གྲགས་ཆེ་བའི་ཉི་ཧོང་གི་དེང་རབས་སྙན་ངག་པ་ཊ་ནེ་ཁ་བ་ཡི་སྙན་ངག་ཚན་པ་བཞི་ཡི་བོད་འགྱུར།
རྩོམ་མཁན་ཊ་ནེ་ཁ་བ།
ལོ་ཙཱ་ན་བུན། གཡུ་ཁོ།
ཊ་ནེ་ཁ་བ་(谷川 俊太郎 (༡༩༣༡)ནི་ཉི་ཧོང་རྒྱལ་ས་ཊོ་ཀེ་ཨོ་(東京市)རུ་སྐྱེས་ཤིང་། ཉི་ཧོང་གི་དེང་རབས་སྙན་ངག་མཁན་དང་ལོ་ཙཱ་བ་གྲགས་ཅན་ཞིག་རེད། རང་ལོ་༢༡ སྟེང་ནས་གསར་རྩོམ་དང་ཡིག་སྒྱུར་གྱི་ལམ་དུ་ཞུགས་ཤིང་། སྔ་རྗེས་སུ་ཁྱོན་སྙན་དེབ་༦༠ ལྷག་དང་། གཞས་ཚིག རི་མོ། འཁྲབ་གཞུང་། བྱིས་རྩོམ་མང་པོ་བརྩམས།
ཁོང་གི་གསར་རྩོམ་སྙན་ངག་མང་པོ་ཞིག་ལ་ཉི་ཧོང་བ་གཙོ་བའི་རྒྱལ་སྤྱིའི་ཀློག་པ་བོ་དང་རྩོམ་རིག་དཔྱད་བརྗོད་པས་གདེང་འཇོག་ཆེན་པོ་གནང་ཞིང་།
རྩོམ་དེབ་དང་འགྱུར་དེབ་ཁག་ཅིག་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གཟེངས་རྟགས་འབོར་ཆེན་ཐོབ།
ཁོང་ད་དུང་ནོ་བྷལ་རྩོམ་རིག་གཟེངས་རྟགས་ཀྱི་འོས་ཁུངས་སུ་མིང་འདོན་བྱས་མྱོང་ལ། མ་ཟད་ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་སུ་ཁོང་ལ་
“དྲག་ཏུ་འཕྱུར་བའི་སྙན་ངག་གི་མེ་རི་” ཞེས་པའི་ཆོ་ལོ་ཡང་བསྩལ་མྱོང་།
བརྩམས་ཆོས་གཙོ་བོ་སྙན་དེབ་<<འོད་ལོ་ཁྲག་ཁྲིག་གཉིས་ཀྱི་ཁེར་རྐྱང་།>>(二十億光年の孤独) དང་། གཞས་ཚིག་འགྱུར་དེབ་<<ཨ་མ་ངང་མོའི་གླུ་དབྱངས།>>(マザー・グースのうた)། ཡ་གླིང་གི་སྙན་རྩོམ་འགྱུར་དེབ་<<ཉིན་མོའི་ས་ཁྲ།>>(日々の地図)སོགས་ཡོད། གཞན་ཡང་རྩོམ་མཁན་ཁོང་གི་སྙན་དེབ་<<ཡིད་གདུང་གིས་འཕྱོ་བའི་གཙང་བོ།>>(メランコリーの川下り)ཞེས་པ་དབྱིན་སྐད་དུ་སྒྱུར་སྐྲུན་གནང་།
འགྲོ་བ་མི་ནི་གོ་ལ་ཆུང་ཆུང་ཞིག་གི་སྟེང་དུ།
གཉིད་ཉལ་ཏེ་ཡར་ལང་བ་དང་། དེ་ནས་འཚོ་བར་འཇུག་པ།
སྐབས་རེར། སྐར་མ་མིག་དམར་སྟེང་གི་མི་ལ་གྲོགས་སྒྲིག་པར་སྨོན།
མིག་དམར་སྟེང་གི་མི་ཡིས། རང་གི་གོ་ལ་ཆུང་ཆུང་སྟེང་དུ་ག་རེ་གནང་གི་ཡོད་དམ།
བདག་གིས་ཡེ་ནས་ཚོར་མ་སོང་།
༼ ཁོ་ཚོའང་གཉིད་ཉལ་ཏེ་ཡར་ལང་བ་དང་། དེ་ནས་འཚོ་བར་འཇུག་ཀྱང་སྲིད།
སྙན་ངག་གི་འཆར་ཡན།༽
ཡིན་ནའང་ཚོམ་མི་དགོས་པར།
ལན་རེར་ཁོ་ཚོས་ཀྱང་། སའི་གོ་ལའི་སྟེང་གི་མི་རྣམས་གྲོགས་སུ་སྡེབ་པར་འདོད་ངེས།
སའི་གོ་ལའི་འཐེན་ཤུགས་ནི།
ཕན་ཚུན་སྡེབ་བྱེད་དེ། ཁེར་རྐྱང་གི་སྟོགས་ཤུགས་རེད།
འཇིག་རྟེན་འཆོལ་གྱི་ཡོད་ཕྱིན།
