོན་སྙིང་གཞིས་ཆགས་དགོས་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
བཅུ།
བཅུ་གཅིག
སྙན་ངག་ནི་མི་དང་ཐག་ཉེ་པོ་འོང་བ་དང་།
དམངས་ཁྲོད་ཀྱི་སྐད་ཆ་དང་ཐག་ཉེ་པོ་འོང་པ། དངོས་ཡོད་དང་ཐག་ཉེ་པོ་འོང་བ་བཅས་ཀྱི་སྐད་བརྡའི་སྣང་བརྙན་གྱི་སྒྱུ་རྩལ་ཤོང་ཡངས་དང་ལྡན་པ་ཞིག་ཡིན་དགོས་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
བཅུ་གཉིས།
སྙན་རྩོམ་ནི་ཧ་ཅང་ཧ་ཅང་ཞིབ་ཕྲ་བྱེད་དགོས་པའི་རིག་པ་ཞིག་ཡིན་ལ།
སྙན་རྩོམ་རང་ངོས་ཀྱི་ཡིད་འགུག་གི་ནུས་པ་གཙོ་བོའང་ཞིབ་ཕྲ་རང་རེད། ཞིབ་ཕྲ་མ་འོང་པའི་སྙན་རྩོམ་ནི་སྐད་ཆ་དང་བསམ་བློ་གང་གི་ཆ་ནས་ཀྱང"རྨོངས་པ"ཞིག་ཡིན་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
བཅུ་གསུམ།
ཤ་སྟག་སྨྲ་བ་པ་ནི་དོན་དངོས་ཀྱི་འཚོ་བའི"བཙོ་སྦྱངས"ཁྲོད་ན་གནས་པ་ཞིག་ཡིན།
དེས་མི་ཚེའི་སྐྱིད་སྡུག་དང་ཆག་འཇིག་ལ་དགའ་ཕོད་པ་དང་སྡང་ཕོད་པ་རྩོམ་ཕོད་པ་བཅས་ཀྱི་འདོད་ཚུལ་བཟུང་ཡོད་པ་རེད།
བཅུ་བཞི།
སྙན་ངག་ནི་སྙན་ངག་པ་ལ་དམིགས་བསལ་དུ་དབང་བའི"མི་སྒེར་གྱི་ཆོས་ལུགས"ཡིན་པ་དང་།
དུས་མཚུངས་སུ། དེ་ནི་བསམ་པའི་སྙིང་སྟོབས་ཀྱི་བདག་པོ་ལ་ངོས་བཟུང་ཡོད་པ་དང་། དེ་ཉིད་རྣམ་ཤེས་ཀྱི་ནང་དུ་འདྲེས་པ་ནས་བཟུང་།
གཞན་པའི་དངོས་པོ་དང་དབང་ཆ་སོགས་གང་གིས་ཀྱང"གཞུང་བཞེས"བྱ་མི་ཐུབ་པའི་འདོད་ཚུལ་ཆགས་ཡོད་པ་རེད།
བཅོ་ལྔ།
བདག་གིས་ཁ་བའི་ལྗོངས་ནི་དགའ་ལྡན་དུར་ཁྲོད་ཀྱི་བྱ་རྒོད་ལ་དཔེ་བླངས་ཡོད་པ་དང་།
གཞན་གྱིས་ཚབ་ཏུ་མི་འོང་བའི་དད་མོས། སྐད་ཡིག སྙན་ངག་གསུམ་ནི་དེ་ཡི་དོན་དམ་པའི་ཐེར་ཟུག་གི་བདག་པོ་ཡིན་པ་ར་སྤྲོད་བྱེད་རྒྱུ་ཡིན།
བཅུ་དྲུག
