རྒྱུ་སྐར་གཞན་གྱི་མི་འཚོ་གནས་བྱས་ཡོད་པ་དངོས་ཡོད་ཡིན་སྐོར་བརྗོད་འདུག

རྒྱུ་སྐར་གཞན་གྱི་མི་ཡོད་པ་མ་ཟད་ཨ་རི་དང་ཨེ་ཟི་རལ་གྱིས་ཁོ་ཚོ་དང་དུས་ཡུན་རིང་བོར་མཉམ་ལས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

པར་རིས་དྲ་ལམ་ནས་བླངས། 

ཟླ་འདིའི་ཕྱི་ཚེས་  ༨ ཉིན།   ཨེ་ཟི་རལ་རྗེ་རའོ་ལའེ་སིམ་ཆ་འཕྲིན་(Jerusalem Post)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཨེ་ཟི་རལ་གྱི་མཁའ་དབྱིངས་ལྟ་ཞིབ་འགན་འཛིན་དང་། ད་ལྟའི་ཆར་སློབ་དཔོན་གྱི་ལས་གནས་གཉེར་བཞིན་པ་སྐུ་ཞབས་ཧེམ་ཨེ་ཤི་དྷི(Haim Eshed)ལགས་སུ་བཅར་འདྲི་ཞུས་པ་ཞིག་དང་འབྲེལ། ཁོང་གིས་རྒྱུ་སྐར་གཞན་གྱི་མི་གནས་པ་དངོས་གནས་ཡིན་པ་དང་། ཁོ་ཚོས་ཀྱང་འཇིག་རྟེན་ཁམས་ཀྱི་དངོས་ཡོད་གནས་ལུགས་ཤེས་ཆེད་རྟོགས་ཞིབ་བྱེད་བཞིན་ཡོད་པ་དང་། ཨེ་སི་རལ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཁོ་ཚོ་དང་མཉམ་ལས་བྱས་ཡོད་པ་མ་ཟད། ཨ་རི་དང་རྒྱུ་སྐར་གཞན་གྱི་མིའི་དབར་མཉམ་ལས་བྱེད་པའི་གན་རྒྱ་སོགས་བཞག་ཡོད་སྐོར་བརྗོད་འདུག

 

དེ་འབྲེལ་གྱི་གནས་ཚུལ་ནང་སློབ་དཔོན་ཧེམ་ཨེ་ཤི་དྷི་ལགས་ནས། ཨེ་ཟི་རལ་སྲིད་གཞུང་གིས་དུས་ཡུན་རིང་བོ་ནས་རྒྱུ་སྐར་གཞན་གྱི་མི་དང་གསང་བའི་མཉམ་ལས་བྱས་ཡོད་པ་དང་། ཁོ་ཚོར་ཡང་མཁའ་དབྱིངས་སུ་ལྟ་ཞིབ་ཚོགས་པ་ཡོད་པ་དང་། ད་ལྟའི་ཆར་གནས་ཚུལ་ཡོངས་གསང་བ་བྱས་ཡོད་པ་རེད་ལ། རྒྱུ་མཚན་ནི་མིའི་རིགས་ལ་དེ་དག་ཤེས་རྟོགས་ཡོང་ཆེད་ཀྱི་གྲ་སྒྲིག་དགོས་པས་ཡིན་སྐོར་བརྗོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཊུ་རིམ་ཕུས་རྒྱུ་སྐར་གཞན་གྱི་མི་ཡོད་པ་ཡོངས་བསྒྲགས་བྱ་འདོད་ཡོད་ཀྱང་། རྒྱུ་སྐར་གཞན་གྱི་མིས་ད་དུང་སྒུག་དགོས་པའི་སྐུལ་མ་བྱས་ཡོད་སྐོར་སོགས་བརྗོད་འདུག

 

