དགའ་ལྡན་ལྔ་མཆོད་ཀྱི་ནུབ་མོར་དྲན་པ།

རྩོམ་པ་པོ། ཟུར་གསུམ་མ།

ན་ནིང་དགའ་ལྡན་ལྔ་མཆོད་ཀྱི་ནུབ་མོར། མཆོད་མེ་བསྒྲོན་མ་ཐུབ་པ་ལ་འགྱོད་པ་ཞིག་སྐྱེས་ནས། སང་ལོ་ཅིས་ཀྱང་བརྗེད་མི་ཉན་བསམ་མོད། ད་ལོ་ཡང་གྲ་སྒྲིག་བྱེད་རྒྱུ་བརྗེད་འདུག སྐད་འཕྲིན་དུ་བོད་ཡུལ་གང་སར་མཆོད་མེ་སྒྲོན་བཞིན་པ་མཐོང་བས། ད་གཟོད་དགའ་ལྡན་ལྔ་མཆོད་ཡིན་པ་དྲན། ཕ་རྒན་གྱིས། “ད་འགྲོ་དང་རན་རྒྱུ་རེད།”གསུངས།

 

བདག་གིས་འཕྲལ་དུ་ཁ་ངོ་བཀྲུས།  ལག་པ་གཙང་མར་བྱས་ནས་ཕ་རྒན་གྱི་རྗེས་སུ་འབྲངས། ཁ་ཤུབས་ཤིག་གོན་བསམ་མོད་དེ་འཕྲལ་མ་རྙེད། མཆོད་ཁང་གི་ཕྱི་རུ་མཆོད་མེ་ལྔ་བཅུ་ཡས་མས་བསྒྲིགས་འདུག  བོད་སྤོས་རྐང་གཅིག་གི་སྣེ་མོ་མར་ཁུར་བསུབས་ནས་མེ་བསྒྲོན། མཆོད་མེ་རེ་རེ་བཞིན་མེ་སྒྲོན་སྐབས། བདག་གིས་བསམ་བཞིན་དུ་རྗེ་ཙོང་ཁ་པ་དྲན་པར་བྱས། མི་ཚེ་ཐོས་བསམ་ལ་བསྐྱལ་བའི་སྐྱེས་བུ་དེ་དྲན་པར་བྱས། རྒྱ་ནག་གོང་མས་ཐེངས་གསུམ་ལ་དབུ་བླར་བོས་ཀྱང་ཕེབས་པར་མ་གནང་བའི་བོད་རིགས་མཁས་དབང་དེ་ཡང་ཡང་དྲན་པར་བྱས། དེ་ནས། འཛམ་གླིང་ས་ཆ་གང་སར་བཞུགས་པའི། གདོང་བ་དམར་སྨུག་གི་སྤུན་ཟླ་ཆེ་དར་ཆུང་གསུམ་ཤིན་ཏུ་མང་པོ་མང་པོས་ད་ལྟའི་བདག་དང་འདྲ་བར། སྐྱེས་བུ་ཁོང་ལ་རྗེས་དྲན་གྱི་མཆོད་མེ་སྒྲོན་བཞིན་ཡོད་བསམ་པ་ཞེ་ལ་དྲན། སྤུན་ཟླ་མང་པོ་མང་པོ་དམིགས་ཡུལ་གཅིག་གི་ཆེད་དུ། དུས་ཚོད་གཅིག་མཚུངས་ཀྱི་སྐབས་འདི་རུ།  བྱ་བ་གཅིག་གི་སྟེང་ལ་མཉམ་ཞུགས་བྱས་ནས་ཡོད་བསམ་དུས། སེམས་ནང་ལ་དགའ་བའམ་དུང་བའམ་ང་རྒྱལ་སོགས་ཅིག་ཅར་དུ་སྐྱེས་ཡོང་བ་ཞིག་བྱུང་།

རྗེ་ཙོང་པ་མཁས་པ་ཆེན་པོ་ཡིན་མིན་ནི་ང་འདྲས་བཤད་ཐུབ་རྒྱུ་ཞིག་མིན། ཀུན་གྱིས་མཁས་པ་ཆེན་པོ་རེད་ཟེར་ན། ད་རེས་ང་ཡང་ཅལ་སྒྲ་ཐོས་པའི་རི་བོང་ཞིག་བྱས།  ཁོང་ཉིད་རྗེས་སུ་དྲན་དོན་གང་ཡིན་ནམ།

 