བོད་ཆེན་པོ་ནི་ཐ་ཤལ་ཟོབ་རྫུའི་སྲིད་ལུགས་མི་དགོས་པའི་མིའི་རིགས་ཀྱི་སྤྱི་ཚོགས་གཞན་ཞིག་ཡིན་པ་དང་།
ང་ཚོ་ལ་རང་ཉིད་དང་འཚམ་པའི་བསམ་པའི་ཕུགས་བསམ་གྱི་རྫོགས་ལྡན་འཇིག་རྟེན་སྟོན་རྒྱུ་ཡོད།
དུས་ནམ་ཡང་། ང་ཚོ་ནི་རང་ཉིད་ཀྱི་ཁྲག་དྲོན་དང་རྔུལ་ཆུ། ལོ་རྒྱུས། རིག་གནས། སྒྱུ་རྩལ།
དད་མོས། སྙན་ངག་སོགས་ལ་བརྟེན་ནས་འཚོ་བ་གཙང་མ་རོལ་དགོས་པའི་འབོད་པ་ཚ་བོ་སྒྲོག་རྒྱུ་ཡིན།
བཅུ་བདུན།
ཤ་སྟག་སྨྲ་བ་པས་གཞུང་ཕྱོགས་དང་གཞུང་ཕྱོགས་ཀྱི་རྣམ་པ་དང་ངོ་བོ་ཡོད་པའི་རྩོམ་རིག་གི་དུས་དེབ་དང་།
ཚགས་པར། ཚོགས་འདུ། གཏམ་བཤད། མི་སྣ། ཐ་ན་པར་སྐྲུན་དང་བཅས་པ་ལ"མཉམ་ལས"མི་བྱེད་པ་དང་།
ས་ས་མལ། རྡོ་རྡོ་མལ་བྱས་ནས་དམིགས་པ་མཐའ་སྐྱེལ་བྱེད་རྒྱུ་ཡིན།
བཅོ་བརྒྱད།
ཕྱི་ཡི་རང་དབང་དང་ནང་གི་རང་དབང་གཉིས་ཀ་དུས་མཉམ་དུ་འཚོལ་གྱིན་ཡོད།
དེ་གཉིས་ཀ་ཕན་ཚུན་དཔུང་སྡེབ་ན་རང་དབང་གི་འདུ་ཤེས་རྣལ་མ་ཡོད་པའི་མི་ཞིག་ཡར་འགྲེང་ནུས་པ་དང་།
དེ་ལ་ད་གཟོད་རྨི་ལམ་དང་སྒྱུ་རྩལ། སྙན་ངག་བཅས་དབང་བའམ་ཡང་ན་དེ་དག་ལ་དད་གུས་བྱས་ཆོག་པ་ཡིན་ནོ།
མཇུག་གི་གཏམ།
བོད་མི་སྨྱུག་ཐོགས་པ་གཉན་དུ་འབོད་པ་བཙོན་ནས་སྨྱུག་སྨྱོན་ལ་བུད་དེ།
སྙན་ངག་ཅེས་པ་འདི་ནི་ཚེ་སྲོག་དང་ཡི་གེའི་བར་གྱི་ཁ་བརྡའམ། ཡང་ན་རང་རྐྱ་ཐུབ་པའི་སྐད་ཡིག་དང་སྒྱུ་རྩལ་གྱི་བློ་སྦྱོང་ཁོ་ན་མ་གཏོགས།
གཞན་པ་གང་གིས་ཀྱང་སྐྲུན་མི་ཐུབ་པའི༼དག་པའི་འཇིག་རྟེན༽ཞིག་ལ་དཔེ་འཇོག་དགོས་བྱུང་། མང་མང་གི་མཛེས་དཔྱོད་ཀྱི་ཁམས་ལ་བསྟུན་དང་སྟུན་གྱིན་པའི༼བདེན་དགེ་མཛེས༽གསུམ་ནི་ནམ་ཡང་དབྱེ་བ་བཀར་སོ་ཡོད་པ་ཞིག་མ་ཡིན་པར་རྩ་བ་མ་ལག་དང་བཅས་པ་ངོ་བོ་རོ་གཅིག་པའི་ཚུལ་དུ་ཡོད་པ་ལ་ཁ་ཚོན་གཅོད་སྤོབས་པའང་བྱུང་།
སྙན་ངག་ཅེས་པའི་རིག་པའམ་སྒྱུ་རྩལ་ཐུན་མོང་མ་ཡིན་པ་འདི་ལ་ཡིད་དུངས་དུངས་པ་སྐྱེས་ནས།
