ལུང་རིན་ཆེན་གྱིས་བརྩམས།
རིག་སྨོན་ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར།
དགྲ་འདུལ་མིང་ལ་གངས་ལྗོངས་ཟེར་བའི་བོད་ཟས་ཁང་དུ་བསླེབས་རྗེས་གདོང་གི་མིག་ཤེལ་ནག་པོ་དེ་མར་ཕུད།
ད་ཅི་ཁོས་ཡུན་རིང་དུ་མཚེའུའི་ཚོགས་ཀྱི་མཐའ་ནས་འཆམ་འཆམ་བྱས། ཡུན་རིང་པོར་མཐོ་སྒང་གི་མིག་ལ་འཚེར་བའི་ཉི་འོད་འོག་ཏུ་བསྡད་ཅིང་།
སྐབས་འདིར་གློ་བུར་ཁྱིམ་ནང་དུ་ཡོང་བས་ཁོའི་མིག་གཉིས་ཡུད་ཙམ་གྱི་རིང་ལ་དེར་བསྟུན་ཐུབ་མ་སོང་།
ཁོ་རང་བོད་ཟས་ཁང་གི་སྒོ་ཁར་འགྲེང་བཞིན་གཡས་གཡོན་དུ་ཡར་ལྟ་མར་ལྟ་ཞིག་བྱས་ཀྱང་། དོན་དངོས་སུ་ཁོས་ཅི་ཡང་མཐོང་མ་སོང་།
གལ་ཏེ་དགྲ་འདུལ་གྱིས་སྐབས་འདིར་མཐོང་ཐུབ་ཚེ། ཁོས་དེ་ནི་སྐབས་ཐོག་ཏུ་འཛུགས་སྐྲུན་བྱས་པའི་ཁེར་ཐོག་སྟབས་བདེ་ཞིག་ཡིན་པ་ཤེས་འོང་།
སྒོའི་ལོགས་སུ་གློག་སྒུལ་གྱི་མ་ཎི་འཁོར་ལོ་ཚོན་མདོག་ཅན་ཞིག་བརྩེངས་ཡོད་ཅིང་། དེ་ནི་སྐྲ་གཞར་ཁང་གི་སྒོ་ཁའི་འགྲེམ་བརྡའི་གློག་སྒྲོན་དང་ཅུང་ཟད་མཚུངས།
མ་ཎི་འཁོར་ལོའི་རྩིབ་ལོགས་སུ་ཟླ་གམ་དབྱིབས་ཀྱི་བཅད་སྟེགས་ཤིག་གིས་དམ་པོར་བསྐོར་ཡོད།
བཅད་སྟེགས་རྒྱབ་ཀྱི་ལྡེབས་ངོས་སུ་ཤིང་དྲའི་དྲ་མིག་འགའ་བཟོས་ཏེ་དྲ་མིག་ནང་དུ་འོ་ཇ་འཐུང་བྱེད་ཀྱི་ཤིང་ཕོར་དང་།
ད་དུང་ལྷ་སའི་སྦི་རག གཞན་ཡུལ་དེ་ནས་ཐོན་སྐྱེད་བྱུང་བའི་ཆང་བཅུད་ཀྱི་ཚད་དམའ་བའི་ནས་ཆང་བཅས་གཅིག་ཐོག་གཉིས་བརྩེགས་ཏུ་བཤམས་ཡོད་ཅིང་།
འོ་ཇ་ལྡུག་སྣོད་དུ་བཟོས་པའི་ཤིང་ཟོ་ཞིག་འཁྲིས་སུ་གསེག་བརྟེན་བྱས་ཡོད། བཅད་སྟེགས་ཐོག་ཏུ་ཟངས་དེམ་འགའ་བཞག་སྟེ་ཤེལ་པང་གིས་བཀབ་ཡོད་ལ།
གོ་རིམ་ལྟར་བརྩེགས་པའི་ཕོར་བླུག་འབྲི་ཞོ་དང་ཁྲ་ཆིལ་ཆིལ་གྱི་བཏུང་བ་སྣ་ཚོགས་པ་ཡོད། ནོར་བདག་ཛམ་བྷ་ལྷའི་སྐུ་བརྙན་བཞེངས་པའི་ཐང་ག་ཞིག་བཅད་ཤག་དེ་དག་གི་དཀྱིལ་དུ་བཀལ་ཡོད་དེ།
ཐང་གའི་རི་མོའི་ཁ་གཏད་དུ་འདྲ་པར་མང་པོ་ཞིག་བཀལ་ཡོད་ཅིང་། དེའི་གྲས་སུ་སྟོན་པ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐོར་ཞིག་གི་ལྷན་བཞུགས་འདྲ་པར་བཞག་ཡོད།
འགྱིག་ཅོག་སྔོན་པོ་ལྔ་དྲུག་ཅིག་བཅད་ཤག་གི་ནང་ཕྱོགས་སུ་གཏར་ཡོད་ལ་འགྱིག་ཅོག་རེ་རེའི་མཐའ་བསྐོར་དུ་ཡང་འགྱིག་བཟོས་རྒྱབ་བསྙེས་རྐུབ་སྟེགས་འགའ་བཞག་ཡོད།
ཏག་ཏག་ཅོག་ཙེ་ཕྱི་བཞིན་པའི་སྟོན་པས། དགྲ་འདུལ་ལ་ལྟ་ཙམ་བྱས་ཏེ་མུ་མཐུད་དུ་ལག་གི་ལས་ཀར་བྲེལ། ཧ་ལམ་དུས་ཚོད་སྐར་མ་གཅིག་ཙམ་འགོར་རྗེས། དགྲ་འདུལ་ད་གཟོད་བོད་ཟས་ཁང་ནང་གི་འོད་ངོགས་དེ་ལ་འཕྲོད་པར་གྱུར། མི་མེད་དམ། དགྲ་འདུལ་གྱིས་སྟོན་པ་ལ་གཟས་ཏེ་ན་རེ། མི་མེད་པ་ག་རེ་ཡིན་ཟེར། སྟོན་པས་མགོ་གཟུར་ཏེ་ཁོ་ལ་ལྟ་ཙམ་བྱས་རྗེས། ཁ་ཡ་མ་བྱས། ངས་ཁྱོད་ལ་སྐད་ཆ་འདྲི་བཞིན་ཡོད་པ་མི་ཤེས་སམ།དགྲ་འདུལ་གྱིས་དྲིས་རྒྱུར། མི་མེད་དམ། ཁྱོད་ཀྱི་མིག་གཉིས་ཀ་ཤེལ་སྒོང་འདྲ་བ་ཞིག་ཡིན་ནམ། སྟོན་པས་དེ་ལྟར་བཤད། དེ་ངའི་མིག་ལ་འབྲེལ་བ་ཅི་ཡོད་དམ། ཤེལ་སྒོང་ལས་ཅི་ཡང་མཐོང་མི་ཐུབ།
