རྒྱ་ནག་དང་བལ་ཡུལ་གཞུང་གཉིས་མཉམ་འབྲེལ་ངང་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་དུ་འཇལ་ཏེ་མཐོ་ཚད་གྲུབ་དོན་གསར་བ་ཞིག་ཡོངས་བསྒྲགས་བྱས་འདུག
ཕྱི་ཟླ་ ༡༢ ཚེས་ ༨ ཉིན། རྒྱ་ནག་དང་བལ་ཡུལ་གཉིས་མཉམ་འབྲེལ་ངང་བསྒྲགས་པའི་གནས་ཚུལ་ནང་། སྔར་ལོ་ནས་རྒྱ་ནག་གཞུང་དང་བལ་ཡུལ་གཉིས་མཉམ་འབྲེལ་ངང་། བོད་ཀྱི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གྲུབ་དོན་ལྟར་ན། རི་བོ་ཇོ་མོ་གླང་མའི་མཐོ་ཚད་དེ་སྔ་ལས་མེ་ཊིར་ ༠།༨༦ ཇེ་མཐོར་སོང་ཡོད་པ་དང་། ད་ལྟ་ཇོ་མོ་གླང་མའི་ཁྱོན་ཡོངས་ཀྱི་མཐོ་ཚད་ ༨༨༤༨།༨༦ (8,848.86m)ཆགས་ཡོད་སྐོར་ཡོངས་བསྒྲགས་བྱས་འདུག
གནས་ཚུལ་དེའི་སྐོར་ལ་བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་ཇོ་མོ་གླང་མ་རྟོགས་ཞིབ་སྡེ་ཚན་ནས།
ཐེངས་འདིའི་མཐོ་ཚད་འཇལ་བའི་གྲུབ་དོན་ལ་རྒྱ་བལ་ཕྱོགས་གཉིས་ནས་ངོས་ལེན་བྱས་ཏེ་ཡོངས་ཁྱབ་ངང་བསྒྲགས་པ་ཞིག་ཡིན་པ་དང་།
དེ་སྔ་བལ་ཡུལ་ཕྱོགས་ནས་ཇོ་མོ་གླང་མའི་མཐོ་ཚད་རྩ་ནས་འཇལ་མྱོང་མེད་ཀྱང་། ད་ལྟ་བལ་ཡུལ་རང་ཉིད་ངོས་ནས་ཇོ་མོ་གླང་མའི་མཐོ་ཚད་འཇལ་ཐུབ་པ་མ་ཟད།
ཁོ་ཚོར་ན་གཞོན་ཁྱད་ལས་པ་ཐབས་རྩལ་ཅན་པོ་མང་པོ་ཐོན་བཞིན་ཡོད་སྐོར་བརྗོད་འདུག བལ་ཡུལ་ཚད་འཇལ་རུ་ཁག པར་རིས། བྷེ་བྷེ་སི།
དེ་འབྲེལ་གནས་ཚུལ་ནང་ཇོ་མོ་གླང་མའི་མཐོ་ཚད་འཇལ་ཆེད་བལ་ཡུལ་གཞུང་གིས་ཆེད་ལས་པ་མི་སྣ་
༤ ནས་འདས་པའི་ལོ་ངོ་གཉིས་རིང་། ཇོ་མོ་གླང་མའི་རི་རྩེར་འཛེགས་ཆེད་སྦྱོང་བརྡར་བྱས་ཡོད་པ་དང་།
ཐེངས་འདིའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་དེ་འདས་པའི་ལོ་ངོ་ ༡༦ རྗེས་སུ་བྱུང་བ་ཞིག་ཡིན་པ་དང་།
རྒྱ་བལ་གཉིས་མཉམ་འབྲེལ་ངང་ཇོ་མོ་གླང་མའི་མཐོ་ཚད་འཇལ་རྒྱུའི་གན་རྒྱ་དེ། སྔར་ལོ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བལ་ཡུལ་ནང་ལྟ་སྐོར་ལ་ཡོང་སྐབས་བཞག་པ་ཞིག་ཡིན་སྐོར་བརྗོད་འདུག
ཐེངས་འདིར་རྒྱ་བལ་གཉིས་མཉམ་འབྲེལ་ངང་ཇོ་མོ་གླང་མའི་མཐོ་ཚད་འཇལ་དོན། དེ་སྔ་རྒྱ་བལ་གཉིས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གྲངས་གནས་བར་ཁྱད་པར་ཤོར་ནས།
ཕན་ཚུན་གྱི་འཇལ་ཚད་གྲུབ་དོན་ངོས་ལེན་བྱེད་བཞིན་མེད་པ་དང་། རྒྱ་ནག་གིས་ཕྱི་ལོ་ ༢༠༠༥
ལོར་འཇལ་བའི་མཐོ་ཚད་ནི་ ༨༨༤༤།༤༣ (8,844.43m)དང་། བལ་ཡུལ་གྱིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་གར་གྱིས་འཇལ་ཚད་གྲུབ་དོན་