བཙལ་བཙལ། དེད་དེད། སོང་སོང་། འཐམས་འཐམས། འགྲོགས་འགྲོགས། དགའ་དགའ། སྡང་སྡང་། ངུས་ངུས།
བགད་བགད་དེ་མཐའ་མར་ཤ་འདྲིས་སྲོག་འདྲིས་བྱུང་ངོ་སྙམ་པ་ཞིག་གི་ཚད་དུ་ལྷུང་། ཏག་ཏག་རིག་པའམ་སྒྱུ་རྩལ་འདི་ནི་འཇམ་པོའི་མེ་ཏོག་དང་མཁྲེགས་པོའི་ལྕགས།
མ་རྒན་གྱི་བྲང་གི་འོ་མ་སོགས་ཀྱི་ཚབ་བྱས་ཆོག་པ་ཞིག་ཡིན་པའི་ཡིད་ཆེས་ཏན་ཏན་རྙེད་བཞག ཡང་རིག་པའམ་སྒྱུ་རྩལ་འདི་ནི་ཇི་ལྟ་ཇི་སྙེད་ཀྱི་གཟུགས་དང་ངོ་བོ་རྣམ་པ་སྒྲ་དང་བཅས་པ༼འཕྱོ་འགུལ་འགྲིལ་གསུམ༽གཏོང་ནུས་པ་ཞིག་དང་།
གཟུགས་དང་ངོ་བོ་རྣམ་པ་སྒྲ་དང་བཅས་པ་ལ་རང་ངོས་ཀྱི་སྨྲ་བརྗོད་དང་ལང་ཚོ་ཡོད་ནུས་པ་ཞིག དེ་དག་གིས་སླར་ཡང་མིའི་རིགས་རང་ཉིད་སེམས་འགུལ་ཐེབས་སླ་བ་ཞིག་ཡིན་དགོས་སྙམ་ལ།
སྒྱུ་རྩལ་ལ་མཐའ་མེད་པ་ཐམས་ཅད་སྨྲ་ཡི་ཡོད་པ་བདེན་ནའང་། སྒྱུ་རྩལ་གྱི་མཐའ་ལ་ངེས་པར་ཐུག་ས་ཞིག་ཡོད་དགོས་པའི་དབང་དུ་བཏང་ན།
བདག་གིས་སྒྱུ་རྩལ་གྱི་མཐའ་ནི་ལྟོས་བཅས་ཀྱི་ཆ་ནས༼མཛེས་པའི་ཚིམས་པ༽ཡིན་སྙམ་སྙམ་དུ་ཡོད།
འདི་ནི་བོད་རང་གི་རིག་གནས་སྙིང་སྟོབས་ཀྱི་དགོངས་པ་དང་འཚམ་པོ་ཡོད་པ་ཞིག་ཀྱང་རེད། འདི་ནི་མཛེས་པའི་ཡུལ་གང་ཡང་རུང་བ་དེའི་ནུས་སྟོབས་ཐུན་མོང་མ་ཡིན་པ་དེ་ཁྱོད་ཀྱི་ཡིད་སེམས་ཀྱི་རྩ་ལམ་སོ་སོར་ཁྱབ་ནས་ངང་ངམ་ཤུགས་ཀྱིས་ཚིམས་པར་བྱེད་པའི་རིག་གནས་དང་སྒྱུ་རྩལ་གྱི་འདོད་འཇོ་དེ་ལ་གོ་འོས་སོ།
༼མཛེས་པའི་ཚིམས་པ༽ནི་བཙིར་བ་ཞིག་མ་ཡིན་པར་སྐད་ཆ་དང་བརྩེ་དུང་དང་བསམ་བློ་བཅས་ཀྱི་རང་ངོས་ནས་ལྷུག་པོར་འོང་བ་ཞིག་ཡིན་དགོས་སོ་འདོད།
ཁྱུ་ཡི་ནང་ན་ཁྱུ་མཆོག་བཞིན། སྙན་ངག་ནི་རྩོམ་རིག་ནང་ནས་དབུ་ཁྱུད་ལྟ་བུ་སྟེ། ཆོས་དངོས་གང་དང་སེམས་ཅན་གང་གི་རྗེས་ཤུལ་ཕྲ་མོ་ཙམ་ཡང་རྔུབ་ལེན་ནུས་པའི་རྟོག་གེའི་རང་གཟུགས་ཅན་ཞིག་ཀྱང་ཡིན།