ངས་ངོ་མ་ཅང་མཐོང་མ་སོང་། དགྲ་འདུལ་གྱིས་དཔུང་པ་གསིག་གསིག་ཅིག་བྱས་ཏེ།
ཡུན་རིང་ལག་ཏུ་བཟུང་ཡོད་པའི་གདོང་གི་ཤེལ་མིག་བླངས་ཏེ་རྐེ་ལ་རྡོག་འགེལ་དུ་གྱོན། སྐུ་ཞབས་ལགས། སྟོན་པ་ན་རེ། འོ་ན་ང་སུ་རེད་དམ།དགྲ་འདུལ་གྱིས་ཀྱང་སྟོན་པའི་སྐད་ཆ་དེའི་ཧ་གོ་སྟེ་རང་དབང་མེད་པར་གད་མོ་ཤོར།ཁྱོད་རང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ལོས་ཡིན་ཏེ།
ངའི་སྐད་ཆ་དེའི་དོན་ནི་འདི་གར་མགྲོན་པོ་མེད་པ་ཅི་ཡིན་ནམ་ཟེར་བ་ཡིན། དགྲ་འདུལ་གྱིས་དེ་ལྟར་བཤད།
སྟོན་པས་དགྲ་འདུལ་ལ་སྡང་མིག་ཅིག་བགྲད་དེ་ཕར་འཁོར་ནས་འགྲོ་གྲབས་བྱེད་སྐབས།
ཅུང་མ་འགོར་བར་གློ་བུར་ཡིད་ལ་ཅིག་དྲན་ཏེ། ཕྱིར་འཁོར་ནས་དགྲ་འདུལ་ལ་ལུས་སྒུར་སྒུར་ཅིག་བྱས་ནས།
ན་རེ། བཀུར་འོས་པའི་སྐུ་མགྲོན་སླེབས་འདུག་པ་མིན་ནམ་ཟེར་བཞིན། མགྲོན་བསུ་བྱེད་པའི་འགུལ་སྟངས་ཤིག་ཀྱང་དེ་འཕྲལ་དུ་བསྟན་བྱུང་།
དོན་གྱིས་སྐབས་འདིར་ཉིན་གུང་ཡིན་པས། འདིར་རྩེད་མོར་གཡེང་དུ་འོང་བའི་སྐུ་མགྲོན་ཞིག་ཡིན་ན།
སྤྱིར་བཏང་དུ་ཕྱི་དྲོའི་སྐབས་སུ་མ་གཏོགས་མི་སླེབས།
དགྲ་འདུལ་གྱིས་དངོས་ནས་རང་ཉིད་བཀུར་འོས་པའི་སྐུ་མགྲོན་གལ་ཆེན་ཞིག་ཏུ་བསམས་ཡོད་པ་འདྲ་སྟེ།
ལག་པས་གཡུག་གཡུག་ཅིག་བྱེད་བཞིན་སྒེའུ་ཁུང་འགྲམ་གྱི་ཅོག་ཙེ་དེའི་གམ་དུ་མར་ཙོག་བྱུང་།
ངས་ཟས་ཐོ་འཁྱེར་འོང་ཟེར་བཞིན། སྟོན་པས་དགྲ་འདུལ་ལ་མིག་ལོག་གིས་ལྟ་བཞིན་ཕྱིར་འཁོར་ཏེ་བུད་སོང་།
དགྲ་འདུལ་གྱིས་སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ལྗོངས་ལ་ལྟ་བཞིན་གཞན་ལ་ཁ་པར་གཏོང་འགོ་བརྩམས།
སྒེའུ་ཁུང་ཕྱི་རོལ་ནི་མཚེའུའི་ཚོགས་ཞེས་པའི་ལྗོངས་ཁུལ་དེ་ཡིན་ཏེ།
སྔོ་ལྗང་གཡུ་ལོ་བཀོད་པ་ལྟ་བུ་རྩྭ་ལྗང་གིས་ཁ་ཞེང་གི་ཆེ་ཆུང་མི་འདྲ་བའི་མཚེའུ་མང་པོ་ཀུན་ནས་གཡོགས་ཡོད་ཅིང་།
ཤང་དྲིལ་མེ་ཏོག་བཞད་པའི་དུས་ཚིགས་ཀྱི་སྐབས་ཏག་ཏག་ཡིན། རྒྱང་རིང་བའི་སར་མཚེའུ་ཅུང་ཟད་ཆེ་ཞིག་འཁྱིལ་བ་དེའི་འགྲམ་ངོགས་སུ་མཚམས་སྤྲིན་རྒྱུ་བ་ལྟ་བུའི་ཁ་དོག་ཟིང་དཀར་རྣམ་པར་བཞད་ཡོད་པ་དེ་ནི་ཤང་དྲིལ་མེ་ཏོག་ཡིན།
ད་ཅི་དགྲ་འདུལ་དེར་སོང་ནས་བསྐོར་གཡེང་ཞིག་བྱས་ཏེ་ལག་འཁྱེར་ཁ་པར་གྱིས་ཤང་དྲིལ་མེ་ཏོག་གི་ཚུགས་ཀ་པར་དུ་བླངས་ཡོད་ཅིང་།
མེ་ཏོག་དེའི་འདབ་མ་ནི་སྙིང་ཆུང་གི་རྣམ་པར་མངོན་པ་ཞིག་ཡིན། ཁོས་མེ་ཏོག་དེ་པར་བླངས་ནས་ཇེ་སྐྱིད་ལ་བསྐུར་གྲབས་བྱས་ཏེ།
ཁོ་མོར་མེ་ཏོག་དེ་རྙེད་བྱུང་བ་བརྗོད་བསམ། ཁོས་ད་དུང་པར་རིས་དེ་དག་དབང་འཚོ་ལའང་བསྐུར་དགོས་སྙམ་མོད། མཇུག་ཏུ་ཇེ་སྐྱིད་གཅིག་པུར་མ་གཏོགས་མི་བསྐུར་རྒྱུ་ཐག་བཅད་དེ།
