རྡོ་རིང་པད་མ་དབང་ཆེན།
ཉི་མ་ལྷ་སའི་དྭངས་གཙང་གི་མཁའ་དབྱིངས་དང་། གསེར་མདོག་གི་རྒྱ་ཕིབས། ལང་ལོང་འཕྱུར་བའི་བསང་དུད་དང་། འདུ་འགོད་འཁྲིགས་པའི་མི་ཚོགས་ཀྱིས་གནའ་བོའི་གྲོང་ཁྱེར་ལ་མཛེས་སྡུག་གི་ཁ་དོག་བསྣན་ཅིང་། རེ་སྨོན་གྱི་ཞིང་ཁམས་ལ་ཁྱད་མཚར་གྱི་ཉམས་སྣང་གིས་སྤྲས་འདུག གནས་སྐོར་པའི་སྤྲོ་སྣང་གི་འུར་ཟིང་མཁའ་དབྱིངས་ནས་མཆེད་ཅིང་། གནས་མཇལ་པའི་ལྷད་མེད་ཀྱི་དད་སེམས་སྙིམ་པ་ནས་འཕྱུར་དུས། ཉི་མ་ལྷ་ས་ནི་སུས་ཀྱང་བརྗོད་མི་ཚར་བའི་མཛེས་སྡུག་གི་ཞིང་ཁམས་དང་། སུས་ཀྱང་རྟོགས་མི་སྲིད་པའི་ལྐོག་གྱུར་གྱི་འཇིག་རྟེན་ཞིག་རེད། དེའི་ཕྱིར། ཐེངས་དེའི་འགྲུལ་བཞུད་ཁྲོད་ང་ཚོ་སྤྲོ་སྣང་གིས་ལྷ་ས་ལ་ཆས་ཤིང་སྐྱོ་སྣང་གིས་ལྷ་ས་དང་གྱེས།
ལྷ་སའི་འགྲུལ་བཞུད་ལ་ཕྱིར་དྲན་བྱེད་ཐེངས་རེར། ལྷོ་ཁའི་ཞིག་རལ་དུ་གྱུར་པའི་བཙན་པོའི་བང་སོ་དེ་དག་ངའི་མིག་ལམ་དུ་དབང་མེད་དུ་ཤར་ཡོང་།2006ལོའི་ཟླ7པའི་ཚེས31ཉིན།
ང་ཚོ་སྣེ་གདོང་ནས་ལམ་ལ་ཆས་ཏེ་འཕྱོངས་རྒྱས་བཙན་པོའི་བང་སོར་བརྟག་དཔྱད་དུ་ཕྱིན། ཆོས་འབྱུང་ལོ་རྒྱུས་དག་ལས་འཕྱོངས་རྒྱས་ཡུལ་དུ་བང་སོ་ཉེར་གཅིག་ཡོད་པར་བཤད་མོད།
ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་བང་སོ་བཅུ་གཉིས་ཙམ་ལས་མི་འདུག བོད་ཀྱི་བཙན་པོར་བང་སོ་འདེབས་པའི་སྲོལ་ནི་པུ་དེ་གུང་རྒྱལ་རིང་ནས་བྱུང་བར་གྲགས་ལ།
པུ་དེ་གུང་རྒྱལ་གྱིས་ཡབ་གྲི་གུམ་བཙན་པོར་བང་སོ་བརྩིགས་པ་ནས་བོད་ཀྱི་བཙན་པོར་བང་སོ་རྩིག་པའི་སྲོལ་དར་བ་དང་།
བཙན་ལྔ་མན་ཆད་ནས་བཟུང་བཙན་པོ་རིམ་བྱོན་གྱི་བང་སོ་འཕྱོངས་རྒྱས་ཡུལ་དུ་བཏབ་ཚུལ་ལོ་རྒྱུས་ཆོས་འབྱུང་སོགས་སུ་གསལ་བོར་འཁོད་ཡོད་པ་དང་།
《 ཆོས་འབྱུང་མཁས་པའི་དགའ་སྟོན》ལས།
“བཙན་ལྔ་མན་ཆད་བང་སོ་འཕྱོངས་ཡུལ་བཏབ”ཅེས་བཙན་ལྔ་མན་ཆད་ཀྱི་བོད་ཀྱི་བཙན་པོ་རེ་རེའི་བང་སོའི་གནས་ཡུལ་དང་རྣམ་པ་སོགས་གསལ་བོར་ངོ་སྤྲོད་གནང་ཡོད་ནའང་།
ལོ་ཟླའི་འཕེལ་འགྱུར་རིང་མོའི་ཁྲོད་དུ་བང་སོ་སྐོར་ཞིག་རྩ་བ་ནས་འཇིག་པས། སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བརྟན།
