བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་བཟོས་པའི་ཏོག་ནད་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག
དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན།་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་ ༡ ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་མི་མང་ལ་རྒྱ་ནག་གིས་བཟོས་པའི་ཏོག་ནད་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་འདུག
དེ་འབྲེལ་གནས་ཚུལ་ནང་། ཕྱི་ཚེས་ ༢༧ ཉིན་ལྷ་ས་གྲོང་ཁྱེར་གྱིས་ཏོག་ནད་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ཚོགས་འདུ་འཚོགས་ཏེ།
མི་མང་ལ་སྔོན་འགོག་སྨན་ཁབ་རྒྱབ་དགོས་པའི་སྐུལ་སྤེལ་བྱས་ཡོད་པ་ལྟར། ལྷ་ས་གྲོང་ཁྱེར་གྱིས་རྫོང་དང་ཤང་སོགས་ས་གནས་ཁག་
༢༦ ནང་སྔོན་འགོག་སྨན་ཁབ་རྒྱག་ས་བཀོད་སྒྲིག་བྱས་ཏེ། ཏོག་ནད་ཉེན་ཁ་ཡོད་སའི་མི་ཚོགས་རིགས་
༨ ལ་ལོ་ ༡༨ ནས་༥༩ བར་སྨན་ཁབ་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག
ཡང་གནས་ཚུལ་ནང་མུ་མཐུད་སྔོན་འགོག་སྨན་ཁབ་རྒྱག་སའི་མི་ཚོགས་ནི་ཚོང་ལས་བྱེད་མཁན་དང་སྐྱེལ་འདྲེན་མཁན།
སྨན་བཅོས་འཕྲོད་བསྟེན་མི་སྣ། ཟུར་བཀག་ཁང་གི་ལས་གཉེར་མི་སྣ། གཞུང་སྒེར་སོགས་ཀྱི་ཆེད་ཕྱི་རྒྱལ་ལ་འགྲོ་མཁན།
གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ། སྲིད་གཞུང་གི་ལས་མི་དང་རྒན་གསོ་ཁང་སོགས་ཀྱི་མི་མང་ཡིན་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་ངོས་ནས་ཏོག་ནན་སྔོན་འགོག་སྨན་ཁབ་ཁག་ཅིག་བཟོ་སྐྲུན་བྱས་ཏེ། རྒྱ་ནག་ནང་གི་མི་གྲངས་ས་ཡ་ ༡ ལྷག་ལ་བརྒྱབ་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ཕྱིའི་རྒྱལ་ཁབ་མང་པོས་རྒྱ་ནག་གི་སྔོན་འགོག་སྨན་ཁབ་ཁག་ལ་ཡིད་ཆེས་བྱེད་བཞིན་མེད་ན་ཡང་། རྒྱ་ནག་གི་མི་སེར་ཚོར་འགོག་སྨན་ལ་ཡིད་ཆེས་དང་ངེས་པར་རྒྱག་དགོས་སྐོར་བརྗོད་བཞིན་ཡོད་པ་མ་ཟད། ཉེ་སྔོན་ལྷ་སར་ཚོགས་པའི་འགོག་སྨན་རྒྱག་རྒྱུའི་ཚོགས་འདུའི་སྟེང་མི་མང་གིས་འགོག་སྨན་གོ་རིམ་ལྡན་པའི་ངང་རྒྱག་དགོས་པ་དང་། འགོག་སྨན་རྒྱག་པའི་གོ་རིམ་ཁྲོད་གྲ་སྒྲིག་དང་བདེ་འཇགས་ཡོང་བ་སོགས་བྱ་དགོས་སྐོར་བརྗོད་ཡོད་འདུག
ཉི་ཧོང་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྣང་བརྙན་སླར་གསོ་བྱེད་ཐབས་དང་། ཏོག་ནད་སྔོན་འགོག་སྨན་ཁབ་འབོར་ཆེན་འགྲེམས་སྤེལ་བྱས་ཏེ་རྒྱ་ནག་གི་དཔལ་འབྱོར་ལ་དམིགས་ནས། པ་ཀི་སི་ཐན་གཙོའི་ཨེ་ཤ་ཡ་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་སྐྱོ་བོ་ཁག་ནང་། ཐབས་ཤེས་སྣ་ཚོགས་ཀྱིས་རྒྱ་ནག་གི་འགོག་སྨན་ཚོང་ཐབས་དང་། རྒྱ་ནག་གི་སྔོན་འགོག་སྨན་ལ་ཡིད་ཆེས་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱལ་ཁབ་དེ་དག་གི་མི་མང་ཁྲོད་རྒྱ་ནག་གི་འགོག་སྨན་ལ་ཡིད་ཆེས་མེད་པར་མི་རྒྱག་ཟེར་མཁན་མང་པོ་ཡོང་བཞིན་ཡོད་སྐོར་བཀོད་འདུག