ཅུང་ཙམ་གྱི་རྗེས་ནས་དབང་འཚོ་ཐད་ཀར་བོས་ཏེ་ཁ་པར་ཐོག་ནས་བལྟ་རུ་འཇུག་སྙམ། ཁོས་དེ་ལྟར་བསམ་བཞིན་པར་རིས་དེ་ཇེ་སྐྱིད་ལ་བསྐུར།
ཁོ་རང་མཚེའུའི་འགྲམ་དུ་ཙོག་སྟེ་ཧོན་ཐོར་བཞིན་བསྡད་ཅིང་། མཚེའུ་ནང་དུ་ཉ་མོ་ཁྱུ་དང་ཁྱུ་བྱས་ནས་མགོར་བདེར་འཁྱུག་བཞིན་ཆུ་བྱ་སྐོར་ཞིག་གིས་ཉ་མོ་དག་བདས་ཏེ།
རེས་འགར་སྐྲག་ནས་སྙིང་རྩ་འདར་བ་ལྟ་བུའི་ཨག་སྐད་རེ་ཕྱུང་འོངས།
མཚེའུའི་ཚོགས་ནི་རྫོང་ནང་དུ་གསར་སྤེལ་བྱས་པའི་ལྗོངས་རྒྱུ་སྤྲོ་གསེང་བྱེད་ས་ཤིག་ཡིན།
གཞུང་ལམ་སྟབས་བདེ་ཞིག་ཐག་རིང་པོའི་སར་གྱི་རྡོ་སྣུམ་ཁྲོམ་ལམ་ནས་འདི་གར་དཀྱོག་ཡོད་ཅིང་།
མེ་ཏོག་སེར་ཆེན་བཞད་པའི་དུས་ཚིགས་ཀྱི་སྐབས་སུ། ཡུལ་སྐོར་བ་འགའ་རེ་ཡང་རྒྱུན་ཆད་མེད་པར་རླངས་འཁོར་ཅི་རིགས་ལ་བསྡད་ནས་འདིར་སླེབས་འོང་།
དགྲ་འདུལ་གྱིས་ཁ་པར་བཏང་བ་རེ་ཞིག་འཕྲོད་སོང་། ཁྱོད་རང་ཚུར་ཤོག་དང་། ང་མཚེའུའི་འགྲམ་གྱི་གངས་ལྗོངས་བོད་ཟས་ཁང་དུ་ཡོད།
ཁོས་ལག་ཁྱེར་ཁ་པར་ལ་གཏད་ནས་དེ་ལྟར་སྨྲས། དགྲ་འདུལ་གྱིས་སྐད་མཐོན་པོས། ངས་ཁྱོད་ལ་ཤོག་ཟེར་དུས།
ཁྱོད་རང་སླེབ་རྒྱུ་བྱོས་དང་ཟེར། བཤད་ཚར་རྗེས། ཚིག་པ་ཟ་ཚུལ་ཞིག་གིས་ལག་པས་ཅོག་ཙེའི་ཐོག་ལ་རྡེག་ཙམ་བྱས་ཏེ་ཁ་པར་སར་བཞག་བྱུང་།
སྟོན་པས་ཟས་ཐོ་ཁྱེར་ཡོང་སྟེ་དགྲ་འདུལ་ལ་སྤྲོད་ཞོར་དུ་རྒྱ་སྐད་ཀྱིས། སྐུ་ཞབས་ལགས། ཁྱེད་ལ་ཅི་ཞིག་མཁོ་འམ་ཞེས་དྲིས།
དགྲ་འདུལ་གྱིས་ཟས་ཐོ་ཚུར་བླངས་ཏེ། བསྟན་པར་ན་རེ། རྒྱ་སྐད་ཡག་པོ་ལབ་ཤེས་ཀྱི་འདུག་ཅེས་སྨྲས།
བསྟན་པས། ལབ་ཤེས་པ་ཙམ་ཡིན་ཟེར། དགྲ་འདུལ་གྱིས་ཟས་ཐོ་ཕར་སློག་ཚུར་སློག་བྱས་ཏེ། གློ་བུར་དུ་བསྟན་པ་ལ་ཁོ་ཧྥེ་ཡོད་དམ་ཞེས་དྲིས།
ཁྱོད་ཀྱིས་ཅི་ཟེར་རམ། བསྟན་པ་ཅུང་ཧ་ལས་པའི་ངང་ནས་མིག་གཉིས་ཆེར་ཕྱེ། ཁོ་ཧྥེ་ཟེར་བ་ཡིན།
ཁྱོད་ཚོའི་ཟ་ཁང་འདིར་ཚིག་ཟ་མེད་དམ། འདི་ག་གྲོང་ཁྱེར་མིན་པས་ག་ལ་ཡོད། དགོངས་པ་མ་ཚོམ།བསྟན་པས་སླར་རྒྱ་སྐད་བཤད།
གྲོང་ཁྱེར་གྱི་རྒྱུ་རྫས་འདི་གར་ཡང་ལོས་ཡོད་སྙམ། དགྲ་འདུལ་གྱིས་དེ་ལྟར་སྨྲས། གྲོང་ཁྱེར་གྱི་མི་འདི་གར་འོངས་ན་གྲོང་ཁྱེར་གྱི་ཟས་མི་ཟ་བས།
ང་ཚོས་ཀྱང་གྲ་སྒྲིག་བྱས་མེད་ཟེར་བཞིན། བསྟན་པས་སླར་རྒྱ་སྐད་ཀྱིས་དགོངས་པ་མ་ཚོམ་ཞེས་སྨྲས།
ཡིན་ན་ཡང་། མཚམས་ལན་རེར་ང་ལྟ་བུའི་མགྲོན་པོ་ཡང་ཁྱོད་ཚོའི་ཟ་ཁང་འདིར་སླེབས་སྲིད་པ། ཁྱོད་ཚོས་ཤེས་ན་ལོས་འགྲིག་ཟེར།
བསྟན་པ་ཡུད་ཙམ་ལ་ཁ་གྲགས་རྒྱུ་མ་བྱུང་། མུ་མཐུད་དུ་ལུས་པོ་སྒུར་སྒུར་ཐལ་དྲགས་པ་ཞིག་བྱས་ཏེ་ན་རེ།
ང་ཚོས་ཁྱེད་ཉིད་སླེབས་འོང་བ་ཤེས་མ་སོང་། དགོངས་ཡངས་ཞུ་ཟེར།
དགྲ་འདུལ་ནི་ཡུལ་དེ་གའི་མི་ཡིན། ཁོ་གྲོང་ཁྱེར་དུ་སློབ་གྲྭ་འགྲིམས་མྱོང་ལ།