དེས་གཞན་གྱིས་མ་བཤད་པ་ཤོད་ཐུབ་པ་དང་། སུས་མ་རེག་པ་དེར་རེག་ཐུབ་པ་ཞིག་གམ། ཕྱི་ནང་གི་གསང་བའི་དགེ་སྡིག་ལེགས་ཉེས་ཀྱི་རྩ་བ་སྔོག་མཁན་ཞིག་ཡིན་ཕྱིན།
རིག་པའམ་སྒྱུ་རྩལ་འདི་ནི་ཅི་བས་ཀྱང་མེད་དུ་མི་རུང་བ་ཞིག་ཡིན་ནོ། བདག་གིས་རིག་པའམ་སྒྱུ་རྩལ་འདི་ནི་རྣམ་པ་ཀུན་དུ་རང་ཉིད་ལ་དྲིན་ཆེན་པོ་ཡོད་པ་ཞིག་ཡིན་སྙམ་གྱི་ཡོད་པ་དང་།
དུས་མཚུངས་སུ། རིག་གནས་འདི་ལ་དྲིན་གཟོ་བའི་ཆེད་དུ། དཔྱོད་ཤེས་ཀྱི་ནན་ནན་སྐུལ་བ་བྱས་ནས།
༼ཤ་སྟག་སྨྲ་བ་པའི་བསྒྲགས་གཏམ༽ཞེས་པ་འདི་ཁ་ཞེ་གཉིས་མེད་ཀྱིས་ཡི་གེར་བཏབས་པ་ཡིན་ལ། འདི་ནི་མི་གཅིག་གི་སྙན་ངག་གི་ལྟ་བ་ཁོ་ན་ཙམ་དང་།
མི་གཅིག་ལ་དབང་བའི་སྒྱུ་རྩལ་གྱི་དད་མོས་རྐྱང་རྐྱང་ཞིག་མ་ཡིན་ཀྱེ། འདི་ནི་མི་གཅིག་གིས་སྙིང་ཁམས་ཆེན་པོས་སྙན་ངག་སྤྱི་དང་སྒྱུ་རྩལ་གྱི་བདེན་པ་ཡོད་ཚད་ཧྲིལ་གྱིས་སྒེར་སྡོམ་བྱེད་པ་ནི་དེ་བས་ཀྱང་མ་ཡིན་ཀྱེ།
འདི་ནི་མི་གཅིག་གིས་རང་ཉིད་ཀྱི་སྙན་ངག་དང་སྒྱུ་རྩལ་གྱི་ལྟ་བ་བསམ་བློ་མཚོན་བྱེད་ཀྱི་རྣམ་པ་དེ་ཉིད་ཧྲིལ་གྱིས་བདེན་པའི་དད་མོས་གང་གི་གཟུགས་ཅན་དུ་བྱས་ནས་མིག་ཅན་ལ་བསྟན་པ་ཡིན་གྱི།
རྒྱུ་འབྲས་གོ་ལོག་བྱས་ནས་ངལ་བ་གཞན་པ་འཚོལ་མི་དགོས་ཞེས་ཞུ་སྙིང་འདོད་པ་དང་། གཞན་དུ༼ཤ་སྟག་སྨྲ་བ་པའི་བསྒྲགས་གཏམ༽ནང་དུའང་རྩོམ་རིག་སྤྱིའི་མཐོ་རྒྱག་དམའ་རྒྱག་གི་གཞུང་ལུགས་ཀྱི་སྐད་ཆ་དང་བསམ་བློ་དག་ལ་བཀྱེད་ཅི་ཐུབ་བྱས་པ་ཞིག་དང་།
ཅིག་ཅིག་ཉིག་ཉིག་གི་ལུང་ཚིག་སྐམ་པོ་དག་ལ་རྒྱབ་རྩ་གཏད་པའི་སྲོལ་དེའང་སྤང་གང་ཐུབ་བལྟས་པ་ཞིག་དང་།
ཡང་སྙན་ངག་གི་སྤྱིའི་འདོད་ལུགས་མང་པོ་མང་པོ་དོན་མེད་གཟབ་སྤྲས་རྒྱས་ཤོམ་འཐེན་པའི་རྩེད་མོ་དག་ཀྱང་སྐྱུར་ཅི་ཐུབ་བཟོས་ཏེ།