ཡང་ཁོས་མུ་མཐུད་རྒྱུ་སྐར་གཞན་གྱི་མི་དང་ང་ཚོའི་བར་གསང་བའི་གན་རྒྱ་བཞག་སྟེ། ཁོ་ཚོའི་འགུལ་སྐྱོད་སོགས་ཚང་མ་གསང་བ་བྱས་ཡོད་པ་དང་། ཁོ་ཚོ་ནི་ཧ་ཅང་ཞི་བའི་ངང་ཡོང་ཡོད་པ་དང་། ཁོ་ཚོས་འགྲོ་བ་མིའི་རིགས་ལ་ཁོ་ཚོ་དོན་དངོས་སུ་ག་འདྲ་ཡིན་པ་དང་། ཁོ་ཚོའི་མཁའ་དབྱིངས་སྐོར་སྐྱོད་འཕུར་གྲུ་སོགས་ག་འདྲ་ཡིན་མིན་ཤེས་རྟོགས་ཀྱི་གནས་བབ་ཅིག་ཡོང་རྒྱུར་སྒུག་ཡོད་པ་རེད། ཁོ་ཚོས་ང་ཚོར་གློ་བུར་དུ་ཧང་སང་དུ་འཇུག་འདོད་མེད་པར། ཡུན་གྱིས་ཕན་ཚུན་རྒྱུན་ལོན་དང་ཤེས་རྟོགས་བྱུང་ན་འདོད་བཞིན་ཡོད་སྐོར་བརྗོད་འདུག

 

གཞན་ཡང་ཁོས་ཨ་རི་དང་རྒྱུ་སྐར་གཞན་གྱི་མིའི་དབར་གན་རྒྱ་བཞག་ནས་ཕན་ཚུན་རྒྱུས་ལོན་བྱེད་པའི་ས་རྟགས་སྐྱོན་ཡོད་པ་དང་། ཁོ་ཚོས་ཀྱང་འཇིག་རྟེན་ཁམས་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད་ཉམས་ཞིབ་བྱེད་བཞིན་ཡོད་པ་རེད་ལ། ཁོ་ཚོས་ང་ཚོར་རོགས་རམ་བྱེད་འདོད་ཡོད་པ་དང་། ཁོ་ཚོའི་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ནི་གཟའ་སྐར་མིག་དམར་གྱི་(Mars)གཏིང་ཟབ་ས་ཞིག་ཏུ་བརྟེན་གཞི་བྱས་ཡོད་པ་དང་། ཨ་རིའི་མཁའ་དབྱིངས་ལྟ་ཞིབ་ཚོགས་པ་ཡང་དེ་གར་ཡོད་སྐོར་བརྗོད་འདུག

 

ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་སྲིད་གཞུང་གི་གསང་བའི་ཡིག་ཆ་རྙིང་བ་ཁག་ཕྱིར་བསྒྲགས་བྱས་སྐབས། ཨ་རིའི་མཁའ་དབྱིངས་རྟོགས་ཞིབ་ཚོགས་པས་མུ་མཐུད་རྒྱུ་སྐར་གཞན་གྱི་མི་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ཨ་རིའི་མཁའ་དབྱིངས་རྟོགས་ཞིབ་ཚོགས་པས་ངོས་མི་ཟིན་པའི་བྱ་དངོས་(UFO)སའི་གོ་ལའི་སྟེང་འཕུར་སྐྱོད་བྱེད་བཞིན་པ་ཤེས་རྟོག་བྱུང་ཡོད་སྐོར་བསྒྲགས་པ་ལས། སྐབས་དེར་རྒྱུ་སྐར་གཞན་གྱི་མི་དངོས་སུ་ཡོད་པ་བཤད་མེད་པ་དང་། སྤྱིར་ད་བར་སའི་གོ་ལའི་སྟེང་དུ་ངོས་མི་ཟིན་པའི་བྱ་དངོས་འཕུར་སྐྱོད་བྱས་པ་མི་མང་པོས་མཐོང་ཐོས་བྱུང་ཡོད་ཀྱང་། རྒྱུ་སྐར་གཞན་གྱི་མི་བབ་པ་སོགས་སྲིད་གཞུང་དང་སྒེར་གཉེར་མཁའ་དབྱིངས་རྟོགས་ཞིབ་ཚོགས་པ་སུས་ཀྱང་ཡོངས་བསྒྲགས་བྱས་མེད་པ་རེད།


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post