དེའི་ཕྱིས་སུ་དབྱར་རྩྭ་དགུན་འབུས་ཉོ་ཚོང་རྒྱག་འགོ་བརྩམས། དབྱར་རྩྭ་བརྐོ་བའི་དུས་ཚིགས་སུ་ཁོ་རང་ཡུལ་འདིར་འོངས་ནས་དབྱར་རྩྭ་ཉོ་སྒྲུབ་བྱེད་ཅིང་།
དེ་ནས་གྲོང་ཁྱེར་དུ་ཁྱེར་ནས་དབྱར་རྩྭ་ཉོ་ཚོང་བྱེད་མཁན་ལ་ལོག་ཚོང་རྒྱག་བཞིན་ཡོད། ད་སྐབས་ཁོས་རང་ཉིད་སྦྱིན་བདག་ཆེན་མོ་ཞིག་ཡིན་མདོག་བྱས་ཏེ།
སྐབས་རེར་ཡུལ་འདིར་ཐོན་འོངས།
དགྲ་འདུལ་གྱིས། ཁྱོད་ཚོའི་སྦྱིན་བདག་འདིར་མེད་དམ་ཞེས་དྲིས། སྦྱིན་བདག་མེད།
གྲོང་ཁྱེར་དུ་ཁོ་ཧྥེ་འཐུང་དུ་བུད་སོང་བ་ཡིན་ནམ།དགྲ་འདུལ་གྱིས་སྐད་ཆ་དེ་བཤད་མ་ཐག་རང་ཉིད་ཀྱང་དགོད་ཤོར།
ཡིན། གྲོང་ཁྱེར་དུ་ཁོ་ཧྥེ་འཐུང་དུ་བུད་སོང་།སྟོན་པ་ཡང་བགད་བྱུང་། ཁྱོད་ཀྱིས་ལྟོས་དང་།
གལ་ཏེ་ཁྱོད་ཚོའི་བོད་ཟས་ཁང་འདིར་ཁོ་ཧྥེ་ཡོད་ཚེ། གྲོང་ཁྱེར་དུ་འགྲོ་མི་དགོས་པ་མིན་ནམ།དགྲ་འདུལ་གྱིས་དེ་ལྟར་སྨྲས།
སྐབས་འདིར། གཞོན་ནུ་མ་གཉིས་བོད་ཟས་ཁང་ནང་དུ་སླེབས་བྱུང་།
ཁྱོད་རང་དངོས་གནས་འདིར་ཡོད་དམ།ཁོ་མོ་གཉིས་ཐད་ཀར་དགྲ་འདུལ་གྱི་སར་ཕྱིན་ཅིང་།
ཁོའི་སྔུན་དུ་སོང་བའི་གཞོན་ནུ་མ་དེས་དགྲ་འདུལ་ལ་དེ་ལྟར་སྨྲས། དགྲ་འདུལ་ཡར་ལངས་ཏེ་གཞོན་ནུ་མ་གཉིས་ལ་ལྟ་བཞིན་གདོང་དུ་བསམ་ཡུལ་ལས་འདས་པ་དང་སོམ་ཉི་ཟོས་པའི་རྣམ་འགྱུར་མངོན།
ཁྱོད་གཉིས་མཉམ་དུ་ཡོད་དམ། ཁོས་དེ་ལྟར་དྲིས། ཇེ་སྐྱིད་ཁ་སང་སྔ་མོ་ནས་སླེབས་ཟིན་ཡོད།
འདི་ཁྱོད་ཀྱི་བློ་ཡུལ་ལའང་ཤར་མི་སྲིད།སྔུན་དུ་ལངས་འདུག་པའི་གཞོན་ནུ་མ་དེས་ལུས་གཟུར་ཏེ་ལྟག་རྒྱབ་ཀྱི་གཞོན་ནུ་མ་དེར་ལྟ་ཙམ་བྱས།
དགྲ་འདུལ་གྱིས་ཇེ་སྐྱིད་ལ། ཁྱོད་རང་ཉི་ཧོང་ལ་འཁྲབ་སྟོན་བྱེད་དུ་བུད་སོང་བ་མིན་ནམ་ཟེར།
དེར་འགྲོ་རྒྱུར་ད་རུང་ཉིན་ཁ་ཤས་འདུག ཉིན་འདི་ཚོར་ཟློས་གར་ཁང་དུ་དོན་དག་གཞན་མི་འདུག་པས།
སློབ་གྲོགས་ལ་ལྟ་རུ་ཡོང་བ་ཡིན། ཇེ་སྐྱིད་ཀྱིས་དེ་ལྟར་སྨྲ་བཞིན་གཞོན་ནུ་མ་དེའི་སྐྲ་ལ་ལག་པས་བྱིལ་བྱིལ་ཅིག་བྱས།
དབང་འཚོ། དེ་མ་རེད་དམ།ཁོ་མོས་དེ་ལྟར་སྨྲས། དབང་འཚོ་དགོད་ཀྱིན་དུ་མགོ་བོ་ནང་འགུག་བྱས།
སྐབས་འདིར། དབང་འཚོ་དགྲ་འདུལ་གམ་གྱི་རྐུབ་སྟེགས་ཐོག་བསྡད་འདུག་ཅིང་། ཁོ་མོས་ཇེ་སྐྱིད་ལ་ན་རེ།
ཇེ་སྐྱིད། མར་ཙོག་ཅིག་ཟེར། ཇེ་སྐྱིད་ཕར་སོང་སྟེ་དགྲ་འདུལ་གྱི་ཁ་གཏད་ཀྱི་རྐུབ་སྟེགས་ཐོག་བསྡད།
དགྲ་འདུལ་སྔར་བཞིན་བསམ་ཡུལ་ལས་འདས་པ་དང་ཐེ་ཚོམ་ཟ་བའི་གནས་སུ་འཁོད་འདུག་པ་འདྲ།
ངས་ཁྱོད་རང་དེ་སྔ་ནས་ཕྱི་རྒྱལ་དུ་བུད་སོང་སྙམ་ཡོད། དེ་བས་ཁ་པར་ཡང་གཏོང་མ་ཕོད།ཁོས་ཇེ་སྐྱིད་ལ་དེ་ལྟར་སྨྲས།
ཁྱོད་ཀྱིས་ང་ལ་འཕྲིན་ཐུང་བསྐུར་ཡོད་པ་མིན་ནམ། ཇེ་སྐྱིད་ན་རེ། འབྱོར་སོང་། སེམས་ལ་བཟུང་བ་བཀའ་དྲིན་ཆེ་ཟེར།
འཕྲིན་ཐུང་དེ་ཁ་སང་བསྐུར་བ་རེད་དམ། ཁོས་ང་ལའང་བསྐུར་ཡོད།དབང་འཚོས་དེ་ལྟར་སྨྲས། འོ།