རྗེ་ཙོང་ཁ་པ་ཁོང་ནི། གོང་མས་ཐེངས་གསུམ་ལ་དབུ་བླར་བོས་ཀྱང་མ་ཕེབས་པ་ཞིག་རེད། ཁོང་གིས་ཐུགས་སུ་ཅི་ཞིག་དགོངས་ཡོད་དམ།  ཆབ་སྲིད་ལ་བཙོག་བལྟས་པ་ཡིན་ནམ། ཡང་ན།  ཐོས་བསམ་ལ་བར་ཆད་འགྲོ་དོགས་ཀྱིས་ཡིན་ནམ།  གཉིས་ཀ་ཡིན་ཤས་ཆེ།  ས་པཎ་ནས་བཟུང་ནས། བོད་ཀྱི་མཁས་པ་ཟེར་བ།  བླ་མ་ཟེར་བ་མང་པོ་གོང་མའི་དབུ་བླར་ཕེབས་འདུག  ཀྲུང་གོའི་ལོ་རྒྱུས་སྟེང་ན་སྐད་གྲགས་ཆེ་བའི་ཆུ་ཆེན་དམག་འཁྲུག་གི་ནང་དུ། བོད་མི་འབུམ་གསུམ་ཡོད་པ་མཐར་ཁྲི་གསུམ་ལས་མ་ལྷག་སྐད། དེ་དུས་ལྕང་སྐྱ་རོལ་བའི་རྡོ་རྗེ་གོང་མའི་དབུ་བླ་རེད། ཁོང་གིས་ཅི་བྱས་སམ་ཟེར་ན། བོད་ཀྱི་ཆུ་ཆེན་ལ་གཏོར་མ་འཕངས་པ་རེད། དེ་འདྲའི་ཡིད་སྐྱོ་བའི་མཛད་པ་གནང་འདུག  དང་མ། ལོ་ཆེན་རིན་བཟང་ཇོ་བོ་རྗེ་གདན་འདྲེན་དུ་ཕེབས་དུས།  གཙུག་ལག་ཁང་བྲི་ཀ་མ་ལ་ཤྰི་ལའི་འགྲམ་དུ་སླེབས་པ་ན་ནམ་རུབ་ཟིན་པ་རེད། ཁོང་གིས་སྐད་ཆེན་པོས། འདི་ན་བོད་སུ་ཡོད་ཅེས་བོས་དུས། རྒྱ་བརྩོན་འགྲུས་སེང་གེ་ཡིས་བོད་ང་ཡོད་ཅེས་ལན་གནང་འདུག སྐབས་དེའི་བོད་ཀྱི་སྐྱེས་ཆེན་གྱིས་ནི་རང་གི་རིགས་མཐུན་སྤུན་ཟླ་ལ་དེ་ལྟར་བརྩེ་བ་འཛིན་པ་རེད། རྗེ་ཙོང་ཁ་པ་འབོད་མཁན་ཞིང་ཆེན་ནམ་ཁུལ་ལམ་རྗོང་གི་དཔོན་པོ་མ་རེད། རྒྱ་ནག་གོང་མ་རེད།  རྒྱ་ནག་གོང་མས་ཐེངས་གསུམ་ལ་ཤོག་ཟེར་ན། འགྲོ་མི་འདོད་མཁན་ག་ཚོད་ཡོད། མི་ཡོང་ཟེར་ཕོད་མཁན་ག་ཚོད་ཡོད།  ད་ལྟའི་ཆར། བླ་མ་སྤྲུལ་སྐུའམ་མཁན་པོའམ་དགེ་བཤེས་ཟེར་བ་ཞིག་ལ། གཞུང་གིས་དགའ་དགའ་གཅེས་གཅེས་བྱེད་པ་མཐོང་བའམ་ཐོས་དུས། དེའི་ཕུག་ན་དོན་དག་ཡག་པོ་ཞིག་མེད་པ་ཐག་གིས་ཆོད་ཡོང་། དེ་བས།  རྗེ་ཙོང་ཁ་པ་གོང་མའི་དབུ་བླར་མ་ཕེབས་པའི་སྙིང་སྟོབས་དང་དོན་སྙིང་ནི།  དེ་རིང་ཁ་སང་ཡང་གནས་པ་རེད།

 