ཁྲི་ལྡེ་སྲོང་བཙན་བཅས་ཀྱི་བང་སོ་ལས་བཙན་པོ་གཞན་རྣམས་ཀྱི་བང་སོ་ངོས་འཛིན་ཚུལ་མི་འདྲ།
སྲོང་བཙན་བང་སོ་ནི་འཕྱོངས་རྒྱས་ན་ཡོད་པའི་བང་སོ་དག་ལས་ཆེས་ཆེ་བའི་བང་སོ་ཡིན་ལ། སྟེང་དུ་ལྷ་ཁང་ཞིག་ཀྱང་བཞེངས་ཡོད།
ཞིག་རལ་དུ་གྱུར་པའི་བང་སོ་དེ་ལས་བང་སོ་དེ་ཐོག་མར་རྩིག་དུས་ཀྱི་གཞི་ཁྱོན་ཆེ་བའི་རྣམ་པ་གསལ་བོར་མཐོང་ཐུབ་ལ།
བང་སོ་དེ་དག་ནི་དང་ཐོག་དབྱིབས་གྲུ་བཞི་ཡིན་ནའང་ལོ་ཟླའི་ཆར་རླུང་གིས་འཇིག་པར་གྱུར་པས་ད་ལྟ་དབྱིབས་ཟླུམ་པོའི་རྣམ་པར་གྱུར་ཡོད།
སྲོང་བཙན་གྱི་བང་སོ་ནི་གཤམ་ཐང་གི་ཆུ་འགྲམ་ཞིག་ཏུ་ཡོད་པ་དང་། བང་སོ་དེའི་སྟེང་ནས་ཕྱོགས་བཞིར་བལྟས་ན་དེའུ་འབུར་ལྟ་བུའི་བང་སོ་རྣམས་མིག་ལམ་དུ་ལྷང་ངེར་མངོན་ཐུབ།
བང་སོ་དེའི་བྱང་ཟུར་གྱི་གོམ་པ་ལྔ་བརྒྱ་ཙམ་གྱི་སར་བང་སོ་ཞིག་ཡོད་ལ།བཤད་རྒྱུན་དུ་དེ་ནི་ཁྲི་ལྡེ་སྲོང་བཙན་གྱི་བང་སོ་ཡིན་པར་བཤད།
བང་སོ་དེའི་མདུན་དུ་རྔམ་བརྗིད་ལྡན་པའི་རྡོ་རིང་ཞིག་ཡོད་པ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་དང་།
རྡོ་རིང་དེ་ནི་ང་ཚོས་ལོ་རྒྱུས་ལ་ལྟ་བྱེད་ཀྱི་མེ་ལོང་ཡིན་ལ། ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་བསུབ་ཏུ་མེད་པའི་ཞབས་རྗེས་ཀྱང་ཡིན།
སྲོང་བཙན་གྱི་བང་སོའི་སྟེང་ནས་བྱང་ཕྱོགས་སུ་བལྟས་ན། བྱང་ཕྱོགས་ཀྱི་རི་འདབས་ནས་གསལ་ལ་མི་གསལ་བའི་ས་འབུར་ཞིག་མཐོང་ཐུབ།
བཤད་རྒྱུན་དུ་དེ་ནི་གནམ་རི་སྲོང་བཙན་གྱི་བང་སོ་ཡིན་ཟེར། སྲོང་བཙན་བང་སོའི་ལྷོ་ཕྱོགས་ཀྱི་འབྲུ་དྲུག་གི་སྙེ་མ་ལྡེམ་ལྡེམ་གཡོ་བའི་ཞིང་བར་ཞིག་ན་དེའུ་འབུར་ཆུང་ཆུང་ཞིག་ཡོད།
ས་དེའི་རྒད་པོ་ཞིག་གིས་བཤད་པ་ལྟར་ན། “དེ་ནི་གླང་དར་མའི་བང་སོ་ཡིན། བང་སོ་དེ་ཡང་དང་ཐོག་ཆེ་ཆུང་བང་སོ་གཞན་དང་འདྲ་ནའང་།
རྗེས་སུ་མང་ཚོགས་ཀྱིས་ས་ཞིང་གསར་སྤོལ་བྱེད་སྐབས་གླང་དར་མ་ནི་བདུད་རྒྱལ་ཡིན་ཞེས་བང་སོ་བཤིག་སྟེ་ཞིང་བཟོས་པས།
ད་ལྟའི་རྣམ་པ་འདི་ལྟར་གྱུར་པ་ཡིན”ཟེར།