རེད་དམ། དབང་འཚོ། དེའི་ནང་དོན《ནུབ་བསྐྱོད་རྣམ་ཐར་འུར་སྒྲོག་མ》(大话西游)ཞེས་པར་འབྲེལ་ཡོད་པ་ཞིག་རེད་དམ། ད་དུང་ང་རང་ཁྱོད་ལ་དགའ་ཞེས་རྒྱའི་ཡིག་འབྲུ་གསུམ་ཡོད་ལ།
དུས་བཅད་ཅིག་ཀྱང་བསྣན་ཡོད་པ་མིན་ནམ།
རེད། རེད།དབང་འཚོས་བཤད་རྒྱུར། ཁོས་ད་ནངས་སྔ་མོ་ཡང་ང་ལ་འཕྲིན་ཐུང་གཅིག་བསྐུར་འདུག་ཟེར།
བདེན་ནམ། ངས་ཡུན་རིང་དུ་ཁ་པར་གྱི་སྒོ་ཕྱེ་མེད། བསྐུར་ཡོད་མེད་མི་ཤེས། ཇེ་སྐྱིད་ཀྱིས་དེ་ལྟར་སྨྲ་བཞིན་ཁ་པར་བླངས་ཏེ་སྒོ་ཕྱེ།
ཁ་པར་གྱི་སྒོ་ཕྱེ་མ་ཐག་དིར་དིར་དིར་ཞེས་གྲགས་བྱུང་། ཇེ་སྐྱིད་ཀྱིས་ཡུད་ཙམ་ལ་བལྟས་ཏེ།
ཡ་མཚན། ཁོས་ང་ལའང་བསྐུར་འདུག ཟེར་བཞིན། ཀློག་འགོ་བརྩམས། གཞན་གྱིས་བཤད་པ་ལྟར་ན། བརྩེ་དུང་གིས་ཡོད་ཚད་ལ་བཅོས་བསྒྱུར་གཏོང་ཐུབ་ཟེར།
ངས་བསམ་ན་རང་ཉིད་སྔར་བས་ཇེ་ཡག་ཏུ་སོང་ཡོད་ལ། སྔར་བས་ཡིད་དབང་འཕྲོག་པའི་ནུས་པ་ཡོད་པ་འདྲ་སྟེ།
ཐ་ན་མགོའི་སྐྲ་ལོ་ཡང་སེར་པོར་བསྒྱུར་ཡོད།① རེད།
ནང་དོན་དེ་རེད། དབང་འཚོས་དེ་ལྟར་སྨྲས།
ཇེ་སྐྱིད་ཀྱིས།འོ། ད་རུང་ཚོན་འཕྲིན་ཞིག་ཀྱང་བསྐུར་འདུག་ཟེར།
ངས་ཅིག་བལྟ། ངས་ཅིག་བལྟ། དབང་འཚོས་བཤད། ཇེ་སྐྱིད་ཀྱིས་ཁ་པར་དབང་འཚོའི་ལག་ཏུ་ཕར་བསྲིངས།
དབང་འཚོས་མགོ་གཟུར་ཏེ་ལྟ་བཞིན། འདི་ཤང་དྲིལ་མེ་ཏོག་མ་རེད་དམ། འོ་ན་ཁྱོད་ཀྱིས་ང་ལ་མི་བསྐུར་དོན་ཅི་ཡིན།
དབང་འཚོས་དགྲ་འདུལ་ལ་ལྟ་བཞིན་དེ་ལྟར་སྨྲས། དགྲ་འདུལ་ཁ་སྐྱེངས་ཏེ། དེ་གར་ག་བྱེད་འདི་བྱེད་མེད་པར་ལངས་བསྡད།
ད་དུང་ཡི་གེ་ཡང་བྲིས་འདུག་ཟེར་བཞིན། ཀློག་མགོ་བརྩམས།
ཁྱོད་ཀྱིས་འདབ་མ་འདིའི་ཚུགས་ཀ་མཐོང་བྱུང་ངམ། ངའི་སྙིང་དང་འདྲ་བོ་འདུག
ཇི་འདྲའི་འཆར་ཡན་གྱིས་ཕྱུག་པ་ཞིག་རེད་པ་ལ་ཨང་།དབང་འཚོས་དེ་ལྟར་བཤད།
ཇེ་སྐྱིད་ཀྱིས་མགོ་ཡར་དགྱེ་སྟེ་ཡུན་རིང་དུ་ལངས་འདུག་པའི་དགྲ་འདུལ་ལ་ན་རེ། ཁྱོད་རང་དེ་གར་ཡུན་རིང་པོར་ལངས་བསྡད་ནས་ཅི་བྱེད།
མར་ཙོག་ཡ། བདེན་གི། མར་ཙོག་དང་ཟེར་བཞིན། ལོགས་སུ་ཙོག་བསྡད་ཡོད་པའི་དབང་འཚོ་དགྲ་འདུལ་གྱི་དཔུང་པར་འཇུས་ཏེ་མར་འཐེན་ནས་ཁོ་རང་ཙོག་ཏུ་བཅུག
དགྲ་འདུལ་མར་ཙོག་རྗེས། ཁོས་ཅི་ཞིག་བཤད་དགོས་པ་ཤེས་མ་སོང་། ཁོས་སྟོན་པ་བཅད་སྟེགས་ཀྱི་འགྲམ་དུ་ལངས་ཏེ་ཁོ་ཚོར་བལྟས་ཡོད་པ་མཐོང་བས།
སྣང་འཇོག་ཆེར་མེད་པའི་སྒོ་ནས་སྟོན་པ་ལ་ལག་བརྡ་ཞིག་བཏང་། སྟོན་པ་ཚུར་ཡོང་སྟེ་ད་སྔོན་ཏག་ཏག་ལ་སླེབས་པའི་གཞོན་ནུ་མ་གཉིས་ཀྱི་ཕྱོགས་སུ་མགོ་བོ་ནང་འགུག་ཅིག་བྱས་རྗེས།
དགྲ་འདུལ་རྒྱ་སྐད་ཀྱིས་ན་རེ། སྐུ་ཞབས་ལགས། ཁྱེད་ལ་ཅི་ཞིག་མཁོ་འམ་ཞེས་དྲིས།
ཨོ། ཟ་ཁང་འདིར། ཁོ་ཧྥེ་ངོ་མ་མེད་དམ། དགྲ་འདུལ་གྱིས་དེ་ལྟར་དྲིས།
ངོ་མ་མི་འདུག འོ་ན། ཟ་ཁང་འདིར་བཏུང་བྱའི་རིགས་གཞན་ཅི་ཞིག་ཡོད། ཞོ་འཐུང་རྒྱུ་ཡོད། འབྲི་ཞོ་དག་མ་ཡིན།
