རྒྱ་ནག་གཞུང་གིས་ཨ་རིའི་པེ་ཅིན་ས་གནས་གསར་འགོད་པ་ཞིག་ལ་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཡོད་སྐོར་བརྗོད་ནས་འཛིན་བཟུང་འདྲི་རྩད་བྱེད་བཞིན་ཡོད་འདུག
པར་རིས། (HKFP) |
དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཨ་རིའི་བྷི་ལིམ་བྷར་གྷི་(Bloomberg)གསར་ཁང་གི་པེ་ཅིན་ས་གནས་གསར་འགོད་པ། མིང་ལ་ཧཱ་ཛེ་ཧྥན(Haze Fan)ཞེས་པའི་རྒྱ་ནག་གི་མི་སེར་ཡིན་པ་ཞིག་ལ། རྒྱ་ཁབ་བདེ་འཇགས་ཀྱི་ཉེན་ཁ་ཡོད་པའི་དོགས་གཞིའི་འོག་རང་ཁྱིམ་ནས་འཛིན་བཟུང་གིས་འདྲི་རྩད་བཀག་ཉར་བྱེད་བཞིན་ཡོད་འདུག
གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་མིང་འདོན་བྱས་མེད་པ་ཞིག་གིས་(AFP)གསར་ཁང་ལ།
ཁོ་མོ་འཛིན་བཟུང་ཐག་གཅོད་བྱེད་མཁན་པེ་ཅིན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཡིན་པ་དང་། ཁོ་མོས་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ལས་དོན་བྱས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ནག་ཉེས་གསོག་པའི་དོགས་གཞི་ཡོད་པ་དང་། ད་ལྟ་ཁོ་མོར་རྒྱ་ནག་གི་ཁྲིམས་ལྟར་འདྲི་རྩད་དང་བཀག་ཉར་འོག་ཡོད་སྐོར་བརྗོད་འདུག
ཁོ་མོ་འཛིན་བཟུང་བྱས་པའི་གནས་ཚུལ་ཨ་རིའི་བྷི་ལིམ་བྷར་གྷི་གསར་ཁང་ནས་ཕྱིར་བསྒྲགས་བྱས་པའི་ནང་།
རྒྱ་ནག་གཞུང་འབྲེལ་མི་སྣས་ཧཱ་ཛེ་ཧྥན་པེ་ཅིན་གྱི་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་།
ཉིན་ཤས་སྔོན་ཁོ་མོ་གསར་ཁང་དེའི་རྩོམ་སྒྲིག་པ་ཞིག་ལ་དུས་ཐུང་ངང་ཐུག་འཕྲད་ཅིག་བྱས་ཡོད་པ་ལས།
ད་ལྟའི་ཆར་ཁོ་མོ་འཛིན་བཟུང་གི་རྒྱུ་རྐྱེན་ཁ་གསལ་ཤེས་རྟོགས་མེད་པ་དང་། ཁོ་ཚོས་སེམས་འཕྲལ་ཆེན་པོ་བྱེད་བཞིན་ཡོད་ལ།
གནས་ཚུལ་དེ་ལས་ཁ་གསལ་ཤེས་རྟོགས་ཡོང་བའི་རེ་བ་ཡོད་སྐོར་བརྗོད་འདུག
ཧཱ་ཛེ་ཧྥན་གྱིས་ཕྱི་ལོ་ ༢༠༡༧ ལོ་ནས་གསར་ཁང་དེའི་པེ་ཅིན་ས་གནས་གསར་འགོད་ལས་ཀ་གཉེར་ཡོད་པ་དང་། ཁོ་མོས་ལས་དོན་གཙོ་བོ་དཔལ་འབྱོར་དང་ཚོང་ལས་སྐོར་གྱི་གསར་འགྱུར་རིགས་ཡིན་འདུག ཧོང་ཀོང་རང་དབང་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་མི་སེར་ཚོར་ཕྱིའི་གསར་ཁང་ཁག་ལ་གསར་འགོད་པའི་ལས་ཀ་བྱེད་རྒྱུ་གཏན་འགག་བྱས་ཡོད་ན་ཡང་། རྒྱ་ནག་གི་མི་སེར་ཞིག་གིས་ཕྱིའི་གསར་ཁང་གང་ཞིག་ཏུ་རྩོམ་སྒྲིག་པ་དང་འགན་འཛིན་སོགས་ཀྱི་ལས་ཀ་གཉེར་ཐུབ་པ་ཡིན་ན་བྱེད་བཅུག་གི་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་དུས་ཡུན་རིང་བོ་ནས་ཕྱིའི་གསར་ཁང་ཁག་རྒྱ་ནག་གི་དབང་འོག་ཏུ་བཅུག་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་སྐོར་བརྗོད་འདུག
ཧཱ་ཛེ་ཧྥན་འཛིན་བཟུང་དེ་འདས་པོའི་ཟླ་ཤས་ནང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཏུ་རྒྱ་ནག་གི་གསར་འགོད་བྱེད་མཁན་དང་། ཕྱིའི་གསར་ཁང་ལ་ལས་གཉེར་བྱེད་མཁན་རྒྱ་ནག་གི་མི་སེར་ཚོར་རྒྱ་ཁབ་བདེ་འཇགས་ལ་ཉེན་ཁ་ཡོད་སྐོར་བརྗོད་ནས། འཛིན་བཟུང་བཙན་འཁྲིད་བྱས་པ་ཐེངས་གཉིས་པ་དེ་ཡིན་པ་དང་། ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་འབྲེལ་(CGTN)གྱི་ཨོ་གླིང་གསར་འགོད་པ་ཁྲེང་ལེ་(Cheng Lei)ཞེས་པ་ཞིག་ལ་ཡང་། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་སྐོར་བརྗོད་ནས། འཛིན་བཟུང་བཙན་འཁྲིད་ཀྱིས་ད་དུང་ཁོ་མོའི་གནས་སྟངས་གསལ་ཁ་མེད་པར་གྱུར་ནས་ཡོད་པ་རེད།