ཐད་ཀར་དུ་ཤ་སྟག་སྨྲ་བ་པ་རང་ཉིད་ཀྱི་སྙན་ངག་གི་ལྟ་བ་བསམ་བློའི་ཐོག་ཏུ་བབས་ཡོད་པ་ཞིག་ཡིན་ལ།
དེའི་ནང་དུ་རང་ཉིད་ཀྱི་སྙན་ངག་གི་ལྟ་བ་བསམ་བློའི་དབྱིབས་དང་ཁ་དོག་སྐྱེ་མཆེད་ཚང་མ་ལུ་གུ་རྒྱུད་དུ་བྱས་ནས།
རང་ཉིད་ཀྱི་རྩ་ཁམས། སྐད་སྒྲ། ཚོན་མདངས་དག་སྤ་གསང་མེད་པར་ལྷང་ལ་འཕུད་པ་ནི་དམིགས་ཡུལ་དངོས་ཡིན་གྱི་ཡོད་པ་དང་།
དེ་མིན་ཡིག་ཚོགས་ལ་ཤིན་ཏུ་གཟབ་ཁུལ་བྱས་ཡོད་ཅིང་། དེ་ནི་ཁོར་ཡུག་འདི་འདྲ་ནས་སྟབས་བདེ་གསང་བདེ་ཡོང་བ་ལའང་ཕན་ཐོགས་ཡོད་པ་ཞིག་དང་།
ཡང་ཕྱི་སོར་གཏོང་ཐབས་སོགས་ལའང་དཀའ་ངལ་ཆེན་པོ་ཡོད་པས་འདང་འདྲ་རྒྱག་ས་ཞིག་ཡོད་པ་དང་།
རིང་ཐུང་། མགོ་རྔ། ཁོག་གཞུང་ཚང་མ་ཚད་དང་རན་པ་འདི་འདྲ་ཞིག་གིས་ལོས་ཆོག་སྙམ་མོ། མདོར་ན་བདག་གི་རེ་བ་དང་བརྩེ་སེམས་མ་ལུས༼ཤ་སྟག་སྨྲ་བ་པའི་བསྒྲགས་གཏམ༽ནང་དུ་བསྟིམས་ནས།
སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པའི་ཚེས་བཞིའི་ཉིན་མོར། ས་མཐའི་ཁྲི་མུན་གྱི་བཙོན་དུ་ཆེས་ཐོག་མར་གསང་བའི་སྒོ་ནས་བསྒྲགས་པ་ལ་རྒྱུ་མཚན་གཞན་དུ་ཡོད་དོ།
ཀྱེ། ལྕགས་མཁར་སྒོ་མེད་ཨིགས་ལུམ་དུ་བྱས་པ་འདིའི་ནང་ན་དྲག་ཏུ་འཕར་ལྡིང་བྱེད་ཀྱིན་པའི༼སེམས་ཅན༽འདི་ནི།
བོད་ཀྱི་རོལ་མོ་གྲགས་ཅན་འབྲོང་རྭའི་སྒྲ་སྙན་གྱི་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ན། ཉིན་མཇུག་མཚན་ལ་མཐུད་དེ་རང་ཡུལ་སྙེག་གིན་པའི་རྔུལ་ནག་ཁྲོམ་ཁྲོམ་གྱི་རྟ་ནག་སྒྲོག་འགྲོས་ཇི་བཞིན།
བདག་དང་བདག་གི༼སེམས་ཅན༽འདི་ཡང་། དྲན་གདུང་གིས་མྱོས་མྱོས་ལ་མི་རིང་བར་དུས་ཀྱི་རྒྱུན་དང་འགྲོགས་ནས་ཕ་ཡུལ་གྱི་རི་ཆུ་རྙེད་འགྲོ་བའི་ཡིད་ཆེས་དང་བཅས་བསྒྲགས་པའོ།
།
2012.6.4