འབྲི་ཞོ་ཟེར་རམ། འབྲི་ཞོ་འཐུང་འདོད་ན་རང་གི་ཡུལ་ལ་སོང་ནས་འཐུང་ན་ལོས་ཆོག འགྲོ་སོང་ཡང་གཏོང་མི་དགོས།
གལ་ཏེ་ཁོ་ཧྥེ་འཐུང་འདོད་ཚེ། འོ་ན། ཁྱེད་རང་གྲོང་ཁྱེར་དུ་སོང་ན་མི་འགྲིག་གམ། སྟོན་པས་དེ་ལྟར་སྨྲས།
དེས་ན་འུ་ཚོས་འབྲི་ཞོ་འཐུང་། ཇེ་སྐྱིད་ན་རེ། ང་རང་ཁོ་ཧྥེ་འཐུང་རྒྱུར་ལོབས་འདུག་ཀྱང་མི་སྐྱོན།
ཡ། དེ་ལྟར་བྱ། དབང་འཚོས་ཀྱང་དེ་དང་བསྟུན་ནས་བཤད་རྒྱུར། ངས་ཁོ་ཧྥེ་ཡེ་ནས་འཐུང་མ་མྱོང་མོད་མི་སྐྱོན་ཟེར།
དེས་ན་འབྲི་ཞོ་ཕོར་གསུམ་ཁྱེར་ཤོག དགྲ་འདུལ་གྱིས་གཞོན་ནུ་མ་དེ་གཉིས་ལ་ལྟ་བཞིན་དེ་ལྟར་སྨྲས།
ལགས་སོ། །སྐུ་ཞབས་ལགས། སྟོན་པས་བཤད་ཚར་རྗེས་ཕྱིར་འཁོར། ཏག་ཏག་སྐབས་འདིར།
རྒྱབ་ཁུག་ཁུར་བའི་སྐྱེས་པ་བུད་མེད་གཉིས་ཀྱང་བོད་ཟས་ཁང་ནང་དུ་སླེབས་བྱུང་། སྐྱེས་པ་ན་རེ།
བོད་ཟས་ཁང་འདིར་ཟ་མ་ཅི་ཞིག་བཟའ་རྒྱུ་ཡོད་ཅེས་དྲིས། སྐུ་ཉིད་ནང་དུ་ཕེབས་དང་། ངས་རེམ་པར་ཟས་ཐོ་འཁྱེར་འོང་།
སྟོན་པས་དེ་ལྟར་སྨྲས་རྗེས་མགྲོན་པོ་གཉིས་ལ་དགའ་བསུ་བྱེད་པའི་རྣམ་པ་ཞིག་བསྟན་ཏེ་བཅད་སྟེགས་ཀྱི་ཕྱོགས་སུ་སོང་།
ཡུལ་སྐོར་མགྲོན་པོ་དེ་གཉིས་ཚུར་ནང་དུ་སླེབས་ཏེ། དགྲ་འདུལ་ལས་བར་ཐག་ཅུང་རིང་བའི་སར་གྱི་ཅོག་ཙེའི་གམ་དུ་ཙོག
ཅུང་མ་འགོར་བར། སྟོན་པས་ལག་པ་གཅིག་གིས་འབྲི་ཞོ་ཕོར་གསུམ་པོ་བཞག་པའི་སྡེར་མ་འཛིན་པ་དང་ལག་པ་ཅིག་ཤོས་ཀྱིས་ཟས་ཐོ་ཁྱེར་ནས་འདི་ཕྱོགས་སུ་སླེབས།
ཁོས་སྔོན་ལ་ཟས་ཐོ་དེ་མགྲོན་པོ་གཉིས་ཀྱི་མདུན་དུ་བཞག་རྗེས་སླར་སྡེར་མ་ཁྱེར་ནས་དགྲ་འདུལ་ཁོ་ཚོའི་ཅོག་ཙེའི་སྟེང་བཞག་སྟེ།
ཕོར་གསུམ་པོ་རེ་རེ་བཞིན་ཁོ་ཚོའི་སྔུན་དུ་ལེགས་པར་བཞག་ཅིང་། དེ་ནས་ཡང་བསྐྱར་ད་སྔོན་ཏག་ཏག་ལ་ཐོན་པའི་མགྲོན་པོ་གཉིས་ཀྱི་ཕྱོགས་སུ་སོང་།
དགྲ་འདུལ། ཁྱོད་ངོ་མ་ངར་བ་རེད། ཇེ་སྐྱིད་ཀྱིས་ཕར་བུད་སོང་བའི་སྟོན་པའི་རྒྱབ་ངོས་ལ་ལྟ་བཞིན།
ཁ་ཕྱིར་འཁོར་ཏེ་དགྲ་འདུལ་ལ་དེ་ལྟར་སྨྲས། འདི… …དོན་དངོས་སུ… …དགྲ་འདུལ་གྱིས་དེ་ལྟར་སྨྲ་བཞིན།
མིག་མདུན་གྱི་འབྲོ་ཞོ་ཕོར་གང་བོ་བཟུང་ནས་ཡར་ལངས་ཏེ། སྲིན་མཛུབ་ཞོ་ལ་བསྒྲེས་ནས་ཡར་དཀོན་མཆོག་གསུམ་ལ་མཆོད་ཁ་གསུམ་འཕངས། གནས་ཚུལ་དེ་ཁྱོད་ཀྱིས་བསམ་བཞིན་པའི་དེ་ཙམ་རྙོག་འཛིང་ཆེ་བ་ཞིག་མིན།
དབང་འཚོ་ཁྱོད་ཀྱི་སློབ་གྲོགས་རེད། ངས་དེའི་རྐྱེན་གྱིས… … འབྲོ་ཞོ་འཐུང་སྙམ་པ་ཙམ་ཡིན་ཟེར།
དབང་འཚོས། དེའི་རྐྱེན་གྱིས… … ཅི་ཞིག་བྱས་སོང་ཞེས་དྲིས།
དགྲ་འདུལ་གྱིས་དབང་འཚོར་ལྟ་བཞིན་ན་རེ། ཁྱོད་གཉི་ག་ལྷན་ཅིག་ཏུ་ཡོད་པ་བློ་ཡིད་ལའང་དྲན་མ་སོང་།
ཞེས་སྨྲས་ཚར་རྗེས་མར་ཙོག་བྱུང་། ངེད་གཉིས་དེ་སྔ་ཞིག་ནས་ལྷན་ཅིག་ཏུ་ཡོད། དབང་འཚོས་བཤད་རྒྱུར།