ང་ཚོ་མི་ཚང་མས་ཕན་ཚུན་འཚོལ་ཞིང་།
འཇིག་རྟེན་ཇེ་ཆེར་འགྲོ་ཡི་ཡོད་གཤིས།
ང་ཚོ་ཚང་མ་མཚེར་སྣང་གིས་གཙེས།
འོད་ལོ་ཁྲག་ཁྲིག་གཉིས་ཀྱི་ཁེར་རྐྱང་ཁྲོད་ནས།
ང་གློ་བུར། སྣ་སྦྲིད་བྱུང་།
ང་སྐྱེས་དུས།
འདུས་རྡུལ་གཤེར་རྫས་ནང་བཞིན།
ང་ལ་མིང་ཡིག་མ་བྱུང་།
སྐབས་དེ་དག་ཏུ། སྣ་མཚུལ་དང་སྣ་མཚུལ་གཏུག་ནས། ང་རང་དབྱངས་ཡིག་ཁ་ཤས་ཀྱིས་གསོས་ཤིང་།
གསལ་བྱེད་དག་གིས། ང་ཡི་ཐོས་པ་འཛིན་དབང་བརྟོལ་ཏེ།
འཇིག་རྟེན་ཁམས་ནས། ང་འཐེན་ནས་བོས་བྱུང་།
འགུལ་ཞིང་སྐྱོམ་པའི་མཁའ་དབུགས།
འཇིམ་གཟུགས་སུ་བརྐོས་ཤིང་།
སྨྱུག་ཤོག་ངོས་ཀྱི་ཡི་གེ་དང་།
བྱེ་ཟེགས་སྟེང་གི་སྒྲ་རྡུལ།
ཐ་སྙད་དག ཙོང་པགས་ངོས་ལ་འཁོད་འདུག
གལ་ཏེ། ངས་མུ་མཐུད་ཤུན་པགས་བཀོག་ཚེ།
ང་འཇིག་རྟེན་གྱི་ཁམས་སུ་ཐོན་མི་སྲིད།
ཚིག་འབྲུ་མེད་པར། ཐོར་རླུང་ཁྲོད་ནས།
ང་རང་ཤུག་གླུ་གྱེར་བའི་གདུང་ཤིང་ཡིན་ན་བསམ་བྱུང་།
མི་ལོ་སྟོང་ཕྲག་གི་སྔ་རོལ་ནས། ང་རང་སྨུག་སྤྲིན་ཡིན་ན་བསམ་བྱུང་།
ང་རང་ཉ་ཆེན་འཁྱུག་པའི་གླུ་སྒྲ་ཡིན་པ་བསམ་བྱུང་།
ད་ལྟ། ང་རང་མིང་མེད་བྱིས་དུས་སུ་ཕྱིར་ལོག་ཀྱང་སྙམ།
སྐར་འོད་ཀྱི་མཛུབ་སྟོན་དང་།
བདག་གི་ཁ་རྣ་མིག་གསུམ་གྱི་གད་སྙིགས་ཁྲོད་ནས།
དབྱར་ཁ་ཚེས་དུས།
ཆ་ག་པ་སླར་ཡང་གྲགས་ཡོང་།
རྟེན་འབྲེལ་གྱི་ཤོག་སྦག ང་ཡི་ཕྱིར་དྲིན་ཀློང་དུ།
འཁྱགས་པ་ཆགས།
རྒྱང་རིང་གི་ཕ་ཡུལ།
རབ་རིབ་ཏུ་གྱུར་ཅིང་།
འཇིག་རྟེན་གྱི་ཁམས། ང་ཡི་སྣ་མཚུལ་མདུན་དུ་མངོན་བྱུང་།
ཇི་འདྲའི་མཚར་སྡུག་ཁྱད་འཕགས་ཤིག་ཨང་།
སུ་ཞིག འཆི་ཡང་སྲིད།
རྒྱབ་ཕྱོགས་སུ་བསྐྱུར་བ།
ཚིག་ཕྲད་འབའ་ཞིག
དེའི་རྗེས།
ཨ་མ། གཙང་བོ་དགོད་དོན་ཅི་རེད།
བུ་ཆུང་། ཉི་མས་གཙང་བོ་སྐམ་འགྲོ་བས་རེད།
ཨ་མ། གཙང་བོས་གླུ་དབྱངས་ལེན་དོན་ཅི་རེད།
བུ་ཆུང་། བྱེའུ་ཅོ་གས་གཙང་བོའི་སྐད་ངག་ལ་སྨོན་དྲག་པས་རེད།
ཨ་མ། གཙང་བོ་འཁྱགས་དོན་ཅི་རེད།
བུ་ཆུང་། དེ་ནི་ཐེངས་ཤིག་ཁ་བར་དུངས་པའི་ཕྱི་དྲན་རེད།
ཨ་མ། གཙང་བོ་ལོ་ན་ག་ཚོད་རེད།
བུ་ཆུང་། དེ་ནི་དཔྱིད་དུས་ཀྱི་ལང་ཚོ་དང་ན་ཚོད་གཅིག་པ་ཡིན་ངེས།
དེས་ན་ཨ་མ། གདོད་ནས་གཙང་བོས་ངལ་མི་གསོ་དོན་ཅི་རེད།
བུ་ཆུང་། རྒྱུ་མཚན་ཁྱེད་ལའང་གསལ་ཏེ།
ཨ་མ་མཚོ་མོས། གཙང་བོ་ཡུལ་ལ་ཐོན་པར་སྒུག་ཡོད་པས་རེད།