བོད་ཀྱི་རྒྱལ་ས་ལྷ་སར་ནག་སེལ་ལས་འགུལ་ཁྲོད་བོད་མི་དྲུག་ནས་ངན་ཚོགས་བཙུགས་ཏེ་རྐུ་འཕྲོག་དང་ཟིང་སློང་བྱས་སྐོར་གྱི་ནག་ཉེས་འོག་ལོ་ ༢ ནས་ ༡༧ བར་དུས་ཡུན་མི་འདྲ་བའི་ཁྲིམས་ཐག་བཅད་འདུག
ཕྱི་ཟླ་ ༡༢ ནང་ ༢༩ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་། ལྷ་ས་ནས་ནག་སེལ་གཤེད་བཅོམ་ལས་འགུལ་དང་འབྲེལ་ནས། སྤྱང་ཀི་ཚོགས་པ་ཞེས་པའི་ངན་ཚོགས་ཞིག་རྩ་མེད་བཏང་ཡོད་སྐོར་བརྗོད་པའི་གནས་ཚུལ་ཞིག་ནང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༢༥ ཉིན་བོད་མི་ ༨ ནས་ངན་ཚོགས་བཙུགས་ཏེ་རྐུ་འཕྲོག་བཅོམ་གསུམ་དང་། བསྙད་བརྐོ་ཟིང་སློང་བྱས་སྐོར་བརྗོད་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་པས་ནག་སེལ་ལས་འགུལ་ཁྲོད་འཛིན་བཟུང་བྱས་ཏེ། མི་དྲུག་ལ་དུས་ཡུན་ལོ་ ༡༠ ནས་ ༡༧ བར་གྱི་ཁྲིམས་ཐག་དང་དངུལ་ཆད་བཅད་ཡོད་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་འདུག
དེ་འབྲེལ་གནས་ཚུལ་ནང་བོད་མི་དེ་དག་ནི་ལོ་ན་ ༢༠ ནང་ཡོད་པ་རྐྱང་ཡིན་པ་དང་།
ཁོ་ཚོས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༦ པ་ནས་བཟུང་ལྷ་སར་སྤྱང་ཀི་ཚོགས་པ་ཞེས་པའི་ངན་ཚོགས་ཤིག་བཙུགས་ཏེ།
གཞན་ལ་རྐུ་འཕྲོག་བཅོམ་གསུམ་གྱི་ལས་བྱས་ཏེ་ནག་གཤེད་ཉེས་གསོག་ཚོགས་པར་གྱུར་ཡོད་སྐོར་དང་།
ཡང་བོད་མི་དེ་དག་གི་མིང་གི་མགོ་ཕྱིར་བསྒྲགས་བྱས་པའི་ནང་། ལྷག་ཆེ་གེ་མོ་དང་ ཉི་ཆེ་གེ་མོ། ཚེ་ཆེ་གེ་མོ། བློ་ཆེ་གེ་མོ།
ཝུའུ་ཆེ་གེ་མོ་དང་། ཏིང་ཆེ་གེ་མོ་བཅས་ཡིན་སྐོར་བཀོད་འདུག
ཡང་བོད་མི་དེ་དག་ལས་ལྷག་ཆེ་གེ་མོར་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་དང་རྒྱ་སྒོར་ཁྲི་
༡།༡ ཉེས་ཆད་དང་། ཝུའུ་ཆེ་གེ་མོར་ལོ་ ༡༧ གྱི་ཁྲིམས་ཆད་དང་རྒྱ་སྒོར་ཁྲི་ ༡།༦ ཉེས་ཆད།
ཏིང་ཆེ་གེ་མོར་ལོ་ ༡༢ དང་ཟླ་ ༥ ཡི་ཁྲིམས་ཆད་དང་རྒྱ་སྒོར་ཁྲི་ ༡།༡ ཉེས་ཆད། ཉི་ཆེ་གེ་མོར་ལོ་
༩ དང་རྒྱ་སྒོར་ཁྲི་ ༡ ཉེས་ཆད། ཚེ་ཆེ་གེ་མོར་ལོ་ ༥དང་ཟླ་ ༡ ཁྲིམས་ཆད་དང་རྒྱ་སྒོར་ཁྲི་
༠།༧ ཉེས་ཆད། བློ་ཆེ་གེ་མོར་བཙོན་འཇུག་ཁྲིམས་ཆད་ལོ་ ༢ དང་ཟླ་ ༧ དང་རྒྱ་སྒོར་ཁྲི་ ༠།༡
ཉེས་ཆད་བཅས་བཅད་ཡོད་སྐོར་བརྗོད་འདུག
བོད་མི་དེ་དག་ལ་ཁྲིམས་ཐག་གཅོད་མཁན་ལྷ་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ཟེར་བ་ཡིན་པ་དང་།
མི་སྣ་དེ་དག་ཚང་མར་རྐུ་འཕྲོག་བསྙད་བརྐོ་ཟིང་སློང་གི་ནག་ཉེས་གཡོག་ཡོད་པ་ལས།
གཞན་ཁྲིམས་ཀྱི་འགྲོ་སྟངས་གཞིར་བཟུང་ཁྲིམས་རྩོད་པ་གླ་བཅུག་ཡོད་མེད་དང་། མི་སྣ་དེ་དག་ནས་རྐུ་འཕྲོག་བཅོམ་གསུམ་གྱི་ཉེས་འཛུགས་ལ་ངོས་ལེན་བྱས་ཡོད་མེད་སོགས་གསལ་ཁ་གང་ཡང་མི་འདུག