དེའི་རྐྱེན་གྱིས་ངེད་གཉིས་དེ་རིང་ལྷན་དུ་ཁྱོད་ལ་ལྟ་རུ་ཡོང་བ་ཡིན། ངེད་གཉི་ག་ཁྱོད་ཀྱིས་སྐྲ་ལོ་སེར་པོར་བསྒྱུར་ཡོད་པར་ལྟ་རུ་ཡོང་བ་ཡིན།
ཇེ་སྐྱིད་ཀྱིས་དེ་ལྟར་ཟེར་བཞིན་འབྲི་ཞོ་ཕོར་བཏུམ་ཅན་དེ་དགྲ་འདུལ་གྱི་མགོར་བླུག་བྱུང་།དབང་འཚོས་ཀྱང་དེར་ལྟ་བཞིན་ཡར་ལངས་ཏེ།
ཁོ་མོའི་རྗེས་སུ་འབྲངས་ནས་ཐབས་རྙིང་ལྟར་བགྱིས།
ཇེ་སྐྱིད་ཀྱིས་དགྲ་འདུལ་གྱི་མགོར་འབྲི་ཞོ་ལྡུག་ཞོར་དུ་ན་རེ།
སྔོན་ཆད་འབྲོ་ཞོ་ཕོར་གང་ངའི་མདུན་དུ་བཞག་མྱོང་མོད། འོན་ཀྱང་། ངས་གཅེས་སྤྲས་མ་བྱས།
… …དབང་འཚོ། སྐད་ཆ་དེའི་ཚིག་རྗེས་མ་ཅི་ལྟར་བཤད་ཡོད་དམ། དབང་འཚོས། མགོ་བོ་གཡུག་གཡུག་བྱས།
ཇེ་སྐྱིད་ཀྱིས། འབྲི་ཞོ་ཕོར་གང་བོ་རྨང་ནས་འཕྲོ་བརླག་ཏུ་བཏང་བྱུང་སྙམ་པའི་ཚེ་ན། ད་གཟོད་འགྱོད་པ་རྟས་མི་ཟིན་པ་བཞིན།
འཇིག་རྟེན་མི་ཡུལ་ན་འདི་ལས་སྡུག་བསྔལ་ཆེན་པོ་ཞིག་མེད་ཅེས་མུ་མཐུད་དུ་དེ་ལྟར་བཤད། དགྲ་འདུལ་དེ་གར་ཙོག་འདུག་ཅིང་།
མགོ་ཧྲིལ་པོ་འདག་འདག་གི་ཞོས་གཡོགས་ཡོད། ཁོས་ཅི་ནུས་ཀྱིས་མགོ་བོ་སྔུན་ལ་བསྲིངས་ཏེ་ལྭ་བའི་སྟེང་དུ་ཞོ་མི་གཏིག་པར་བྱས་ཀྱང་།
ཁོའི་གདོང་གི་མིག་ཤེལ་དེ་སར་ལྷུང་བས་སྟེང་ལ་འདག་བག་གི་ཞོ་ཡོངས་སུ་འབྱར་འདུག
ཇེ་སྐྱིད་ཀྱིས། དགྲ་འདུལ་གྱི་བཟོ་ལྟ་ངན་པའི་ཚུགས་ཀར་ལྟ་བཞིན་བཤད་རྒྱུར།
སྤྱིར་ཡིན་ན། ངེད་གཉིས་ཁྱོད་ཀྱི་སྐྲ་ལོ་སེར་པོར་བསྒྱུར་པར་ལྟ་རུ་ཡོང་བ་ཡིན་མོད། བསམ་ཡུལ་འདས་པ་ཞིག་ལ་དཀར་པོར་བསྒྱུར་འདུག་ཅེས་བཤད་མ་ཐག་གད་མོ་ཤོར།
དབང་འཚོ་ཡང་སྐད་མཐོན་པོ་ཕྱུང་ནས་བགད་བྱུང་།
སྟོན་པ་བཅད་སྟེགས་ཐོག་བསྡད་ཡོད་ཅིང་འདི་ཕྱོགས་སུ་ལྟ་བཞིན་ངོ་གནག་གེར་འདུག་པ་ལས་རང་ཉིད་ལ་དགོད་ཤོར་དུ་བཅུག་མ་བྱུང་།
ཇེ་སྐྱིད་ཀྱིས་དབང་འཚོ་རྐུབ་སྟེགས་སྟེང་ཡར་བཀྱགས་ནས་སྟོན་པའི་ཕྱོགས་ལ་འཁོར་ཏེ།
སྦྱིན་བདག ང་ཚོས་ཞོ་རིན་སྤྲོད་རྩིས་ཡིན་ཞེས་བོས།
སྟོན་པ་ཚུར་སླེབས་བྱུང་། ཇེ་སྐྱིད་ཀྱིས་དབང་འཚོ་སྒོའི་ཕྱོགས་སུ་ཁྲིད་ཞོར་དུ་དགྲ་འདུལ་ལ་མཆུ་སྟོན་བྱས་ཏེ།
རིན་ཁོས་སྤྲོད་འོང་ཟེར། ཡ། ཤེས་སོང་། སྟོན་པས་དེ་ལྟར་སྨྲས། དབང་འཚོས་སྟོན་པ་ལ་ལྟ་ཞོར་དུ། སྟོན་པ། ཁྱོད་ངོ་མ་བུ་ངར་ཞིག་རེད། གསོལ་ཁང་འདི་འདྲའི་ཆེན་པོ་ཞིག་ཕྱེ་འདུག་ཅེས་སྨྲས།
སྟོན་པ་གློ་བུར་ཁ་སྐྱེངས་ཏེ། དེ་འདྲ་ཞིག་ག་ལ་ཡིན།
གསོལ་ཁང་ཡང་དོན་གྱིས་ཆེ་རྒྱུ་ཆེར་མི་འདུག་ཟེར། ཁྱོད་ལ་རྒྱུན་པར་འབྲེལ་གཏུག་བྱས་ན་ཆོག་གམ།
ངས་ཁྱོད་ཀྱི་ཁ་པར་ཨང་གྲངས་ཤེས་ཡོད། དབང་འཚོས་དེ་ལྟར་སྨྲས།
དེ་ལོས་ཆོག་སྟོན་པ་ན་རེ། གོ་ཐོས་ཡིན་ན་ཁྱོད་ཀྱིས་འཚེམ་དྲུབས་བྱས་པའི་བོད་ཀྱི་གཙག་དྲུབ་དེ་ཧ་ཅང་ཡག་པོ་འདུག་ཟེར།
ངའི་གསོལ་ཁང་འདི་ནས་ཀྱང་ཚབ་འཚོང་བྱས་ཆོག་ཅེས་སྨྲས། དབང་འཚོས། ངས་ཀྱང་ཁྱོད་ལ་དོན་དག་འདི་གྲོས་བྱ་རྩིས་ཡོད་ཟེར།