མུ་ར་རིའི་རི་རྐེད་དུ་གཞི་ཁྱོན་ཆེ་ཞིང་དཔངས་མཐོ་བའི་བང་སོ་ཞིག་ཡོད་ལ།
བང་སོ་དེའི་སྟེང་ནས་གཤམ་ལ་བལྟས་ཚེ། རི་གཤམ་གྱི་བང་སོ་རྣམས་མིག་ལམ་དུ་གསལ་ལྷང་ངེར་མཐོང་ཐུབ།
རི་གཤམ་གྱི་བང་སོ་རྣམས་སྟར་ཕྲེང་བསྒྲིགས་ནས་ཡོད་པས། ང་ཚོས་ཞིག་རལ་དུ་གྱུར་པའི་བང་སོའི་རྣམ་པ་དེ་ལས་བཙན་པོའི་དུས་སྐབས་ཀྱི་བང་སོའི་རྔམ་བརྗིད་དང་བཙན་པོའི་ཟིལ་ཤུགས་རྟོགས་ཐུབ།
རི་རྐེད་ཀྱི་བང་སོ་དེ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བང་སོ་ཡིན་པར་བཤད་ལ། བང་སོ་དེའི་མདུན་ཕྱོགས་ཀྱི་ལོགས་གཉིས་སུ་རྡོའི་སེང་གེ་རེ་ཡོད།
བྱང་ཕྱོགས་ཀྱི་རྡོའི་སེང་གེ་དེའི་གཡས་ལག་ཆག་པ་དང་། ལྷོ་ཕྱོགས་ཀྱི་རྡོའི་སེང་གེ་དེར་མགོ་བོ་མེད།
ལོ་ཟླའི་ཆར་རླུང་ཁྲོད་ན་འགྱིང་བའི་རྡོའི་སེང་གེ་དེ་གཉིས་ནི་ང་ཚོའི་ལོ་རྒྱུས་ཀྱི་ཆགས་འཇིག་མཚོན་པའི་དན་རྟགས་སུ་འཕྱོངས་རྒྱས་ཡུལ་དུ་བརྟན་ལྷང་ངེར་གནས་འདུག
ཆོས་འབྱུང་ལོ་རྒྱུས་དག་ལས་སྲོང་བཙན་གྱི་བང་སོ་ལས་གཞན་བཙན་པོ་རིམ་བྱོན་གྱི་བང་སོ་རྣམས་བོད་མིའི་ཁེང་ལོག་གི་སྐབས་སུ་བྲུས་པར་བཤད་ལ།
ད་ལྟ་ཡང་བང་སོའི་སྟེང་ནས་བྲུས་ཤུལ་གྱི་རྣམ་པ་གསལ་བོར་མཐོང་ཐུབ།ཞིག་རལ་དུ་གྱུར་པའི་བཙན་པོའི་བང་སོ་དེ་དག་ད་ལྟ་འབྲུ་དྲུག་གི་སྙེ་མའི་ཁྲོད་ན་ཁུ་སིམ་མེར།
མི་རིགས་འདིའི་ལྷིང་འཇགས་ཀྱི་གོམ་སྒྲ་ལ་ཉན་བཞིན། འདས་ཟིན་པའི་མདའ་མདུང་གི་ཟིར་སྒྲ་གླེང་།
རི་སྒང་བཞིན་བརྩིགས་པའི་བང་སོ་དེ་དག་ལས་ང་ཚོས་བཙན་པོ་རྣམས་ཀྱི་ཟིལ་ཤུགས་མཐོང་ཐུབ་ལ།
ཞིག་རལ་དུ་གྱུར་པའི་བང་སོ་དེ་དག་ལས་ང་ཚོས་ཉམས་དམའ་བའི་མི་རིགས་འདིའི་ལས་དབང་ཡང་རྟོགས་ཐུབ།
མི་མང་བོ་ཞིག་གི་བློ་ངོར་བང་སོ་ནི་བང་སོ་ཙམ་དུ་ཟད་མོད། དོན་ངོ་མར་དེ་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ལ།
ང་ཚོའི་གཟི་བྱིན་གྱི་འོད་སྣང་ཡང་ཡིན་པས། ང་ཚོས་ལོ་རྒྱུས་ལ་དོ་སྣང་དང་ཕ་མེས་ལ་བརྩི་བཀུར་བྱེད་ན། བཙན་པོའི་བང་སོ་ལ་བདག་གཉེར་དང་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་ནི་ཅི་འདྲའི་གལ་ཆེ་བ་ལ་ཨང་།