༨༨༤༨ (8,848m)ལ་ངོས་ལེན་བྱས་ཏེ།
བལ་ཡུལ་གྱི་འཇལ་ཚད་དེ་རྒྱ་ནག་ལས་ལྡབ་ ༤ ཡིས་མཐོ་ཡི་ཡོད་འདུགརྒྱ་ནག་ཚད་འཇལ་རུ་ཁག པར་རིས། བྷེ་བྷེ་སི།
རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་མཐོ་ཚད་དེ་ཇོ་མོ་གླང་མའི་བྲག་རི་དང་མཚམས་བར་ཡིན་སྐོར་བརྗོད་བཞིན་ཡོད་ན་ཡང་།
བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བར་རི་རྩེའི་གངས་རི་ནས་ཚུད་དགོས་པའི་རྩོད་པ་བྱུང་ཡོད་པ་དང་།
ཕྱི་ལོ་ ༢༠༡༢ ལོར་བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་མཐོ་ཚད་འཇལ་གྲངས་མི་མཐུན་པའི་ཐད་ནས།
རྒྱ་ནག་གཞུང་གིས་ཡང་དང་བསྐྱར་དུ་བལ་ཡུལ་གཞུང་ལ་རྒྱ་ནག་གི་འཇལ་ཚད་ལ་ངོས་ལེན་དགོས་སྐོར་གྱི་གནོན་ཤུགས་སྤྲོད་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་།
གནད་དོན་དེ་དང་འབྲེལ་ནས་ཐེངས་འདིར་རྒྱ་བལ་གཉིས་མཉམ་འབྲེལ་ངང་བསྐྱར་དུ་ཇོ་མོ་གླང་མའི་མཐོ་ཚད་མཇལ་བ་ཞིག་ཡིན་འདུག
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན། རྒྱ་ནག་གཞུང་འབྲེལ་ངོས་ནས་གསལ་འགོད་གསལ་བསྒྲགས་ཤིག་ཚོགས་ཏེ། རྒྱ་ནག་གཞུང་གིས་ཚད་འཇལ་རུ་ཁག་དང་རི་འཛེགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་རི་བོ་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་དུ་ཚད་འཇལ་བྱ་རྒྱུ་ཡིན་པ་དང་། ཚད་འཇལ་བརྟག་དཔྱད་དེས་རྗེས་ཕྱོགས་ཇོ་མོ་གླང་མའི་གངས་ཀྱི་མཐུག་ཚད་དང་གནམ་གཤིས་གནས་བབ། མཁའ་རླུང་དང་འཁྱགས་རོམ་སོགས་ལ་རྒྱུས་ལོན་དང་། ཇོ་མོ་གླང་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཞིབ་འཇུག་གྲུབ་དོན་མཁོ་འདོན་བྱ་ཐུབ་སྐོར་བརྗོད་པ་ལས། སྐབས་དེར་རྒྱ་ནག་གཞུང་གིས་བལ་ཡུལ་དང་མཉམ་འབྲེལ་གྱིས་ཇོ་མོ་གླང་མའི་མཐོ་ཚད་མཇལ་གྱི་ཡོད་སྐོར་གང་ཡང་བརྗོད་མེད་འདུག
བྷེ་བྷེ་སི་གསར་འགྱུར་ནང་གསལ་བ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཤུགས་ཆེན་བྱུང་རྗེས། རྒྱལ་སྤྱིའི་ཚན་རིག་པ་དང་ས་ཁམས་ཁྱད་མཁས་པ་ཚོས་བརྟག་དཔྱད་གྲུབ་དོན་ནང་། བལ་ཡུལ་ས་ཁུལ་གྱི་ཧི་མ་ལ་ཡའི་རི་རྒྱུད་དང་། བལ་ཡུལ་(Langtang Himal)གངས་རི་སོགས་ཀྱི་མཐོ་ཚད་ལ་གནོན་སྐྱོན་བཟོས་ཡོད་པས། ཇོ་མོ་གླང་མའི་མཐོ་ཚད་ལ་གནོན་པ་ཐེབས་ཡོད་པའི་ཡིད་ཆེས་དང་། གལ་ཏེ་ས་ཡོམ་བྱུང་མེད་ན་ཇོ་མོ་གླང་མའི་མཐོ་ཚད་དེ་ལས་མཐོ་རུ་སོང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་འདུག