སྟོན་པ། རྗེས་སུ་མཇལ་འོང་།ཇེ་སྐྱིད་ཀྱིས་བཤད། སླར་མཇལ། སྟོན་པས་བཤད་རྒྱུར། ཁྱོད་ཀྱི་གླུ་གཞས་ཆེད་བསྒྲིགས་ཀྱི་ཟེར་སྡེར་དེ་ཕྱིར་འཚོང་ལེགས་པོ་ཞིག་བྱེད་ཐུབ་ན་བཟང་ཟེར།
ཨོ། ཐུགས་རྗེ་ཆེ། ཁྱོད་ཀྱིས་ངའི་གཞས་ལ་མཉན་མྱོང་ངམ། ཉན་ལོས་མྱོང་། ང་རང《སྒྲོལ་མའི་བསྟོད་པ》ཞེས་པའི་གཞས་དེར་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད། དར་སྲོལ་གསར་པའི་ཉམས་ཐོན་ཡོད་པ་ཞིག་རེད། སྐད་ཆ་འདི་བརྗོད་དུས་སྟོན་པས་ལག་ཟུང་ཐལ་མོ་སྦྱར་ཏེ་རྗེ་བཙུན་འཕགས་མ་སྒྲོལ་མར་གུས་འདུད་ཅིག་ཞུས།
བསྟོད་དྲགས་སོང་། ཐུགས་རྗེ་ཆེ། རྗེས་ཕྱོགས་མུ་མཐུད་དུ་འབྲེལ་གཏུག་བྱེད།
ཇེ་སྐྱིད་ན་རེ། ཁྱོད་ཀྱི་ཁ་པར་ཨང་གྲངས་ངས་དབང་འཚོར་དྲིས་ཆོག་ཟེར། སྟོན་པས་དེ་ཆོག་ཚུལ་གྱི་མགོ་བོ་ནང་འགུག་བྱས།
ཇེ་སྐྱིད་དང་དབང་འཚོ་གཉིས་བོད་ཟས་ཁང་གི་སྒོར་ཐོན་བྱུང་། གསོལ་ཁང་ནང་དུ་མགྲོན་པོ་དེ་གཉིས་ཀྱིས་དོཊ་འདྲོགས་ལངས་པའི་སྒོ་ནས་དགྲ་འདུལ་ལ་བལྟས་ཡོད།
ཁོ་ཚོར་ག་རེ་བྱས་སོང་ངམ། བུད་མེད་དེས་གམ་གྱི་སྐྱེས་པ་ལ་དེ་ལྟར་དྲིས་ཤིང་། གདོང་ཧྲིལ་པོ་ཧ་ལས་པའི་རྣམ་འགྱུར་གྱིས་ཁེངས་ཡོད།
སྐྱེས་པ་ན་རེ། ཕལ་ཆེར་ལུགས་སྲོལ་ཞིག་རེད། ཁོ་ཚོས་དཀར་པོ་ལ་བརྩི་མཐོང་བྱེད་ཟེར།
ཡང་གློ་བུར་དུ་ཡིད་ལ་ཅིག་དྲན་ཏེ། བོད་ལྗོངས་གཞིས་ཀ་རྩེ་ས་ཆར་མིའི་ལུས་སྟེང་དུ་རྩམ་པ་གཏོར་བའི་ལུགས་སྲོལ་ཡང་འདུག་ཅེས་ཚིག་འགའ་ཁ་སྣོན་བགྱིས།
ཨོ། དེ་འདྲ་ཡིན་ནམ། འོ་ན་འུ་གཉི་གས་ཀྱང་ཁོ་ཚོའི་ལུགས་སྲོལ་བཞིན་བྱེད། ཡ། ཤོག་དང་། ཁོ་མོས་དེ་ལྟར་ཟེར་བཞིན་ཡར་ལངས་ཏེ།
ལག་གི་འབྲི་ཞོ་ཕོར་གང་བོའི་འཐུང་འཕྲོ་ཉུང་ཙམ་པོ་སྐྱེས་པ་དེའི་མགོར་བླུགས། ཁོ་རང་ཐོག་མར་ཧ་ལས་ཤིང་དེ་ནས་དགོད་ཅིག་ཤོར་ཏེ།
ཡར་ལངས་ནས་ལག་གི་འབྲོ་ཞི་ཕོར་གང་བོ་བུད་མེད་དེའི་མགོར་དེ་བཞིན་དུ་བླུགས་བྱུང་། དགྲ་འདུལ་གྱིས་མགོ་བསྒུར་ཏེ་མགྲོན་པོ་དེ་གཉིས་ལ་ལྟ་བཞིན་བསྡད་ཅིང་།
འདག་བག་གི་འབྲི་ཞོ་རྒྱུན་ཆད་མེད་པར་ཁོའི་མགོ་ནས་སར་ཐིགས་བཞིན་ཡོད། སྐབས་འདིར་ཁོའི་ལག་འཁྱེར་ཁ་པར་ལས་འཕྲིན་ཐུང་གི་སྒྲ་ཞིག་གྲགས་བྱུང་།
དགྲ་འདུལ་གྱིས་ཁ་ཕྱེ་ནས་ལྟ་དུས། དེ་ནི་ཇེ་སྐྱིད་ཀྱིས་བསྐུར་འོངས་པའི་འཕྲིན་ཐུང་ཞིག་ཡིན་ཏེ།
ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་བྱུང་།
།
དགྲ་འདུལ་གྱིས་འཕྲིན་ཐུང་ལ་ལྟ་བཞིན་ཡིད་ཕངས་པར་གྱུར་ཏེ་མགོ་བོ་གཡུག་གཡུག་ཅིག་བྱས། ཁོས་དེ་ནི་རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོས་མཛད་པའི་མགུར་གླུ་ཞིག་ཡིན་པ་ཤེས་ཡོད་ལ།
མགུར་གླུ་དེ་ཇེ་སྐྱིད་ཀྱིས་སྔོན་ཆད་ཁོ་ལ་བླངས་མྱོང་། ། སྟོན་པས་ཟས་ཤོག་ཅིག་བཟུང་སྟེ།
དགྲ་འདུལ་དང་མགྲོན་པོ་དེ་གཉིས་ཀྱི་ཕྱོགས་སུ་སོང་།