ལོ་འགའི་སྔོན་ལ། བོད་ཀྱི་ལོ་སར་གཅིག་གྱུར་དགོས་མིན་ཐད་གླེང་བརྗོད་ཆེན་པོ་ཞིག་བྱུང་། དེའི་ནང་དུ། བོད་རྩིས་དེ་བོད་ཀྱི་རྩིས་ངོ་མ་ཞིག་མ་རེད་ཟེར་མཁན་དང་། ནམ་ཟླའི་དབང་གིས་ས་ཆ་ལ་ལར་མི་འཚམས་ཟེར་མཁན་བྱུང་།  ངའི་སྣང་ངོར། ལྷ་སའི་རྩིས་ལ་བོད་རྣམས་ཀྱིས་བོད་རྩིས་ཟེར་གྱི་ཡོད་པ་དང་བོད་རྩིས་ཡིན་བསམ་བཞིན་ཡོད་པ་དེས་ཆོག  དེ་གལ་ཆེན་རེད། དཔེར་ན།ནང་པའི་བསྟན་པ་གསར་གཏོད་བྱེད་པོ་བོད་མིན་ལ་བོད་ཡུལ་ནས་གསར་གཏོད་བྱས་པའང་མིན་མོད། ཀུན་གྱིས་བོད་ཀྱི་རིག་གནས་སུ་བརྩི་བཞིན་འདུག་ལ་བོད་རྣམས་ཀྱིས་ཀྱང་བོད་ཀྱི་ཡིན་བསམ་བཞིན་འདུག་པ་ལྟར་རེད། ས་ཆ་ལ་ལར་འཚམས་མི་འཚམས་ཀྱི་དོན་དག་རེ་ཡོད་ཀྱང་སྲིད་མོད།  དེ་ལ་སྐྱོན་མི་འདུག བོད་ལ་གཅིག་གྱུར་གྱི་ལོ་སར་དགོས་པར་འདོད་མཁན་ཚོས་ནི་ཐོག་མར་རང་སྟེང་ནས་བོད་རྩིས་ལྟར་ལོ་སར་རོལ་དགོས་པ་རེད། གཙོ་བོ་རིག་གནས་པ་དང་དགོན་པ་དག་ནས་ལོ་རེ་རེ་བཞིན་སྣེ་འཁྲིད་ཐུབ་ན་རིམ་གྱིས་གཅིག་གྱུར་ཡོང་ཐུབ་རྒྱུ་ཞིག་རེད་བསམ་ཡོད། བདག་གིས་འདི་སྙམ་གྱི། ཆབ་སྲིད་ཀྱིས་མི་རིགས་ཤིག་གཅིག་གྱུར་བྱེད་ཐུབ་མོད། ད་ལྟའི་བོད་ནི་ཆབ་སྲིད་ཀྱིས་སིལ་བུར་གཏོར་ཟིན།  ཡི་གེ་ཡིས་གཅིག་གྱུར་བྱེད་ཐུབ་ཀྱང་།  བོད་ན་བོད་ཡིག་ལ་རྨོངས་པ་ཤིན་ཏུ་མང་།   སྐད་ཆ་ཡིས་གཅིག་གྱུར་བྱེད་ཐུབ་རུང་།  བོད་ལ་ད་རུང་སྤྱི་སྐད་ནི་མེད། མིག་སྔར། བོད་མི་རིགས་སེམས་ཀྱི་ནང་དུ་གཅིག་གྱུར་བྱེད་ཐུབ་མཁན་ལ་ཆོས་ལུགས་ཁོ་ན་ལྷག་འདུག རྗེ་ཙོང་ཁ་པ་ཁོང་གྲུབ་མཐའ་རིས་མེད་ཀྱིས་ཁས་ལེན་དང་བརྩི་བཀུར་བྱེད་སའི་སྐྱེས་ཆེན་དམ་པ་ཡིན་ན། ཁོང་ལ་རྗེས་དྲན་བྱེད་པའི་དགའ་ལྡན་ལྔ་མཆོད་ལ་བོད་མི་ཡོངས་ཀྱི་རང་བཞིན་ཞིག་ལྡན། བོད་མི་རིགས་ཀྱི་ཡུལ་སྲོལ་དུས་ཆེན་ཞིག་ཏུ་བརྩིས་ཆོག་འདུག་སྙམ།

 

སང་ལོའི་དགའ་ལྡན་ལྔ་མཆོད་ཀྱི་ནུབ་མོར།  བོད་མི་ངས་ནི་མཆོད་མེ་བསྒྲོན་ངེས་ཡིན་ལ།  སྤུན་ཟླ་ཁྱོད་ཀྱིས་ཀྱང་སྒྲོན་རོགས་གནང་དང་། ལས་ཀྱིས་བོད་མིར་སྐྱེས་པའི་རང་རེ་ཅག་གིས་མཆོད་མེ་རེ་རེ་སྒྲོན་བཞིན། སེམས་ཀྱི་ནང་ནས་སླར་ཡང་ལྷན་འཛོམས་ཐེངས་ཤིག་བྱེད་པའི་སྐལ་བ་སླེབས་ཡོང་བསམ་ན།  རེ་སྒུག་ཆེ་བ་ལ་ཨང་།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post